ཀམ་ཀམ་པ་དོན་གྲུབ་དཔལ་
འདི་ནི་ལོ་རྒྱུས་ཡིག་ཆ་གཞན་དག་གི་ནང་སྤྱན་སྔ་དོན་གྲུབ་དཔལ་བ་ཞེས་གསལ་བ་དེ་ཡིན། འཕན་ཡུལ་ཀླུ་གོང་དུ་རབ་བྱུང་དྲུག་པའི་ཤིངསྦྲུལ(༡༣༦༥)ལོར་སྐུ་འཁྲུངས། དགུང་ལོ་དགུ་ལ་ཀློག་ཡིག་བསླབས་པས་མཁས་པར་མཁྱེན། དགུང་ལོ་བཅུ་གསུམ་པ་ལ་མཁན་ཆེན་བློ་བཟང་པ་དང་། སློབ་དཔོན་གུ་རུ་བ་གཉིས་ལས་རབ་ཏུ་བྱུང་། མཁན་ཆེན་པ་རྩ་བའི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་མཁན་ཆེན་ཤཱཀྱ་མི་ཏྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གཞན་ཡང་གསང་ཕུ་བ་བློ་གྲོས་བརྟན་པ་དང་། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་འཛིན་པ་གཞོན་ནུ་རྒྱལ་མཚན། སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོ། ཀུན་སྤངས་ཡེ་ཤེས་རྒྱལ་མཚན་སོགས་བླ་མ་མང་དུ་བསྟེན། དགུང་ལོ་ཉི་ཤུ་རྩ་གསུམ་པ་ལ་ཀམ་ཀམ་གྱི་གདན་སར་ཕེབས། དགུང་ལོ་སུམ་ཅུ་སོ་གཅིག་པ་རབ་བྱུང་བདུན་པའི་མེ་བྱ(༡༤༡༧)ལོར《ཀམ་ཀམ་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད》བརྩམས་ཞེས་སུམ་པ་མཁན་ཆེན་གྱི《ཆོས་འབྱུང་དཔག་བསམ་ལྗོན་བཟང》གི་བསྟན་རྩིས་རེའུ་མིག་ཏུ་གསལ། དགུང་ལོ་ཇི་ཙམ་བཞུགས་མིན་ཆོས་འབྱུང་ཁག་ཏུ་མི་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།