རྭ་ལོ་ཙཱ་བ་སོགས་དང་དུས་མཉམ་གྱི་བཀའ་གདམས་པའི་དགེ་བཤེས་མཁས་པ་ཆེན་པོ་ཞིག་ཡིན། མཚན་གྱི་རྣམ་གྲངས་ལ། ཁྱུང་པོ་ཆོས་བརྩོན་དང༌། ཁྱུང་པོ་གྲགས་སེང་ཡང་ཟེར། 《མྱང་ཆོས་འབྱུང》ཤོག་གྲངས༡༢༨ནས༡༢༩བར་ལས་ལོ་རྒྱུས་མདོར་བསྡུས་འཁོད་པ་དོན་བསྡུས་ཏེ་བཀོད་ན། ཁྱུང་པོ་གྲགས་སེའམ་ཁྱུང་པོ་ཆོས་བརྩོན་ནི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་ཉེ་གནས་ཡིན་པ་དང༌། མངའ་བདག་རྩེ་ལྡེས་རབ་བྱུང་དང་པོའི་མེ་འབྲུག(༡༠༧༦)ལོར་ཆོས་འཁོར་ཆེན་མོ་མཛད་པའི་ཚེ་ལོ་ཙཱ་བ་མང་པོ་འཛོམས་པའི་གྲས་སུ་ཡང་ཡོད་པ་དང༌། མངའ་བདག་དེས་ཁ་ཆེ་ཛྙ་ན་ཤྲི་སྤྱན་དྲངས་ནས། ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙཱ་བ་མཛད་དེ《རྒྱུད་རྡོ་རྗེ་རྩེ་མོ》དང༌། 《ངན་སོང་སྦྱོང་རྒྱུད》《ཚད་མ་རྣམ་ངེས》སོགས་བོད་སྐད་དུ་བསྒྱུར། ཁོང་ལ་སློབ་མ་མང་པོ་བྱུང་བའི་ནང་ལྷ་རྗེ་ལྕེ་སྟོན་རྒྱ་ནག་དང་དགེ་བཤེས་པོ་ཏོ་བའི་སློབ་མ་དགེ་བཤེས་དོལ་པ་ལ་སོགས་པ་ཡང་ཡོད་ཅེས་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།