ཀ་ནི་ཀ་
རྒྱལ་པོ་ཀ་ཎི་ཤྐ་བཅས་འབྲི་སྟངས་མིའདྲ་བ་ཁ་ཤས་བྱུང་ཞིང་། དོན་དུ་རྒྱ་གར་ནུབ་ཕྱོགས་ཁ་ཆེ་ཛལནྡྷ་རའི་ཡུལ་གྱི་རྒྱལ་པོ་སྟོབས་ཆེན་ཞིག་ཡིན་པར་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》ལེའུ་བཅུ་གསུམ་པ་ལས་བཤད། 《དེབ་ཐེར་སྔོན་པོ》སྟོད་ཆགྲངས༤༧བསྟན་པའི་གཏད་རབས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་ལུང་དྲངས་པར། བར་སྐབས་དེརབཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོསུམ་བརྒྱ་ལོན་ཏེ་ཞེས་པ་ནས། དགེ་འདུན་ལ་ཕུལ་ལོཞེས་པའི་བར་དེར་བརྟགས་ན། རྒྱལ་པོ་ཀ་ནི་ཤྐ་ནིསངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་འདས་པ་ན་བྱུང་བར་བཤད་ཅིང་། 《མཁས་པའི་དགའ་སྟོན》ལས་ཀྱང་དེ་དང་མཐུན་པར་གསུངས། 《ལུང་ཕྲན་ཚེགས》ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་རྒྱལ་པོ་ཀ་ནིཤྐས་སྲིད་སྐྱོང་བའི་དུས་སུ་བཀའ་བསྡུ་གསུམ་པ་བྱས་པར་བཤད། མཁས་དབང་དགེ་འདུན་ཆོསའཕེལ་གྱིས་མཛད་པའི《གཏམ་རྒྱུད་གསེར་ཐང》ཤོགགྲངས༣༡༤ལས། ཀུ་ཤ་ནའི་རིགས་ལས་རྒྱལ་རབས་དང་པོ་ཀ་ད་ལི་ཤ་བྱ་བས་སངས་རྒྱས་འདས་རྗེས་ཀྱི་ལོ་དྲུགབརྒྱ་པའི་ཕྱེད་སྔ་མའི་ནང་དུ་སྲིད་དབང་བཟུང་བ་དང་། དེ་རྗེས་རྒྱལ་རབས་གཉིས་པ་རྒྱལ་པོ་སྔོན་མ་དེ་དང་མིངའདྲ་བ་ཞིག་གིས་སྲིད་དབང་བཟུང་། རྒྱལ་པོ་ཀ་ནིཤྐ་ནི་རྒྱལ་རབས་གསུམ་པ་ཡིན་པར་གསུངས། བོད་ཀྱི་ལོ་རྒྱུས་མང་ཆེ་བར་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་རྒྱལ་པོ་ཀ་ནིཤྐའི་དུས་སུ་བཀའ་བསྡུ་གསུམ་པ་བྱས་པར་བཤད་པ་དང་བསྡུར་ན་ལོ་གྲངས་རགས་པ་མཐུན་ཤས་ཆེ་བར་འདུགཕྱི་རྒྱལ་གྱི་མཁས་པ་འགའ་ཞིག་གིས་སངས་རྒྱས་འདས་ནས་ལོ་དྲུག་བརྒྱ་དང་ཉེར་གཉིས་པ་སྤྱི་ལོ༧༩ལོར་རྒྱལ་པོ་ཀ་ནི་ཤྐས་སྲིད་དབང་བཟུང་བ་དང་། དེ་ནས་བཟུང་ཤཀྱའི་ལོ་རབས་ཞེས་པ་འགོ་ཚུགས་པ་ཡིན་ཟེར། ཕྱི་རྒྱལ་དུ་བཞུགས་པའི་བོད་ཀྱི་མཁས་པ་འགའ་ཞིག་གིས་སྤྱི་ལོའི་དུས་རབས་གཉིས་པའི་སྟོད་ཙམ་ལ་ཆོས་རྒྱལ་ཀ་ནིཤྐས་ཀུ་ཤ་ནའི་རྒྱལ་རྒྱུད་གཏོར་ནས་ཡ་གླིང་དཀྱིལ་མ་དང་། ཨབ་གྷ་ནི་སི་ཐན། རྒྱ་གར་གྱི་ནུབ་བྱང་དང་བྱང་ཕྱོགས་ལི་ཡུལ་བཅས་མངའ་འོག་ཏུ་བསྡུས་པའི་རྒྱལ་ཁབ་སྟོབས་ཆེན་ཞིག་བཙུགས། རྒྱལ་རབས་འདི་ཉིད་རྒྱ་གར་གྱི་ལོ་རྒྱུས་ཐོག་ཆོས་རྒྱལ་མྱ་ངན་མེད་ཀྱི་རྗེས་སུ་རྒྱལ་རབས་འདི་ལས་སྟོབས་ཆེ་བ་བྱུང་མ་མྱོང་བ་བཅས་ཀྱིབཤད་ཚུལ་མི་འདྲ་བ་ཡོད་པ་འདིར་དཔྱད་གཞིར་བཀོད། རྒྱལ་པོ་འདིའི་རྒྱལ་ས་ནི་རྒྱ་ཀར་ནུབ་ཕྱོགས་ཀྱི་གྲོང་ཁྱེརརྡོ་འཇོག་གི་ནུབ་ཕྱོགས་དང་ཐཀ་མི་རིང་བའི་ས་ན་ཡོདཔར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《གཏམརྒྱུད་གསེར་ཐང》ལས་གསུངས། རྒྱལ་པོ་འདིའི་དུས་སུཐེག་པ་ཆེ་ཆུང་གཉིས་ཀ་དར་རྒྱས་ཆེ་ཞིང་རྒྱལ་པོ་རང་ཉིད་ཀྱང་ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་ལ་དད་གུས་ཡོད་པ་དང་། ཀ་ནི་ཤྐའི་གཙུག་ལག་ཁང་སོགས་གཙུག་ལགཁང་མང་པོ་བརྩིགས་པའི་ནང་ནས་རྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་ནི་བོད་དུ་ཡང་གྲགས་ཆེ། རྒྱལ་པོ་འདིས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་རྩིབས་ལོགས་སོགས་ཀྱིས་གཙོ་བོ་མཛད་པའི་དགྲ་བཅོམ་པ་ལྔ་བརྒྱར་གཅིགགིས་མ་ཚང་བས་བཀའ་བསྡུ་ཐ་མ་དེ་བྱས་པ་དང་། རྒྱལ་པོ་རང་ཉིད་ཁྲི་ལོ་གཉིས་པའི་དུས་སུ་བཟོས་པའི་ཁ་བྱངཅན་གྱི་རྡོ་སྐུ་ཞིག་དང་། ཀརྴ་པཱ་ན་བཅས་བཅོམ་བརླག་གི་ཡུལ་ནས་རྙེད་པ་དངོས་སུ་གཟིགས་ཚུལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《གཏམ་རྒྱུད་གསེར་ཐང》ལས་གསུངས་འདུག །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།