ཀམ་ལོག་དགོན་བསམ་གཏན་གླིང་

(བཀའ་མ་ལོག)མཚོ་སྔོན་ཙོང་ཆུའི་ལྷོ་རྒྱུད་དུ་སྔར་བཙན་པོ་སྲོང་བཙན་སྒམ་པོ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བོད་ས་གནས་ཀྱི་ཕྱོགས་བཞིར་སྲུང་དམག་བཞག་བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་རྗེས་དམག་དཔུང་གི་ནང་ནས་དཔའ་བོ་མི་དགུ་དམག་དང་བཅས་པ་ས་གནས་དེར་སྲུང་དམག་ལ་བཞག་པ་ལས་ཁོ་ཚོར་བཙན་པོའི་བཀའ་མ་བྱུང་བར་དུ་མ་ལོག་པར་སྡོད་ཅིག་ཅེས་བཀའ་ཕབ་པ་ལ་སྡེ་དང་གཞིས་ཆགས་པའི་གནས་ཡིན་པས་དཔའ་བོ་མི་དགུའི་མི་རྒྱུད་ལ་བཀའ་མ་ལོག་ཅེས་མིང་ཐོགས་ཤིང་། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལིའི་ནང་བློན་སང་གྷ་ཆིང་སང་ཡང་བཀའ་མ་ལོག་གི་མི་རྒྱུད་ཡིན་པ་དང་། དེའི་རུས་རྒྱུད་ལས་ཆད་པའི་སྡེ་ཚོ་མང་པོ་མཚོ་སྔོན་དུ་ཡོད་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྐྱར་པོ་དཀའ་བཅུ་ངག་དབང་དཔལ་མགོན་དང་དར་ཧན་ཆོས་རྗེ་ངག་དབང་དཔལ་འབྱོར་གཉིས་ལ་བཀའ་མངགས་གནང་བ་ལྟར་སྟག་ལོ་ལ་དགོན་པ་འདི་བཏབ། བླ་མ་མི་ཉག་པས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་འཆད་ཉན་བཙུགས། སྐབས་དེར་གྲྭ་གྲངས་སུམ་བརྒྱ་སྐོར་ཡོད་པ་རྣམས་ཀྱི་གྲྭ་རྒྱུན་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་འགྲོ་སྲོལ་ཡོད། གོང་གསལ་ལོ་རྒྱུས་རྣམས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《བེ་སེར》ཤིང་དཔར་གྱི་ཤོག་གྲངས༢༧༠པ་དང་། 《མདོ་སྨད་ཆོས་འབྱུང》ཤོགགྲངས༢༢༤པ་བཅས་ནས་གནད་བསྡུས་བཀོད་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།