ཀ་ཆེན་བཞི་
བྲག་མར་པ་ལོ་ཙཱ་བའི་བརྒྱུད་འཛིན་སློབམའི་གཙོ་བོ་བཞི་ལ་ཟེར་ཞིང་དེ་ཡང་། ༡རྔོག་ཆོས་སྐུ་རྡོ་རྗེ་ནི་རྒྱུད་སྡེའི་བཤད་སྲོལ་གྱི་བཀའ་བབས། ༢་དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ་ནི་འཕོ་བའི་མན་ངག་གིབཀའ་བབས། ༣གཙང་རོང་གི་མེས་སྟོན་ཚོན་པོ་ནི་འོད་གསལ་མན་ངག་གི་བཀའ་བབས། ༤རྗེ་བཙུན་མི་ལ་རས་པ་ནི་སྒྲུབ་བརྒྱུད་ཀྱི་བསྟན་པའི་བཀའ་བབསབཅས་ཡིན་པར་མར་པ་དང་མི་ལ་རས་པ་ཀཉིས་ཀའི་རྣམ་ཐར་གྱི་ནང་དུ་གསལ།
ངོ་སྤྲོད།
རྩོམ་སྒྲིགལྷོ་བྲག་མར་བའི་སློབ་མ་མཆོག་གྱུར་བཞི་སྟེ། མི་ལ་རས་པའི་རྨི་ལམ་ལས་བྱུང་བ་ཞིག་ཡིན། མར་བ་ལོ་ཙཱ་བས་མི་ལའི་རྨི་ལམ་བརྡ་བཀྲོལ་ལས། ཤར་དུ་ཀ་ཆེན་བཙུགས་པ་དེ། དོལ་གྱི་མཚུར་སྟོན་དབང་ངེ་ཡིན། ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། ཁོ་མི་གཞི་སེང་གེ་དང་འདྲ་བ་ཡིན། སེང་གཡུ་རལ་མཐའ་ནས་རྒྱས་པ་དེ། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། ཞེས་དང་། ལྷོ་རུ་ཀ་ཆེན་བཙུགས་པ་དེ། གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། ཀ་ཐོག་ཏུ་སྟག་མོ་ངར་བ་དེ། ཁོ་མི་གཞི་སྟག་དང་འདྲ་བ་ཡིན། སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། ཞེས་དང་། ནུབ་ཏུ་ཀ་ཆེན་བཙུགས་པ་དེ། གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་དེ། ཁོ་མི་གཞི་ཁྱུང་དང་འདྲ་བ་ཡིན། ཁྱུང་གཤོག་མཐའ་ནས་རྒྱས་པ་དེ། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། ཞེས་དང་། བྱང་དུ་ཀ་ཆེན་བཙུགས་པ་དེ། གུང་ཐང་གི་མི་ལ་རས་པ་ཡིན། ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། ཁོ་མི་གཞི་རྒོད་དང་འདྲ་བ་ཡིན། རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། ཞེས་སོགས་སོ། །
ཤར་གྱི་ཀ་ཆེན།
