ཀརྨ་བསྟན་སྐྱོང་དབང་པོའི་ཁྲིམས་ཡིག་
གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོས་བོད་ས་གནས་ཀྱི་སྲིད༌དབང་བཟུང་རྗེས་བདེ་ཆེན་གསང་སྔགས་མཁར་གྱི་རྫོང༌དཔོན་དུ་བསྐོས་པ་སྤེལ་སེར་བ་ཞེས་པ་དེར་འབྲི་རུ་བཅུག་པ་བཞིན་གཙང་པའི་ཁྲིམས་ཡིག་རྙིང་པ་ཤེལ་ཐམ་ཆེན་མོ༌ཞེས་པ་དང་། ཞལ་ལྕེའི་རྣམ་གཞག་ཕུན་ཚོགས་དགེ་ལེགས་མའི་ཟིན་བྲིས། ཚལ་པ་ཁྲི་དཔོན་སྐབས་ཀྱི་ཁྲིམས༌ཡིག་རྙིང་པ་ཞིག་བཅས་ཁག་མང་པོར་ཞིབ་བསྡུར་བྱས་ཏེ་བསྒྲིགས་པ་ཞིག་ཡིན་ཞེས་ཁྲིམས་ཡིག་དེའི་འགོ་བརྗོད་དུ་གསལ་ཞིང་། ཁྲིམས་ཡིག་འདིའི་ནང་དོན་གཙོ་བོ་ནི་འགོ་བརྗོད་གླེང་གཞིར་གཙང་པ་རྒྱལ་པོ་མི་རབས་དང་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་མི་བརྒྱུད་དང་། སྡེ་པ་ཕུན་ཚོགས་རྣམ་རྒྱལ། ཀརྨ་བསྟན་སྐྱོང་དབང་པོ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་འཁོད་ཡོད་ཅིང་། དེ་རྗེས་ཁྲིམས་ལུགས་སྤྱིའི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱས་ཡོད་པ་དང་། ཁྲིམས་ཡིག་དངོས་གཞི་དོན་ཚན་བཅུ་དྲུག་ཡོད་པའི་ནང་། དང་པོ་དཔའ་བོ་སྟག་གི་ཞལ་ལྕེ། གཉིས་པ་སྡར་མ་ཝའི་ཞལ་ལྕེ། གསུམ་པ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། བཞི་པ་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། ལྔ་པ་བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། དྲུག་པ་ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། བདུན་པ་དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། བརྒྱད་པ་ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། དགུ་པ་བསད་པ་སྟོང་གི་ཞལ་ལྕེ། བཅུ་པ་རྨས་པ་ཁྲག་གི་ཞལ་ལྕེ། བཅུ་ཀཅིག་པ་བསྙོན་ཧམ་མནའ་དག་གི་ཞལ་ལྕེ། བཅུ་གཉིས་པ་བརྐུས་པ་འཇལ་གྱི་ཞལ་ལྕེ། བཅུ་གསུམ་པ་ཉེ་འབྲེལ་འབྲལ་བསྡུམས་ཀྱི་ཞལལྕེ། བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ལྕེ། བཅོ་ལྔ་པ་ནམ་ཕར་ཚུར་གྱི་ཞལ་ལྕེ། བཅུ་དྲུག་པ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བཅས་ཁག་སོ་སོའི་འགྲེལ་བཤད་ཞིབ་ཕྲ་བྱས་ཡོད། ཁྲིམས་ཡིག་འདི་བཞིན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་དཔེ་སྐྲུན་བྱས་པའི《གངས་ཅན་རིག་མཛོད》དེབ་བདུན་པ《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་སྒྲིགས》ཤོག་གྲངས༨༢ནས༡༤༥བར་གསལ། ཡང་ད་ཕན་དཔར་བསྐྲུན་བྱེད་མ་མྱོང་བའི་ཁྲིམས་ཡིག་ལག་བྲིས་མ་ཁ་བྱང་དུ་《ཀརྨ་བསྟན་སྐྱོང་དབང་པོའི་ཁྲིམས་ཡིག》ཅེས་ཡོད་ཅིང་། འགོ་བརྗོད་དུ་ཚིགས་བཅད་ཤོ་ལོ་ཀ་གཅིག་ཡོད་པར་འདི་ལྟར། བསོད་ནམས་ཆེན་པོའི་དཔལ་གྱིས་གྲུབ་པ་ཡིས། གསེར་གྱི་འཁོར་ལོས་བསྒྱུར་བའི་མཐུ་ཆེན་པོས། རྩོད་པའི་དུས་ཀྱང་རྫོགས་ལྡན་དུ་བྱེད་པ། དཔལ་ལྡན་ཀརྨ་བསྟན་སྐྱོང་དབང་པོའི་གཏམ། ཞེས་དང་། མཇུག་དུ་ཞེས་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ་སྨིན་དྲུག་གིས་ཉ་བའི་དཀར་པོའི་ཕྱོགས་ཀྱི་དང་པོའི་ཚེས་ལ་བྲིས་པ་སྐྱེ་འགྲོ་ཐམས་ཅད་ལ་དགེ་བར་གྱུར༌ཅིག་ཅེས་འཁོད་པ་ཞིག་ཁོ་བོས་མཐོང་བ་དེ་ནི། སྲིད་དབང་བཟུང་ནས་ལོ་ངོ་བཅུ་གཅིག་པའི་ལྕགས་ལུག་(༡༦༣༡)ལོར་བྲིས་འདུག་པས་དེ་ལ་བརྟགས་ན་དེང༌སྐབས་དཔར་སྐྲུན་བྱས་པ་དེ་ཁྲིམས་ཡིག་རྒྱས་པ་དང་། བྲིས་མ་དེ་ཁྲིམས་ཡིག་བསྡུས་པ་ཡིན་འདྲ་ཞིང་། རྒྱས་བསྡུས་གཉིས་པོ་སྔོན་རྗེས་གང་ཡིན་རྗེས་སུ་ཞིབ་འཇུག་བྱ༌དགོས་པ་མ་ཟད། ཉེ་རབས་ཕྱི་རྒྱལ་དུ་ཡོད་པའི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་ཀརྨ་བསྟན་སྐྱོང་དབང་པོའི་ཕ་ཀརྨ་ཕུན་ཚོགས་རྣམ་རྒྱལ་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ། (༡༦༣༢)ལོར་འདས་པ་དང་། དེའི་ཕྱི་ལོ་ཀརྨ་བསྟན་སྐྱོང་དབང་པོས་སྲིད་དབང་བཟུང་བར་བཤད་པ་དེ་ཁུངས་མེད་འོལ་ཚོད་ཀྱིས་བྲིས་པ་ཡིན་པར་གོང་གསལ་ཁྲིམས་ཡིག་རྒྱས་བསྡུས་གཉིས་ནས་ར་སྤྲོད་བྱེད་ཐུབ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།