ཀན་གྲུའུ་མཁར་
(甘州)ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་པའི་གནའ་བོའི་མཁར་རྙིང་པ་ཞིག་སྟེ། 《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༡༤༧ལས། ལང་གྲུ་ནས་ནུབ་བྱང་ཕྱོགས་སུ་ཉིན་ལམ་དྲུག་བདུན་གྱི་ས་ན་ཡོད་པ་དང་། དེར་གོང་མའི་བློན་ཆེན་ཀན་གྲུ་ཐི་ཏུ་ཞིག་གིས་རྒྱལ་དབང་བསོད་ནམས་རྒྱ་མཚོ་གདན་དྲངས། དམག་དཔུང་ཁྲི་བཅུ་གསུམ་ཙམ་གྱིས་ཕེབས་བསུ་ཞུས་པ་དང་ཆོས་གསུངས་པ་སོགས་གསལ་ཞིང་། མཁར་འདིའི་ནང་དུ་ཐུབ་དབང་མྱང་འདས་ཀྱི་སྐུ་ཤིན་ཏུ་ཆེ་བ་ཞིག་དང་ས་སྐྱ་པཎ་ཆེན་གྱི་ཕྱག་རྗེས་དང་ཞབས་རྗེས་སོགས་མཇལ་རྒྱུ་ཡོད་པ་དང་། མཁར་འདི་ནས་ཉིན་ལམ་ཙམ་གྱི་ས་ན་སྒྲོལ་མ་ལྷ་ཁང་དང་། རྟ་མགྲིན་ལྷ་ཁང་། རྒྱལ་པོ་ལྕགས་འབར་གྱིས་ཀླུ་བདུད་བཏུལ་བའི་རལ་གྲི་ནང་གཟུངས་སུ་བཞུགས་པའི་མཆོད་རྟེན། བྲག་ལྡེབས་སུ་ལྷ་ཁང་ཉི་ཤུ་རྩ་ལྔ། མི་ཉག་རྒྱལ་པོའི་མཆོད་སྡོང་དུ་གྲགས་པའི་བྲག་རི་ཆེན་པོའི་མདུན་ངོས་རྩིག་པ་ལ་ཞལ་བ་བྱས་པ་ལྟ་བུ་སོགས་ཡོད་པར་གསུངས་ཞིང་། ཞིབ་པར་གོང་གསལ་ཆོས་འབྱུང་དེའི་ཤོག་གྲངས༡༤༡ནས་༡༤༨བར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།