རྩོམ་སྒྲིགཤར་གྱི་ཀ་ཆེན་དོལ་གྱི་མཚུར་སྟོན་དབང་ངེ་། བླ་མ་མར་བའི་བཤད་པའི་ཀ་ཆེན་འདེགས་པའི་སློབ་མའི་གཙོ་བོ་ཞིག་ཡིན། ཡུལ་དོལ་མདའ། གདུང་མཚུར། ཡབ་སྔགས་པ་ཤིན་ཏུ་མཐུ་ཆེ་བ་ཞིག་གི་སྲས་སུ་འཁྲུངས། དགེ་བཤེས་ལྕེ་པ་སོགས་ལས་བརྩོན་འགྲུས་ཆེན་པོས་སློབ་གཉེར་གནང་བས་མཁས་པར་ཆགས། སྐུ་བསོད་རྒྱས། འབུམ་བཞེངས་པའི་ཡིག་མཁན་དང་ལབ་གླེང་གནང་སྐབས། ད་ལྟ་གསང་བ་འདུས་པ་ལ་མཁས་པ་སུ་ཡོད་དྲིས་པས། ཡིག་མཁན་གྱིས་ང་ཚོས་ཐོས་པ་ལྟར་ན་ལྷོ་བྲག་མར་བ་ལས་མཁས་པ་མེད་ཟེར། དེ་ནས་ཁོང་ལྷོ་བྲག་ཏུ་བྱོན་ནས་བླ་མ་མར་བའི་སློབ་མར་གྱུར། སྐུ་དགྲ་མོན་ནག་མཐུ་ཡིས་བཏུལ། དེས་ཐུགས་མཉེས་པའི་ཚུལ་གྱིས་ཆོས་གནང་ཞིང་རྗེས་སུ་རྫོགས་པར་གནང་བ་ཞལ་བཞེས། རྗེས་སུ་བླ་མ་མར་བ་དོལ་མདའ་རུ་རང་གི་གནས་སུ་གདན་དྲངས་ཏེ་དཔལ་གསང་བ་འདུས་པའི་ཆོས་རིམ་ལྔའི་མན་ངག་དང་། རྒྱུད་རྐྱང་གི་བཤད་པ་ཡོངས་རྫོགས་གནང་། དེ་ལ་སློབ་མའི་གཙོ་བོ་ཁམས་པ་རོ་མཉམ་རྡོ་རྗེ་དང་། མཁོན་གད་པ་ཀཱིརྟི། མཆིམས་སྟོན་བསོད་ནམས་རྒྱལ་མཚན་སོགས་ཡིན་ལ། མངའ་བདག་མར་བའི་ཆོས་བརྒྱུད་འཛིན་ཞིང་འཆད་ཉན་གྱི་ཕྲིན་ལས་པ་གཙོ་བོ་ཞིག་ཏུ་གྱུར།
ལྷོ་ཡི་ཀ་ཆེན།
རྩོམ་སྒྲིགལྷོ་ཡི་ཀ་ཆེན་གཞུང་གི་རྔོག་སྟོན་ཆོས་རྡོར། འཁྲུངས་འདས་ཀྱི་ལོ་ཚིགས་མ་རྙེད། བླ་མ་མར་བའི་བཤད་པའི་ཀ་ཆེན་འདེགས་པའི་སློབ་མའི་གཙོ་བོ་ཞིག་ཡིན། དེབ་སྔོན་ལས་གསལ་བ་ལྟར་ན། རྔོག་གི་དང་པོ་རྟ་བཟང་བོ་ཞིག་ཕྱག་རྟེན་དུ་བསྣམས་ནས་ལྷོ་བྲག་ཏུ་བླ་མ་མར་བར་མཇལ་བ་ལ། བླ་མས་ཁྱོད་འདི་ཆོས་ཞུ་བའི་ཞུ་རྟེན་ཡིན་ན་ནི་ཆུང་། ཞལ་མཇལ་བའི་རྟེན་ཡིན་ན་ནི་ཆེ་ཞེས་གསུངས། དེར་དབང་དང་གདམས་ངག་འགའ་རེ་གནང་ཞིང་། ཕྱིས་རི་བོར་སྤྱན་དྲངས་ཏེ་འབྲི་གནག་བདུན་ཅུ་དང་། སྦྲ། ཁྱི། ཤེ་མ། ཟོ་བ་གཅིག་བཅས་ཕུལ་ཏེ་ཆོས་ཞུས་པས། དེ་ལ་ཀྱེ་རྡོ་རྗེ། བཤད་པའི་རྒྱུད་གུར། དཔལ་གདན་བཞི་བ། མ་ཧཱ་མཱ་ཡཱ་རྣམས་གནང་། ཟབ་ཁྲིད་ཀྱིས་ཀྱང་བསྐྱངས་པར་མར་ལུགས་རྒྱུད་སྡེ་སྤེལ་བའི་ཕྲིན་ལས་པ་གཙོ་བོ་ཞིག་ཏུ་གྱུར།
