རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་རོང་པོ་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་ལ་སྐུ་ཕྲེང་རིམ་པར་བྱུང་ཞིང་། སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐབས་ཐ་ལ་ངག་དབང་དཔལ་བཟང་གིས་རི་ཁྲོད་ཕུལ་བ་དེས་རྨང་གཞི་བྱས་ཏེ། རབ་བྱུང་བཅུ་གསུམ་པའི་ས་འབྲུག(༡༧༤༨)ལོར་ཀིརྟི་དགོན་རྣམ་རྒྱལ་བདེ་ཆེན་གླིང་ཕྱག་བཏབ་པ་ནས་རྒྱུན་བཞུགས་གནང་བས་སྐུ་ཕྲེང་རིམ་བྱོན་ལ་ཀིརྟི་རིན་པོ་ཆེ་ཞེས་ཞུ་སྲོལ་བྱུང་། སྐུ་ཕྲེང་དང་པོ་རོང་པོ་ལྗགས་ནག་པ་དགེ་འདུན་རྒྱལ་མཚན(རབ་བྱུང་དྲུག་པའི་ཤིང་སྟག༡༣༧༤ལོ་ནས་རབ་བྱུང་བརྒྱད་པའི་ལྕགས་རྟ༡༤༥༠ལོའི་བར)དགུང་ལོ་བདུན་ཅུ་དོན་བདུན་བཞུགས། སྐུ་ཕྲེང་གཉིས་པ་ཀིརྟི་བསྟན་པ་རིན་ཆེན་སྐུ་ཕྲེང་གོང་མ་གཤེགས་ནས་ལོ་ཉེར་ལྔ་པ(རབ་བྱུང་བརྒྱད་པའི་ཤིང་རྟ༡༤༧༤ལོ་ནས་རབ་བྱུང་དགུ་པའི་ས་རྟ༡༥༥༨ལོ་བར)དགུང་ལོ་བརྒྱད་ཅུ་གྱ་ལྔ་བཞུགས་ཞེས་ཟེར་ཞིང་། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་དགུང་རྙིང་ཆུ་སྤྲེལ་ཡིན་པར་བཤད། སྐུ་ཕྲེང་གསུམ་པ་ཀིརྟི་བསྟན་པ་རབ་རྒྱས་སྐུ་ཕྲེང་གོང་མ་གཤེགས་ནས་ལོ་ངོ་བདུན་སོང་བ(རབ་བྱུང་དགུ་པའི་ཤིང་བྱི༡༥༦༤ལོ་ནས་རབ་བྱུང་བཅུ་གཅིག་པའི་ཆུ་ལུག༡༦༤༣ལོའི་བར)དགུང་ལོ་བརྒྱད་ཅུ་བཞུགས། སྐུ་ཕྲེང་བཞི་པ་ཀིརྟི་བློ་བཟང་འཇམ་དབྱངས(རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ༡༦༥༦ལོ་ནས་རབ་བྱུང་བཅུ་གཉིས་པའི་ས་བྱི༡༧༠༨ལོའི་བར་)དགུང་ལོ་ང་གསུམ་བཞུགས)ཞེས《མདོ་སྨད་ཆོས་འབྱུང》ལས་གསལ་ཞིང་། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་དགུང་རྙིང་མེ་སྦྲུལ་ཡིན་པ་དང་དགུང་ལོ་རེ་གཅིག་པ་མེ་སྦྲུལ་ལ་གཤེགས་ཞེས་གསལ། སྐུ་ཕྲེང་ལྔ་པ་ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན(རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག༡༧༡༢ལོ་ནས་རབ་བྱུང་བཅུ་གསུམ་པའི་ལྕགསཡོས༡༧༧༡ལོའི་བར)དགུང་ལོ་དྲུག་ཅུ་བཞུགས་པར་བཤད། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་དགུང་རྙིང་ལྕགས་བྱ་ལོ་ཡིན་པ་དང་གཤེགས་ལོ་ཤིང་ཕག་ཡིན་པར་བཤད། སྐུ་ཕྲེང་དྲུག་པ་ཀིརྟི་དགེ་འདུན་ཆོས་ཀྱི་དབང་ཕྱུག(རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག༡༧༧༢ལོ་ནས་མེ་འབྲུག༡༧༩༦ལོའི་བར)དགུང་ལོ་ཉེར་ལྔ་ལས་མ་བཞུགས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་དགུང་རྙིང་མེ་གླང་ཡིན་པར་བཤད། སྐུ་ཕྲེང་བདུན་པ་ཀིརྟི་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ(རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ༡༧༩༧ལོ་ནས་རབ་བྱུང་བཅུ་བཞི་པའི་ས་བྱ༡༨༤༩ལོའི་བར)དགུང་ལོ་ང་གསུམ་བཞུགས་པར་བཤད)《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་དགུང་རྙིང་ཆུ་བྱ་ཡིན་པ་དང་གཤེགས་ལོ་ཆུ་སྦྲུལ་ཡིན་པར་བཤད། སྐུ་ཕྲེང་བརྒྱད་པ་ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ(རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི༡༨༥༠ལོ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་༡༩༠༥ལོའི་བར)དགུང་ལོ་ང་དྲུག་བཞུགས་པར་བཤད)《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་དགུང་རྙིང་ཤིང་འབྲུག་ཡིན་པ་དང་གཤེགས་ལོ་ལྕགས་བྱི་ཡིན་པར་བཤད། སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ(རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ༡༩༠༥ལོ་ནས་རབ་བྱུང་བཅོ་ལྔ་པའི་ས་ལུག༡༩༡༩་ལོའི་བར)དགུང་ལོ་བཅུ་དྲུག་ལས་མ་བཞུགས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་དགུང་རྙིང་ཆུ་སྟག་དང་གཤེགས་ལོ་མེ་སྦྲུལ་ཡིན་པར་བཤད། སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང(རབ་བྱུང་བཅོ་ལྔ་པའི་ས་ལུག༡༩༡༩ལོ་ནས་རབ་བྱུང་བཅུ་དྲུག་པའི་ས་ཡོས༡༩༣༩ལོའི་བར)དགུང་ལོ་ཉེར་གཅིག་ལས་མ་བཞུགས། སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ༡༩༤༢ལོར་འཁྲུངས་པ་དང་། ད་ལྟ་ཕྱི་རྒྱལ་དུ་བཞུགས་མུས་ཡིན་པ་བཅས་སྐུ་ཕྲེང་དང་པོ་ནས་བརྒྱད་པའི་བར་གྱི་ལོ་རྒྱུས་གནད་བསྡུས་ཤིག《མདོ་སྨད་ཆོསའབྱུང་》ལྕགས་དཔར་མའི་ཤོག་གྲངས༧༡༤ནས༧༢༠བར་གསལ་ཞིང་། སྐུ་ཕྲེང་བརྒྱད་པ་དང་དགུ་པའི་རྣམ་ཐར་ཟུར་དུ་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།