ཀརྨ་པ་རོལ་པའི་རྡོ་རྗེ་

(ཀརྨ་པ་སྐུ་ཕྲེང་བཞི་པ)འཁྲུངས་ཡུལ་མདོ་ཁམས་ལྷོ་བརྒྱུད་ལུང་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྔོ་ཨ་ལ་རོང་གི་ཨ་ལ་སྤང་དཀར་ཞེས་པར་ཡབ་ལྷ་ལྡོང་བསོད་ནམས་དོན་གྲུབ་དང་། ཡུམ་མཛའ་བཟའ་བརྩོན་འགྲུས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་འབྲུག(༡༣༤༠)ལོར་འཁྲུངས། དགུང་ལོ་གསུམ་བཞེས་པ་ན་ང་ཀརྨ་པཀྴི་ཡིན་གསུང་བ་སོགས་སྔོན་གནས་རྗེས་དྲན་གྱི་གསུང་མང་པོ་གནང་བས་རྗེ་གོང་མའི་ཞལ་སློབ་རྣམས་ཡིད་ཆེས་པར་མཛད། དགུང་ལོ་བདུན་ནས་བཟུང་རྟོགས་ལྡན་མགོན་པོ་རྒྱལ་མཚན་གྱི་དྲུང་ནས་ནཱ་རོ་ཆོས་དྲུག་དང་། བདེ་མཆོག། ཀྱེེ་རྡོར་སོགས་ཀྱི་དབང་དང་ཁྲིད་ཀྱི་རིམ་པ་མང་པོ་གསན། གཞན་ཡང་རྟོགས་ལྡན་ཡེ་རྒྱལ་བ། རྫ་གཤོང་པ་ཤེས་རབ་དཔལ་བཟང་། སློབ་དཔོན་བློ་གྲོས་སེང་གེ་སོགས་ཀྱི་དྲུང་ནས་གསང་སྔགས་གསར་རྙིང་གི་ཆོས་སྐོར་དང་ཕར་ཕྱིན་སོགས་གསན། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག(༡༣༥༢)ལོར་ཀོང་པོ་ནས་དྭགས་པོ་བརྒྱུད་ལྷ་ས་དང་མཚུར་ཕུར་ཕེབས། ཚོགས་དགེ་ལུགས་སྒང་པའི་ཆོས་རྗེ་དོན་གྲུབ་དཔལ་གྱིས་མཁན་པོ་དང་། རྗེ་བཙུན་བསོད་ནམས་འབུམ་གྱིས་དུས་གོ་བ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། གསང་སྔགས་སྔ་འགྱུར་གྱི་མཁས་གྲུབ་ཆེན་པོ་གཡུང་སྟོན་རྡོ་རྗེ་དཔལ་བའི་དྲུང་ནས་གསང་སྔགས་གསར་རྙིང་གི་ཆོས་སྐོར་མང་དུ་གསན། དགུང་ལོ་བཅོ་བརྒྱད་པ་མངལ་བཤོལ་རྩིས་པའི་ཉི་ཤུ་བཞེས་པ་མེ་བྱ(༡༣༥༧)ལོར་སྔར་གྱི་མཁན་སློབ་དེ་རང་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་བཟུང་ཤ་ཆང་ཞལ་དུ་གསོལ་བ་ལྟ་ཞོག་། སྐུའི་ཉེ་འཁོར་དུ་དྲི་བྲོ་བ་ཙམ་མི་མཛད་ཅིང་། སྐུ་འཁོར་རྣམས་ལ་ཤ་ཆང་གི་སྟོན་མོ་འགྲིམས་མི་ཆོག་པ། ཞབས་འབྲིང་པ་ཡང་དགེ་སློང་ཁྲིམས་གཙང་རྐྱང་པས་ཞུ་བ་སོགས་མཛད་སྤྱོད་འགྲན་ཟླ་བྲལ་བ་བཞུགས། ལོ་དེའི་ནང་ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀན་ཐེའི་མུར་གྱིས་ཧོར་བོད་ཀྱི་གསེར་ཡིག་པ་མང་པོ་མངགས་ཏེ་པེ་ཅིན་ཕོ་བྲང་དུ་གདན་འདྲེན་ཞུ་བརསླེབས(གོང་མའི་བཀའ་ཡིག་བོད་སྐད་དུ་བསྒྱུར་བ་ཆ་ཚང《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས་༡༧༦པར་གསལ)པ་ལྟར་ས་ཁྱི(༡༣༥༨)ལོར་མཚུར་ཕུ་ནས་ཕེབས་ཐོན་གྱིས་མདོ་ཁམས་ལྷོ་བརྒྱུད་ནས་ཕེབས་པའི་ལམ་བར་དུ་སྡེ་ཕན་ཚུན་འཁྲུག་པ་ཆེ་བ་མང་པོ་བར་འདུམ་མཛད་པ་ཁོ་ནར་ཡང་འགྲོ་གྲོན་གསེར་སྲང་ཉིས་སྟོང་སྐོར་དང་། རྟ་བདུན་བརྒྱ། ཇ་སིག་ཆེན་ལྔ་བརྒྱ་ཙམ་ཕངས་མེད་དུ་གཏོང་གནང་མཛད་པ་སོགས་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེ་བས་ལམ་བར་ཡུན་རིང་འགོར་སྟེ་མཚོ་སྔོན་བརྒྱུད་ནས་ཕེབས། མཚོ་སྔོན་དུ་ཕེབས་འབྱོར་སྐབས་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་གསུམ་བཞེས་པ་མཇལ་ནས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ་མཚན་ཀུན་དགའ་སྙིང་པོར་གསོལ་ཞིང་། བསྟན་པ་ལ་ཕན་པའི་སྐྱེས་བུ་དམ་པ་ཡིན་པར་ལུང་བསྟན། ལྕགས་བྱི(༡༣༦༠)ལོར་ཤིང་ཀུན་སྡེ་ཆེན་སོགས་བརྒྱུད་ནས་པེ་ཅིན་ཕོ་བྲང་ཆེན་པོར་ཕེབས། གོང་མ་ཐོ་ཀན་ཐེའི་མུར་དང་མཇལ། གོང་མར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང༌ཁྲིད། ནཱ་རོ་ཆོས་དྲུག། ཕྱག་ཆེན། སྐུ་གསུམ་ངོ་སྤྲོད་བཅས་གནང་། གཞན་ཡང་དཔོན་ཆེན་དང་། སེར་སྐྱ་དམངས་བཅས་ལ་རང་རང་གི་འདོད་མོས་དང་མཚམས་པའི་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གནང་སྟེ་ལོ་ངོ་གསུམ་གྱི་རིང་བཞུགས། དེ་ནས་གོང་མ་རྒྱལ་བློན་རྣམས་ལ་རྒྱལ་སྲིད་དང་གོང་མའི་ཚེ་སྲོག་ལ་བར་ཆད་ཆེན་པོ་ཡོད་པས་བོད་དུ་ཕྱིར་ལོག་ཕེབས་རྒྱུའི་བཀའ་གནང་སྟེ། རྒྱལ་བློན་ཚང་མས་ཡུན་རིང་བར་མཆོད་གནས་སུ་བཞུགས་པའི་ཞུ་བ་ནན་ཏན་ཡང་ཡང་ཞུས་པར་མ་གསན་པར་ཆུ་སྟག(༡༣༦༢)ལོའི་ལོ་འགོར་པེ་ཅིན་ནས་བོད་ཕྱོགས་སུ་ཕྱིར་ཕེབས་གནང་བའི་ལམ་ཀན་སུའུ་དང་། མཚོ་སྔོན་བརྒྱུད་ནས་མདོ་ཁམས་ལྷོ་བརྒྱུད། འབའ་ཐང་། ཀོང་པོ། ཙཱ་རི་སོགས་གནས་ཐམས་ཅད་དུ་ཕེབས་པས༌ལམ་བར་ལོ་ངོ་བཅུ་ཙམ་ཐུགས་འགོར་བྱུང་ཏེ་དགུང་ལོ་ཞེ༌བཞི་བཞེས་པ་རབ་བྱུང་དྲུག་པའི་ཆུ་ཕག(༡༣༨༣)ལོར༌ཀོང་པོ་ཞོ་ཁར་དགོངས་པ་གཞན་དོན་དུ་གཤེགས། སྐུ༌གདུང་ཞུགས་འབུལ་ཞུས་པའི་གདུང་ཐལ་རྣམས་མཆུར་ཕུ་དགོན་པར་གདན་དྲངས་ཏེ་དངུལ་བྲེ་ཆེན་བརྒྱད་ཅུ། (དངུལ་སྲང་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ)ལས་གྲུབ་པའི་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། གསུང་རྩོམ་ཁ་ཤས་ཀྱི་མཚན་བྱང་རྣམ་ཐར་ནང་གསལ་ཡང་གསུང་འབུམ་ཕྱོགས་བསྒྲིགས་བྱས་པ་ད་ཕན་མཇལ་མ་བྱུང་། ལོ༌རྒྱུས་ཞིབ་པ་དངོས་སློབ་མཁས་པའི་དབང་པོ་ཀརྨ་དཀོན་མཆོག་གཞོན་ནུས་མཛད་པའི་ཁ་བྱང་དུ《ཆོས་རྗེ་རོལ་པའི་རྡོ་རྗེའི་རྣམ་ཐར་མཁས་པ་དགའ་བྱེད》བྲིས་མ་ཤོགགྲངས༡༠༦ཡོད་པ་ཞིག་འདུག་པ་དེ་དང་། 《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༡༦༡ནས༡༩༨བར་གསལ་བ་གཉིས་ཚིག་སྦྱོར་ཙམ་ལས་ནང་དོན་ཁྱད་པར་མི་འདུག་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

ཀརྨ་པ་རོལ་པའི་རྡོ་རྗེ་