ཀཀྞི་སྒོ་བཞི་དང་མན་ཐང་སེར་པོ་

ལྷ་ས་གྲོང་ཁྱེར་གྱི་བར་སྐོར་བྱང་ངོས་ཁྲོམ་ལམ་གྱི་སྣང་རྩེ་ཤག་ལས་ཁུངས་ཀྱི་གཡོན་ངོས་སུ་ཡོད་པའི་མཆོད་རྟེན་ཆེན་པོ་ཕྱོགས་བཞི་ཀར་སྒོ་གཏོད་པ་དེ་ཡིན། མཆོད་རྟེན་འདི་ཐོག་མར་བྱུང་བའི་དུས་ཚོད་ནམ་ཡིན་སྐོར་དཔྱད་གཞིའི་ཡིག་ཆ་མ་མཐོང་ཡང་དེ་སྔོན་དུས་རབས་བཅུ་བཞི་པའི་འགོར་བྱོནཔའི་ཀུན་མཁྱེན་ཀློང་ཆེན་པ་དགུང་ལོ་ཉི་ཤུ་ལྷག་ཙམ་གྱི༌དུས་ལྷ་སར་གཙུག་ལག་ཁང་དུ་གནས་གཟིགས་ཕེབས་སྐབས། ཀཀྞི་སྒོ་བཞིའི་མཆོད་རྟེན་གྱི་ཐད་དུ་མ་གཅིག་ལབ་ཀྱི་སྒྲོན་མེའི་ཞལ་གཟིགས་བྱུང་ཚུལ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལྷ་སར་གནས་གཟིགས་ལ་ཕེབས་ཐེངས་གཉིས་པའི་སྐབས་ལོ་གཅིག་རིང་མཆོད་རྟེན་འདིའི་འགྲམ༌དུ་སྤྲང་པོའི་ཚུལ་མཛད་ནས་བཞུགས་ཚུལ། དམ་པ་གཉིས་ཀའི་རྣམ་ཐར་ནང་གསལ་བར་འཁོད་པ་ལྟར་ནམཆོད་རྟེན་འདི་སྐབས་དེ་དུས་ནས་ཡོད་པ་མཐོང་ཐུབ། དམངས་ཁྲོད་ཀྱི་ངག་རྒྱུན་དུ་མཆོད་རྟེན་འདིའི་གཟུངས་ཀྱི་ནང་ཚོང་དཔོན་ནོར་བུ་བཟང་པོའི་དབུ་ཐོད་དང་རྒྱན་ཆ༌སོགསཡོད་པར་བརྟེན་ལྷ་ས་གྲོང་ཁྱེར་གྱི་ནང་འཛམ་གླིང་གི་ཚོང་ཟོག་སྣ་འཛོམས་འདུས་ཐུབ་པ་བྱུང་བ་རེད་ཅེས་ཤོད་སྲོལ་འདུག་ཀྱང་། རྗེས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ(༡༩༤༥)ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་ནས་ཉམས་གསོ་བྱས་སྐབས་གཟུངས་འབུལ་དང་རབ་གནས་ལ་ཕེབས་མྱོང་བའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་རང་རྣམ་ནང་གསུངས་དོན་དུ། མཆོད་རྟེན་འདིའི་ནང་རྩ་ཆེའི་རྟེན་མང་པོ་ཡོད་ཚུལ་དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཤོད་སྲོལ་ཡོད་རུང་དེ་རིགས་གང་ཡང་མེད་པར་བརྟེན་རྣམ་སྲས་དང་ཛམ་བྷ་ལ་སོགས་ནོར་ལྷ་ཁག་ཀི་བུམ་གཏེར་གཟུངས་སུ་ཕུལ་ཞེས་གསལ་བས། མཆོད་རྟེན་འདིརཉམས་ཆག་ཐེངས་འགའ་ཞིག་བྱུང་ཡོད་ངེས་སྙམ། གཞན་ཡང་འཕན་པོ་དབུ་རུ་ལུང་ཤང་གི་ཁོངས་སུ་བྲག་སྟེང་ཞིག་ལ་ཀཀྞི་སྒོ་བཞི་ཞེས་པའི་མཁར་ཤུལ་ཞིག་ཡོད་པ་དེ་བོད་སིལ་བུའི་དུས་སྐབས་སུ་བརྩིགས་པའི་མཁར་རྫོང་ཞིག་ཡིན་སྐད་དང་། སྒོ་བཞི་ཞེས་པ་ནི་མཁར་རྫོང་དེའི་ལྕགས་རིར་སྒོ་བཞི་ཡོད་པའི་གོ་དོན་ཡིན་འདུག། མཆོད་རྟེན་དེའི་བྱང་ངོས་སུ་མི་དབང་འཁོར་ཆེན་ཞེས་པའི་མ་ཎི་ལྷ་ཁང་སེར་པོ་ཞིག་ཡོད་པ་དེ་དུས་རབས་བཅོ་བརྒྱད་པའི་ནང་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་སྐད།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།