ནུབ་ཀྱི་ཀ་ཆེན།
རྩོམ་སྒྲིགནུབ་ཀྱི་ཀ་ཆེན་གཙང་རོང་གི་མེས་སྟོན་ཚོན་པོ། བླ་མ་མར་བའི་བཤད་པའི་ཀ་ཆེན་འདེགས་པའི་སློབ་མའི་གཙོ་བོ་ཞིག་ཡིན། མྱང་སྟོད་སྟག་ཚལ་དུ་སྐུ་འཁྲུངས། མཚན་བསོད་ནམས་རྒྱལ་མཚན་གསོལ། གདན་ས་དོ་བཏབ། རྗེ་བླ་མ་མར་བ་ལ་འབུལ་མོ་ཆེ་ལན་གསུམ་མཛད་ཅིང་ཞབས་ཏོག་གིས་མཉེས་པར་མཛད། རྒྱུད་བརྟག་གཉིས་དང་། མ་ཧཱ་མཱ་ཡཱ་སོགས་གདམས་ངག་མཐའ་ཡས་པ་གནང་། བརྟག་གཉིས་ཀ་ཊཱིཀ་མཛད། བདེ་དགྱེས་གསང་གསུམ་དང་། མཱ་ཡཱ། ཐོད་པ་རྣམས་ཀྱི་བཤད་གྲྭ་བཙུགས། སློབ་མ་ཡང་ཞང་བསོད་ནམས་ནམ་མཁའ་སོགས་གྲུབ་ཐོབ་དུ་མ་བསྐྱངས་ཏེ་མངའ་བདག་མར་བའི་ཕྲིན་ལས་པ་གཙོ་བོར་གྱུར།
བྱང་གི་ཀ་ཆེན།
རྩོམ་སྒྲིགབྱང་གི་ཀ་ཆེན་གུང་ཐང་གི་མི་ལ་རས་པ། མངའ་བདག་མར་བ་ལོ་ཙཱ་བའི་སྒྲུབ་པའི་ཀ་ཆེན་འདེགས་པའི་སློབ་མའི་གཙོ་བོ་ཡིན། རབ་བྱུང་དང་བོའི་ལྕགས་འབྲུག་སྤྱི་ལོ1040ལོར་སྟོད་མངའ་རིས་གུང་ཐང་དུ་སྐུ་འཁྲུངས། ཆུང་དུས་ན་ཨ་ཁུ་དང་། ཨ་ནེའི་བྲན་དུ་དཀའ་སྡུག་ཚད་མེད་མྱོང་བའི་སྟབས་ཀྱིས་ཨ་མའི་བཀའ་བཞིན་བླ་མ་གཡུང་སྟོན་ཁྲོ་རྒྱལ་ལས་མཐུ་བསླབས་པས་ཚེགས་མེད་གྲུབ། མཐུ་གཏད་ཀྱི་སྒོ་ནས་ཨ་ཁུ་དང་ཨ་ནེ་ལ་ངན་ལན་སློག ཡུལ་དུ་སེར་བ་ཕབ་སྟེ་མུ་གེའི་རྐྱེན་བྱས་པ་སོགས་སྐུ་ཚེ་སྟོད་ལ་མི་དགེ་བ་མང་བོ་བསགས། དེར་ངེས་འབྱུང་སྐྱེས་ནས་བླ་མ་མར་བ་བསྟེན། དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་བླ་མའི་བཀའ་བཞིན་སྒྲིབ་སྦྱོང་སྒོམ་སྒྲུབ་བྱས་པས་ཚེ་གཅིག་ལུས་གཅིག་ལ་གྲུབ་པའི་གོ་འཕང་ཐོབ། མཐར་རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ1123ལོར་སྐུ་གཤེགས་ཚུལ་སོགས་རྒྱས་པ་མི་ལའི་རྣམ་ཐར་ལས་གསལ་བ་བཞིན་ནོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།