ཀརྨ་པ་དེ་བཞིན་གཤེགས་པ་
(ཀརྨ་པ་སྐུ་ཕྲེང་ལྔ་པ)འཁྲུངས་ཡུལ་ནི་ཉང་པོ་ལོང་པོ་ཀོང་པོ་གསུམ་གྱི་ཉང་པོ་ཁོང་ཉང་འདམ(དེང་སང་རྒྱ་མདའ་རྫོང་ཁོངས)དུ་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་ཡབ་སྔགས་པ་གུ་རུ་རིན་ཆེན་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ང་ཀརྨ་པཀྴི་ཡིན་ཞེས་ཞལ་བཞེས་གནང་བ་སོགས་ཀརྨ་པའི་ཡང་སྤྲུལ་ཡིན་པའི་རྟགས་མཚན་མང་པོ་བསྟན་པར་རྣམ་ཐར་ལས་བཤད། དགུང་ལོ་བདུན་ལ་ཕེབས་སྐབས་སྙགས་ཕུ་བ་བསོད་ནམས་བཟང་པོས་མཁན་པོ་མཛད་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཁན་སློབགཉིས་ཀྱི་དྲུང་དུ་འདུལ་བ་གཙོ་བོར་གྱུར་པའི་ཆོས་མང་དུ་གསན། གཞན་ཡང་རྟོགས་ལྡན་ཡེ་ཤེས་དཔལ་བ་དང་། དགེ་བཤེས་བཀྲ་ཤིས་རྒྱལ་མཚན། དཀའ་བཞི་པ་རིན་ཆེན་དཔལ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། མངལ་ཟླ་དང་བཤོལ་ཟླ་རྩིས་པའི་ཉི་ཤུ་དང་། མ་རྩིས་པའི་དགུང་ལོ་བཅུ་དགུ་པ་ཆུ་རྟ(༡༤༠༢)ལོར་མཁན་ཆེན་བསོད་ནམས་བཟང་པོ་དང་། ལས་སློབ་ཡོན་ཏན་བློ་གྲོས། དད་པའི་དགེ་འདུན་བརྒྱད་ཅུ་ཚོགས་པའི་དབུས་སུ་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉི་ཤུར་ཕེབས་པ་ཆུ་ལུག(༡༤༠༣)ལོར་མིང་རྒྱལ་རབས་ཀྱི་གོང་མ་མི་རབས་གསུམ་པ་ཡུང་ལོས(永乐)ཀྱིས་སྲིད་དབང་བཟུང་རྗེས་ནན་ཅིན་དུ་གདན་འདྲེན་པའི་མི་སྣ་ཞུ་ཡིག་དང་བཅས་པ་འབྱོར(ཡི་གེ་ངོ་མ་བོད་ཡིག་ཏུ་བསྒྱུར་བའི་ནང་དོན་ཆ་ཚང《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༢༢༧ནས༢༧༨བར་གསལ)བ་ལྟར་ཞལ་གྱིས་བཞེས་ཏེ། དགུང་ལོ་ཉི་ཤུ་རྩ་གཉིས་པ་ཤིང་བྱ(༡༤༠༥)ལོར་མཚུར་ཕུ་དགོན་པ་ནས་ཕེབས་ཐོན་གནང་ནས་བར་ཁམས་བརྒྱུད་ལམ་ཐོག་ལོ་ངོ་གཉིས་འགོར་ཞིང་། མེ་ཕག(༡༤༠༧)ལོའི་ཟླ་བ་དང་པོའི་ཟླ་མཇུག་ལ་ནན་ཅིན་དུ་ཕེབས། དེ་ཉིན་གོང་མ་ཆེན་པོ་ཡང་ཕོ་བྲང་ནང་ནས་ལྕགས་རིའི་ཕྱི་རོལ་དུ་བསུ་བར་ཕེབས། མཇལ་རྟེན་དུ་གསེར་སྦྱང་ལས་བཟོས་པའི་འཁོར་ལོ་རྩིབས་སྟོང་ཡོད་པ་ཞིག་ཕུལ། གསོལ་ཇ་ཕུལ་སྐབས་