ཀུན་གྱིས་བཀུར་བ་རྣམ་པ་གསུམ་
ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་ཀུན་གྱིས་བཀུར་བའི་སྡེ་པའམ། མང་པོས་བཀུར་བའི་སྡེ་པ་ལ་ནང་གསེས་གསུམ་དུ་གྱེས་པ་སྟེ་ས་སྒྲོགས་རི་པ། སྲུང་བ་པ། གནས་མ་བུ་བཅས་ཁག་གསུམ་དུ་གྱེས་པ་ལ་ཟེར། དེ་ཡང་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ཀུ་རུ་ཀུ་ལེའི་བྲག་ཕུག་ལ་གནས་གཞི་མཛད་ནས་བཞུགས་པ་རྣམས་ལ་ས་སྒྲོགས་རིགས་ཀྱི་སྡེ་ཞེས་འབོད་པ་དང་། སློབ་དཔོན་སྲུང་བ་པ་ཡི་རྗེས་སུ་འབྲངས་པས་ན་སྲུང་བ་པ་དང་། སློབ་དཔོན་གནས་མའི་བུ་ཡི་རྗེས་སུ་འབྲངས་པས་ན་གནས་མ་བུ་པ་ཞེས་ཟེར། སྡེ་པ་འདི་གསུམ་རྩ་བའི་གྲུབ་མཐའ་མཐུན་པ་ཡིན་ཅིང་། རྩ་བའི་གྲུབ་མཐའ་ནི། གང་ཟག་ཕུང་པོ་ལྔ་ལས་གཞན་མ་ཡིན་ལ། ཕུང་པོ་དང་གཅིག་ཀྱང་མ་ཡིན་ཅིང་། སྒོ་ལྔའི་རྣམ་པར་ཤེས་པས་འདོད་ཆགས་སྐྱེ་མི་ནུས་ལ་འདོད་ཆགས་དང་བྲལ་བར་ཡང་བྱེད་མི་ནུས། ཤེས་བྱ་ཐམས་ཅད་བསྡུས་ན་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་གཉིས་སུ་མ་འདུས་པ་མེད། མཐོང་ལམ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་གཉིས་ཚུན་ཆད་ཡིན་ཅིང་། དེ་ཕན་ཆད་འབྲས་བུའི་ཁོངས་སུ་འདུས་པ་བཅས་ཡིན། འདི་ལས་ཞོར་དུ་འཕྲོས་པའི་གནད་དོན་གལ་ཆེ་བ་ནི། མང་པོས་བཀུར་བའི་སྡེ་ལྔ་(༡གནས་མ་བུ་པ། ༢བཟང་པོའི་ལམ་པ། ༣ཆོས་སྦས་པ། ༤་མང་པོས་བཀུར་བ། ༥་བླ་མ་པ)ཡོད་པའི་ནང་ནས་གནས་མ་བུ་པས་གང་ཟག་གི་བདག་ཁས་ལེན་པས་སྐྱབས་གནས་དང་ལས་འབྲས་ཀྱི་ཐད་ནས་ནང་པར་ཚུད་ཙམ་ཡིན་ཀྱང་། ལྟ་བའི་སྒོ་ནས་ནང་པའི་ཁོངས་སུ་མི་གཏོགས་པ་ཡིན་ཞེས་བཞེད་མཁན་ས་སྐྱ་པཎ་ཆེན་དང་། རྗེ་བཙུན་རེད་མདའ་བ། པཎ་ཆེན་བསོད་ནམས་གྲགས་པ། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཡིན་ཅིང་། མཁས་གྲུབ་རིན་པོ་ཆེའི་དབུ་མའི་སྟོང་ཐུན་དང་། གུང་རུ་རྒྱལ་མཚན་བཟང་པོ། ཧོར་སྟོན་ནམ་མཁའ་དཔལ་བ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕུར་ལྕོག་ངག་དབང་་བྱམས་པ་སོགས་མང་པོ་ཞིག་གིས་ནི། གནས་མ་བུ་པས་གང་ཟག་གི་བདག་ཁས་མི་ལེན་པ་དང་། གང་ཟག་གི་བདག་མེད་ཁས་ལེན་པའི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྤྱི་མཐུན་ཡིན་པའི་རྒྱུ་མཚན་མང་དུ་གསུངས་ཤིང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི《གྲུབ་མཐའ་ཆེན་མོ》ལས། གནས་མ་བུ་པས་གང་ཟག་གི་བདག་ཡོད་པར་ཁས་ལེན་ཞེས་པའི་བདག་དང་། ནང་པའི་གྲུབ་མཐའ་སྨྲ་བ་ཀུན་དང་མཐུན་པར་གང་ཟག་གི་བདག་མེད་ཁས་ལེན་ཞེས་པའི་བདག་གཉིས་མི་འདྲ་བ་སྟེ་གནས་མ་བུ་པས་གང་ཟག་གི་བདག་ཁས་ལེན་ཞེས་པའི་བདག་ནི་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པའི་བདག་ལ་གོ་དགོས་པ་དང་། དེ་ཡང་དབུ་མ་པས་རིགས་པའི་སྒོ་ནས་གཞལ་ན་དོན་གྱིས་ཁས་བླངས་པར་སོང་བའི་རིགས་པའི་འཕུལ་མཚོན་ཙམ་ཡིན་པ་ལས་དངོས་སུ་ཁས་ལེན་ལ་མེད་པ་དང་། ཕྱག་རྒྱ་བཞིའི་ནང་ཚན་གྱི་གང་ཟག་གི་བདག་མེད་ནི་རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་བདག་མེད་ལ་འཇོག་པས་བདག་མེད་དེ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཀུན་དང་མཐུན་པར་གནས་མ་བུ་པས་ཀྱང་ཁས་ལེན་པས་ལྟ་བའི་སྒོ་ནས་བཤད་ན་ཡང་ནང་པ་སངས་རྒྱས་པ་ཡིན་ཞེས་གསུངས་པ་བཅས་བཞེད་པ་མི་འདྲ་བ་གསུམ་འདུག་པ་འདིར་དཔྱད་གཞི་ཙམ་དུ་བཀོད་པ་ལས། ཁོ་བོས་ནི་བཞེད་པ་གང་ཞིག་ཡང་དག་པ་ཡིན་མིན་ཁ་ཚོན་གཅོད་པའི་སྤོབས་པ་གང་ཡང་མ་མཆིས་སོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།