ཀི་ཡ་ཧཱ་ཤང་ངམ་ཉི་མ་ཧཱ་ཤང་ཞེས་མི་འདྲ་བ་ཁ་ཤས་འདུག་ཀྱང་། ཀིམ་ཧྭ་ཤང(金和尚)ཞེས་འཁོད་པ་འདི་རང་ཡི་གེ་དག་པ་ཡིན་ཧཱ་ཤང་འདི་ཡི་ལོ་རྒྱུས་བོད་ཡིག་གི་ཡིག་ཆ་ཁག་གང་གི་ནང་དུ་མི་གསལ་ཞིང་། ཉེ་རབས་ལོ་ཤས་གོང་ཉི་ཧོང(རི་པིན)དུ་བཞུགས་པའི་བོད་རིག་པའི་མཁས་དབང་ཡ་མ་ཁུ་ཆིས་སོགས་འགའ་ཞིག་གིས་གསུངས་དོན་དུ《རྦ་བཞེད》ནང་གསལ་བའི་ཀིམ་ཧཱ་ཤང་ནི་ཉི་ཧོང་དུ་ནང་ཆོས་ཐོག་མར་དར་སྤེལ་མཛད་མཁན་ཀོ་རི་ཡའི་རྒྱལ་སྲས་གསུམ་པ་རབ་བྱུང་མཛད་པའི་མཚན་ལ་ཀིམ་ཧྭ་ཤང་ངམ་ཅིན་ཧཱ་ཤང་ཞུ་བ་དེ་ཡིན་པ་ནི《རྦ་བཞེད》ནང་ཀིམ་ཧྭ་ཤང་ལ་མངོན་ཤེས་ཡོད་ཚུལ་གསལ་བ་ལྟར། རྒྱ་ཡིག་གི《བན་ཆེན་པོའི་རྣམ་ཐར》ནང་དུ་ཡང་ཁོང་ལ་མངོན་ཤེས་ཡོད་ཚུལ་འཁོད་ཡོད་པ་དང་། 《རྦ་བཞེད》ནང་ཧཱ་ཤང་ཁོང་གིས་སྟག་ལ་ག་ཤ་འགེལ་ནུས་ཚུལ་གསལ་བ་ལྟར《བན་ཆེན་པོའི་རྣམ་ཐར》ནང་དུ་ཡང་ཁོང་གིས་མཚན་མོ་ཉལ་ཁྲིའི་འོག་ཏུ་སྟག་གི་ཁ་སྤུར་འཆང་ནུས་ཚུལ་འཁོད་ཡོད་པས་ར་སྤྲོད་ཐུབ་ཚུལ་གསུངས་འདུག་དེ་ལྟར་བྱས་ན་ཀོ་རི་ཡའི་རྒྱལ་སྲས་ཅིན་ཧཱ་ཤང་ནི་སྤྱི་ལོའི་དུས་རབས་བདུན་པའི༦༨༠ནས༧༥༦བར་དགུང་ལོ་བདུན་ཅུ་དོན་བདུན་བཞུགས་པ་དང་། ཐང་རྒྱལ་རབས་ཀྱི་གོང་མ་ཞོན་ཙུང་གི་ཁའི་ཡོན་ཁྲི་ལོ་བཅུ་དྲུག་པ་ས་འབྲུག(༧༢༨)ལོར་ཉི་ཧོང་ནས་ཀྲུང་གོའི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཕེབས་ནས་ནང་ཆོས་དར་སྤེལ་མཛད་སྐབས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བློན་པོ་སང་ཤི་སོགས་ཐང་གོང་མའི་དྲུང་དུ་ཕོ་ཉར་མངགས་ཏེ་ཁོང་རྣམས་བོད་དུ་ལོག་ཁར་སང་ཤིས་ཀིམ་ཧཱ་ཤང་དང་མཇལ་ཏེ་ཆོས་ཞུས་པ་དང་། ཧཱ་ཤང་གིས་བོད་ཀྱི་དུས་བབས་གནས་ཚུལ་མངོན་ཤེས་ཀྱིས་གཟིགས་ཏེ་ལུང་བསྟན་གནང་བ་སོགས《རྦ་བཞེད》དུ་གསལ་བ་ལྟར་ཡིན་ཅིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་རྗེས་རྦ་གསལ་སྣང་དང་སང་ཤི་སོགས་མི་སུམ་ཅུ་ཐང་གོང་མའི་དྲུང་དུ་རྒྱ་དཔེའི་ནང་ཆོས་སྐོར་འཚོལ་དུ་བཏང་སྐབས་རྦ་གསལ་སྣང་གིས་ཆོས་ཞུ་སའི་ཧཱ་ཤང་མངོན་ཤེས་ཅན་ཞིག་ཡོད་ཚུལ《རྦ་བཞེད་》དུ་གསལ་བ་དེ་ནི་ཧཱ་ཤང་མངོན་ཤེས་ཅན་གཞན་ཞིག་ཡིན་ཚོད་ལས་ཀིམ་ཧཱ་ཤང་ནི་མིན་ནམ་སྙམ་པ་ཞིག་འདུག་པས་མཁས་དབང་རྣམས་ཀྱིས་ཞིབ་དཔྱད་མཛད་པར་ཞུ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།