རྒྱ་གར་གྱི་ལྷོ་ཕྱོགས་ཊྲི་ལིངྐ་ཞེས་འབོད་པའི་ཡུལ༌ཏེ་སྔོན་དུས་སུ་གུཔྟའི་རྒྱལཁབ་ཀྱི་ཁོངས་སུ་ཡོད་པའི་བློན༌པོ་ཞིག་གིས་གུཔྟའི་རྒྱལ་ཁབ་སྟོབས་ཤུགས་ཉམས་རྗེས་གུཔྟའི་རྒྱལ་ཁབ་ཀྱི་ཁོངས་ནས་ལོགས་སུ་ཐོན་ཏེ་པ་ལ་ཝ་ཞེས་པའི་རྒྱལ་རབས་བཙུགས་ཤིང་། ན་ར་སིང་ཧ་ཝརྨ་ན༌དང་པོའི་སྐབས་རྒྱལ་ཁབ་དེ་ཡི་མངའ་ཁོངས་རྒྱ་ཆེར་གྱུར༌ནས་རྒྱལ་ས་ཀཉྩི་པུར་ལ་གནས་གཞི་བཅས་པས་གྲོང་ཁྱེར༌དེའི་མིང་ལ་ཀཉྩི་པུ་ར་ཟེར། སློབ་དཔོན་ཐང་སན་ཙང་གི་ལམ་ཡིག་བོད་སྐད་དུ་བསྒྱུར་བ་ལས། ཡུལ་དེར་གཙུག་ལག་ཁང་བརྒྱ་དང་གཅིག་ཙམ་ལ་དགེ་འདུན་ཆིག་ཁྲི་ལྷག་བཞུགས་པ་ཐམས་ཅད་གནས་བརྟན་སྡེ་པ་ཁོ་ན་ཡིན་པ་དང་། མུ་སྟེགས་པའི་ལྷ་ཁང་བཅུ་ལྷག་ལ་ཕྱི་རོལ་གཅེར་བུ་བ་མང་ཙམ་གནས་ཤིང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ཕེབས་བཞུགས་མཛད་པའི་གནས་གང་ཡོད་སར་རྒྱལ་པོ་མྱ་ངན་མེད་ཀྱི་མཆོད་རྟེན་རེ་བཞེངས་ཡོད་པ་དང་། ཡུལ་དེ་ནི་བྱང་ཆུབ་སེམས་དཔའ་དཔལ་ལྡན་ཆོས་སྐྱོང་(གྲུབ་ཆེན་བིར་ཝ་པ)གི་འཁྲུངས་ཡུལ་ཡིན་ཞེས་གསུངས་འདུག་གོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།