ཀརྨ་གན་དྲིལ་
གོང་དུ་ཀརྨ་གན་དཀར་གྱི་སྐབས་སུ་བཤད་པ་ལྟར་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་ལ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་རྒྱ་བཟོས་དྲིལ་བུ་རྡོ་རྗེ་བཅས་ཆ་ཚང་སྤུས་སྒམ་རང་འགྲིགས་ཡོད་པ་དེ་གྲས་མང་པོ་ཞིག་ཕུལ་ཚུལ་རྣམ་ཐར་དུ་གསལ་བ་དེ་གྲས་ལ་ཟེར་ཞིང་། ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི《རིན་པོ་ཆེ་བརྟག་པའི་གཏམ》ཞེས་པ་ལས། རྒྱ་ནག་ཏཱ་མིང་སྐབསཐོན་པའི་དྲིལ་བུ་རབ་འབྲིང་གསུམ་ཡོད་པ་དང་། ལུགས་ཁ་གཙང་ལ་འཇམ་ཤ་དོད་པ། ཁ་སྦུབ་འཐུག་ཅིང་མདོག་ནག་པ། རི་མོ་ཞིབ་ཚགས་ཆེ་བ། སྐད་སྙན་པ། ཆེ་ཆུང་བོད་དྲིལ་རྙིང་མ་ལས་ཕྲན་ཙམ་ཆེ་བ། རྩེ་རྡོར་གསེར་དང་རག་ལ་ཚ་གསེར་བཏང་བ། རག་ཚ་གསེར་མེད་པ་བཅས་སྣ་ཚོགས་ཡོད་ཅིང་། ཏཱ་མིང་གན་དྲིལ་དཀྱུས་མ་ནི་ལུགས་ཁ་ཧ་ཅང་གཙང་མ་རང་མེད་ཐོག། དབྱིབས་ཙོག་ཙམ་ཙོང་བ། སྐད་གསང་བ། དྲིལ་བུ་ཚང་མར་ཐོད་རྒྱར་རྒྱལ་བ་རིགས་ལྔའི་ས་བོན་རྣམས་རྒྱ་གར་གྱི་ཡི་གེ་ལཉྪ་བྱས་པ་ཞིག་ཡོད་པར་གསུངས་པ་ལྟར། དེ་སྔོན་རིག་གནས་གསར་བརྗེའི་གོང་དུ་ཀོང་པོ་ཁུལ་གྱི་དགོན་པ་རྙིང་གྲས་ལ་རེ་གཉིས་ཡོད་པ་བདག་གིས་དངོས་སུ་མཐོང་མྱོང་། ད་དུང་ཡང་རེ་གཉིས་མཐོང་རྒྱུ་ཡོད་སྲིད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།