གོང་མ་བཞེངས་ནས་སྣེ་ལེན་གནང་བ་སོགས་གུས་བཀུར་ཆེན་པོ་ཞུས་པ་དང་། ཕོ་བྲང་ནང་གི་མཛད་སྒོའི་བཀོད་སྒྲིག། འབུལ་བའི་རྣམ་གྲངས། རྒྱ་ལུགས་ཀྱི་ལོ་གསར་སྐབས་ཉིན་བཅོ་ལྔའི་རིང་གསོལ་སྟོན་དང་གཟིགས་མོ་ཕུལ། གོང་མ་རང་ཉིད་ཀརྨ་པའི་བཞུགས་གནས་སུ་ཕེབས་ནས་ཆོས་ཞུས་པ་དང་འབུལ་བ་ཐེངས་འགའ་ཞིག་ཕུལ་བའི་ཐོ་དང་། ཕན་ཚུན་དུ་ཕེབས་སྐབས་གོང་མའི་སྲས་རེ་རེས་བསུ་སྐྱེལ་ཞུས་པ། ལྷག་པར་ཟླ་བ་གཉིས་པའི་ཚེས་ལྔ་ནས་ཕོ་བྲང་ནང་དུ་ཆོས་གསུངས་པ་དང་། གོང་མའི་ཡུམ་གཤེགས་པའི་དགོངས་རྫོགས་མཆོད་འབུལ་གནང་སྐབས་ངོ་མཚར་བའི་ལྟས་གང་དང་གང་བྱུང་བའི་བཀོད་པ་རྣམས་ཉི་མ་རེ་རེ་བཞིན་རྒྱ་ཡི་རི་མོ་མཁན་མཁས་པས་རི་མོར་བྲིས་ཏེ། ཉིན་སོ་སོའི་གནས་ཚུལ་ངོ་སྤྲོད་ཀྱི་ཡི་གེ་འབྲི་གཞིའི་གཡོན་ངོས་ནས་རིམ་བཞིན་རྒྱ་ཡིག། དུ་རུ་ཀའི་ཡི་གེ(ཏུར་ཀིའི་ཡི་གེ)ཡུ་གུར་གྱི་ཡི་གེ། བོད་ཡིག། སོག་ཡིག་བཅས་ཡིག་རིགས་ཁག་ལྔ་ཡོད་པའི་ཉིན་ཐང་ཡུག་དྲིལ་མ་རིང་ཚད་ལ་ལི་སྨི༤༩༦༨དང་། ཞེང་ཚད་ལ་ལི་སྨི༦༦རི་མོའི་རྣམ་གྲངས་ཁག་བཞི་བཅུ་ཞེ་དགུ་ཡོད་པ་ཞིག་བྲིས་ནས་དྲན་རྟེན་དུ་ཕུལ། (འདི་སྔོན་དུས་མཚུར་ཕུའི་བླ་བྲང་གི་ནང་རྟེན་གྲས་སུ་ཡོད་ཅིང་། དེང་སང་ནོར་བུ་གླིང་ཁའི་རིག་དངོས་རྩ་ཆེའི་ཁོངས་སུ་ཉར་ཚགས་བྱས་ཡོད། འདིའི་དུམ་བུ་ཁ་ཤས་ཀྱི་དཔར་རིས་ནི《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》༡༩༩༡ལོའི་རྒྱ་ཡིག་གི་དུས་དེབ་ཨང་གསུམ་པའི་ཤོག་ངོས་དང་པོའི་ཁ་ཤོག་ལ་གསལ)ཟླ་བ་གསུམ་པའི་ཚེས་གསུམ་ཉིན་གོང་མས་གཟེངས་བསྟོད་ཀྱི་འཇའ་ས་གསེར་སྲང་བརྒྱ་ལས་བརྡུངས་པ་ཞིག་མཚན་བྱང་ལ་རྒྱ་སྐད་དུ། གཞུ་ལའི་ཏཱ་བའུ་ཧྥ་ཝང་གསི་ཐྱན་ཏཱ་ཤན་ཙི་ཙའི་ཧྥུའོ་ཞེས་པ་སྟེ། དེའི་རྒྱ་ཡིག་ལ་འདི་ལྟར(如来大宝法王西Ìì大善自在佛)ཡོད་ཅིང་། དེ་བོད་སྐད་དུ་བསྒྱུར་ན་དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ། ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བ་དབང་ཕྱུག་གི་སངས་རྒྱས་ཞེས་པའི་དོན་ཡིན་པར་རྣམ་ཐར་ལས་གསལ། གཞན་ཡང་རྗེ་ཉིད་དང་མཉམ་དུ་ཕེབས་པའི་མཚུར་ཕུའི་བླ་མ་འབྲོང་བུ་བ། སློབ་དཔོན་དཀའ་བཞི་པ་རིན་ཆེན་དཔལ། མཁན་ཆེན་མགོན་བློན་པ་བཅས་གསུམ་ལ་བཀྭན་ཏིང་གོ་ཤྲིའི་འཇའ་ས་དང་། གསེར་ཐམ། ཤེལ་གྱི་ཐོ་ཤུ་བཅས་ཕུལ། མངའ་འོག་ཏུ་ཡོད་པའི་བཙོན་པ་རྣམས་ཀྱི་དོན་དུ་ཞུ་ནན་མཛད་དེ་བཙོན་གྲོལ་ཐེངས་གསུམ་ཙམ་མཛད། གོང་མས་བོད་དུ་ཡོད་པའི་ཆོས་ལུགས་ཐམས་ཅད་ཀརྨ་བཀའ་བརྒྱུད་ཀྱི་ལུགས་ལྟར་བྱེད་དགོས་པའི་བཀའ་ཕབ་རྩིས་ཡོད་པ་ཡང་རྗེ་འདིས་ཆོས་ལུགས་དད་མོས་མི་འདྲ་བ་རྣམས་རང་རང་སོ་སོའི་ལུགས་བཞིན་བྱེད་དུ་འཇུག་ན་ལེགས་པའི་ཞུ་བ་མཛད་པ་ལྟར་དོན་འཁྱོལ་བྱུང་བ་མ་ཟད། ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་ལ་ཁྲན་ཧྥ་ཝང(阐化王)སྟེ་བོད་སྐད་དུ་སྤྲུལ་པ་སྤེལ་བའི་རྒྱལ་པོ། འབྲི་གུང་སྤྱན་སྔ་དོན་གྲུབ་རྒྱལ་པོ་ལ་ཆེནཀྱའུ་ཝང(阐教王)སྟེ་བསྟན་པ་སྤེལ་བའི་རྒྱལ་པོ། སྟག་ཚང་པ་ལ་ཧུ་ཀྱའུ་ཝང(辅教王)སྟེ་བསྟན་པ་སྐྱོང་བའི་རྒྱལ་པོ། སྡེ་དགེ་གླིང་ཚང་ལ་ཙན་ཤན་ཝང(赞善王)སྟེ་དགེ་ལ་རྟོན་པའི་རྒྱལ་པོ། གོ་འཇོ་ཚང་ལ་ཧྥུ་ཀྱའུ་ཝང(护教王)སྟེ་བསྟན་པ་སྲུང་བའི་རྒྱལ་པོ་ཞེས་པའི་ལུང་དང་ཐམ་ཀ་བཅས་རིམ་བཞིན་ཐོབ་པ་བྱུང་། རྒྱ་ཟླ་བཞི་པའི་ནང་རྒྱལ་ནང་ནས་ཞལ་གྱེས་ཏེ་བར་ཁམས་དང་བྱང་ལམ་བརྒྱུད་ལྕགས་ཡོས(༡༤༡༠)ལོའི་དགུན་སྟོད་ལ་མཚུར་ཕུ་དགོན་པར་ཕྱག་ཕེབས། ལྷོ་ཁ་དང་། ཀོང་པོ། དྭགས་པོ་སོགས་ས་གནས་མང་པོར་ཆོས་གསུངས་པ་སོགས་བསྟན་པའི་དོན་རྒྱ་ཆེར་མཛད་དེ་དགུང་ལོ་སོ་གཉིས་པ་རབ་བྱུང་བདུན་པའི་ཤིང་ལུག(༡༤༡༥)ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་འབུལ་ཞུས་པ་ལས་བྱོན་པའི་རྟེན་ངོ་མཚར་ཅན་རྣམས་དངུལ་གདུང་དང་། འདྲ་སྐུ་བཞེངས་པའི་ནང་དུ་བཞུགས། རྣམ་ཐར་ལོ་རྒྱུས་ཞིབ་པ《ཀརྨ་ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༢༡༩ནས༢༣༩བར་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མའི་ཤོག་གྲངས༩༩༡ནས༡༠༡༨བར་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།