Xགློག་འོད་ནི་གསོ་རིག་སྟེང་དུ་Xའོད་འཕྲོའམ་Xའོད་ཐིག་ཀྱང་ཟེར་ཞིང་། དེ་ནི་ནད་ངོས་བཟུང་དང་བཅོས་ཐབས་ཕྱོགས་ལ་རྒྱུན་དུ་བཀོད་པའི་ཐབས་ཤེས་ཤིག་ཡིན། མིའི་ལུས་ཕུང་ལ་བརྟག་ཞིབ་བྱེད་དུས་Xགློག་འོད་བྲང་གཞུང་ལ་འོད་འཕྲོ་རུ་བཅུག་ནས། འཇུ་བྱེད་མ་ལག་དང་སྙིང་ཁམས་ཁྲག་རྩའི་མ་ལག་སོགས་ལ་ནད་ཡོད་ཚེ་རྒྱུན་དུ་Xའོད་འཕྲོ་ནས་བརྟག་ཞིབ་བྱེད་པ་ཡིན། ཡིན་ཡང་མི་ལ་ལས་ལུས་ཕུང་ལ་Xའོད་འཕྲོས་བརྟག་ཞིབ་བྱེད་དུས་ཐེ་ཚོམ་བྱས་ནས་དེས་མིའི་ལུས་ལ་གནོད་པ་ཡོད་མེད་ལ་འཛེམ་འདུག སྐྱེ་དངོས་ཕྲ་ཕུང་ལ་Xའོད་འཕྲོས་ན་གནོད་པ་ཅུང་ཙམ་ཡོད་ངེས་ཡིན། དེ་བས་ན་མིའི་ལུས་ལ་Xའོད་འཕྲོ་ཕོག་ན་སྐྱེ་དངོས་ཀྱི་ཚོར་སྣང་ངེས་ཅན་ཞིག་བྱུང་འདུག འོད་འཕྲོ་མང་དྲགས་ན་ལུས་ཁམས་ལ་གནོད་པ་མ་ཟད་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད། དེར་འོས་མཚམས་ཞིག་བཀོལ་ན་མི་ལུས་ཀྱི་བདེ་ཐང་ལ་གནོད་པ་མི་འབྱུང་། ནད་ལ་བརྟག་ཞིབ་བྱེད་དུས་འོད་འཕྲོ་དང་བརྙན་རུས་སོགས་ཀྱི་སྦྱོར་ཚད་ཆུང་ངོ་། གལ་ཏེ་ཐེངས་མང་པོར་བརྙན་རུས་དང་Xའོད་འཕྲོ་བྱ་དགོས་ན་སྨན་པས་དེ་ལ་བསམ་བློ་གཏོང་ངེས་ཡིན། ལྷག་པར་དུ་མཚམས་མཚམས་སུ་བྲང་གཞུང་ལ་བརྙན་རུས་ཕབ་པ་དང་། ཕོ་བ་ལ་བརྟག་ཞིབ་བྱེད་པ། རུས་པ་Xའོད་འཕྲོའི་བརྙན་དཔར་རྒྱག་པ་བཅས་ནི་ལུས་ཕུང་ལ་རྒྱུན་ལྡན་མིན་པའི་སྣང་ཚུལ་མི་འབྱུང་ངོ་། དེ་དང་མཉམ་དུ་འགོག་སྲུང་གི་ནུས་པ་མཐོར་འདེགས་བྱེད་ཆེད། བརྟག་ཞིབ་དང་གསོ་བཅོས་བྱེད་སྐབས་འོད་འཕྲོ་རྒྱག་མི་དགོས་བའི་གནས་ལ་དངོས་པོ་སོགས་བཀལ་ནས་འགོག་སྲུང་བྱེད་དགོས་པ་མ་ཟད། གློག་འོད་འཕྲོ་བའི་དུས་ཡུན་ཡང་འོས་མཚམས་ཇེ་ཐུང་དུ་གཏོང་དགོས། དེའི་རྐྱེན་དུ་སྨན་པས་Xའོད་འཕྲོས་ཞིབ་བཤེར་བྱེད་དུས་ཁྱེད་ཀྱི་སེམས་ཁུར་མང་པོ་བྱེད་མི་དགོས་སོ།