རྒྱ་གར་གྱི་པཎྜི་ཏ་ནག་མོ་ཁོལ་གྱི་མིང་ཡིན། པཎྜི་ཏ་འདི་དུས་སྐབས་གང་དུ་བྱུང་བ་ནི་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》སྐབས་བཅོ་ལྔ་པའཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་བའི་དུས་ཀྱི་གཏམ་ལས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་དུ་རྒྱལ་པོ་བྷོ་ཛ་དེ་ཝ་གསང་སྔགས་ཀྱི་གྲུབ་པ་ཐོབ་པ་དང་ཝ་ར་ནཱ་སིའི་རྒྱལ་པོ་བྷི་མ་ཤུ་ལས་སྲིད་དབང་བཟུང་བ་བཅས་དུས་མཚུངས་པ་དང་། དུས་སྐབས་དེར་པཎྜི་ཏ་འདི་བྱུང་བར་གསུངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《གཏམ་རྒྱུད་གསེར་ཐང》ལྕགས་དཔར་མའི་ཤོག་གྲངས༣༢༢ལས། རྒྱལ་པོ་ཙནྡྲ་གུཔྟ་གཉིས་པའམ་བི་ཀྲ་མ་དི་ཏྱ་ཡང་འབོད་པ་འདིས་སངས་རྒྱས་འདས་ལོ་དགུ་བརྒྱ་དང་སོ་དགུ་པའི(༣༩༥)ལོར་སྲིད་བཟུང་བ་དང་། རྒྱལ་པོའདིའི་མདུན་སར་ཀཱ་ལི་དཱ་ས་སོགས་རིན་ཆེན་དགུ་ཞེས་གྲགས་པའི་མཁས་པ་རྣམས་ཡོད་པར་གྲགས་ཤིང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་འདི་དང་དུས་མཉམ་ཞེསགསུངས་འདུགཔཎྜི་ཏ་ནག་མོ་ཁོལ་གྱི་ལོ་རྒྱུས་སྐོར《རྒྱ་གར་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༠༠་ནས༡༠༣བར་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《གཏམ་རྒྱུད་གསེར་ཐང》ཤོག་གྲངས༣༢༢ནས༣༢༥བར་གསལ་བས་དེར་གཟིགས། ཀཀྞི་སྒོ་བཞི། ལྷ་ས་གྲོང་ཁྱེར་གྱི་བར་སྐོར་བྱང་ངོས་ཁྲོམ་ལམ་གྱི་སྣང་རྩེ་ཤག་ལས་ཁུངས་ཀྱི་གཡོན་ངོས་སུ་ཡོད་པའི་མཆོད་རྟེན་ཆེན་པོ་ཕྱོགས་བཞི་ཀར་སྒོ་བཏོད་པ་དེ་ཡིན། མཆོད་རྟེན་འདི་ཐོག་མར་བྱུང་བའི་དུས་ཚོད་ནམ་ཡིན་སྐོར་དཔྱད་གཞིའི་ཡིག་ཆ་མ་མཐོང་ཡང་དེ་སྔོན་དུསརབས་བཅུ་བཞི་པའི་འགོར་བྱོན་པའི་ཀུན་མཁྱེན་ཀློང་ཆེན་པ་དགུང་ལོ་ཉི་ཤུ་ལྷག་ཙམ་གྱི་དུས་ལྷ་སར་གཙུག་ལག་ཁང་དུ་གནས་གཟིགས་ཕེབས་སྐབས་ཀཀྞི་སྒོ་བཞིའི་མཆོད་རྟེན་གྱི་ཐད་དུ་མ་གཅིག་ལབ་ཀྱི་སྒྲོན་མའི་ཞལ་གཟིགས་བྱུངཚུལ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལྷ་སར་གནས་གཟིགས་ལ་ཕེབས་ཐེངས་གཉིས་པའི་སྐབས་ལོ་གཅིག་རིང་མཆོད་རྟེན་འདིའི་འགྲམ་དུ་སྤྲང་པོའི་ཚུལ་མཛད་ནསབཞུགས་ཚུལ་དམ་པ་གཉིས་ཀའི་རྣམ་ཐར་ནང་གསལ་བར་འཁོད་པ་ལྟར་ན་མཆོད་རྟེན་འདི་སྐབས་དེ་དུས་ནས་ཡོད་པ་མཐོང་ཐུབ། དམངས་ཁྲོད་ཀྱི་ངག་རྒྱུན་དུ་མཆོད་རྟེན་འདིའི་གཟུངས་ཀྱི་ནང་ཚོང་དཔོན་ནོར་བུ་བཟང་པོའི་དབུ་ཐོད་དང་རྒྱན་ཆ་སོགས་ཡོད་པར་བརྟེན་ལྷ་ས་གྲོང་ཁྱེར་གྱི་ནང་འཛམ་གླིང་གི་ཚོང་ཟོག་སྣ་འཛོམས་འདུས་ཐུབ་པ་བྱུང་བ་རེད་ཅེས་ཤོད་སྲོལ་འདུག་ཀྱང་རྗེས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ(༡༩༤༥)ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་ནས་ཉམས་གསོ་བྱེད་སྐབས་གཟུངས་འབུལ་དང་རབ་གནས་ལ་ཕེབས་མྱོང་བའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་རང་རྣམ་ནང་གསུངས་དོན་དུ། མཆོད་རྟེན་འདིའི་ནང་རྩ་ཆེའི་རྟེན་མང་པོ་ཡོད་ཚུལ་དམངསཁྲོད་ཀྱི་ངག་རྒྱུན་དུ་ཤོད་སྲོལ་ཡོད་རུང་དེ་རིགས་གང་ཡང་མེད་པར་བརྟེན་རྣམ་སྲས་དང་ཛམ་བྷ་ལ་སོགས་ནོར་ལྷ་ཁག་གི་བུམ་གཏེར་གཟུངས་སུ་ཕུལ་ཞེས་གསལ་བས་མཆོདརྟེན་འདིར་ཉམས་ཆག་ཐེངས་འགའ་ཞིག་བྱུང་ཡོད་ངེས་སྙམ་མོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།