ཁྱུང་པོ་སྤུངས་སད་ཟུ་ཙེ་

རྒྱལ་པོ་གནམ་རི་སྲོང་བཙན་དང༌། སྲོང་བཙན་སྒམ་པོ་གཉིས་ཀྱི་རིང་བློན་པོ་བྱས། ཐོག་མར་རྒྱལ་པོ་གནམ་རི་སྲོང་བཙན་གྱི་དུས་སུ་གཙང་སྟོད་ཀྱི་རྒྱལ་པོ་མར་མུན་གཡོ་ཐབས་ཀྱིས་མགོ་བོ་བཅད་ནས་བསད། དེའི་མངའ་འབངས་མི་སེར་ཐེམ་དུད་ཁྲི་གཉིས་ཙམ་གནམ་རི་སྲོང་བཙན་ལ་ཕུལ། དེ་རྗེས་བཙན་པོ་སྐུ་མཆེད་ལ་མོང་སྔོན་པོས་ངོ་ལོག་གི་གཡོ་བྱུས་བཤམས་པ་ཁྱུང་པོ་ཟུ་ཙེས་ཤེས་ནས་ཐེར་འདོན་བྱས་པས་རྒྱལ་པོའི་སྐུ་སྲོག་ལ་གནོད་པ་མ་བྱུང༌། ཁྱུང་པོ་ཟུ་ཙེ་ནི་སྤྱང་གྲུང་ལྡན་ལ་བློ་ཁོག་ཆེ་བ་དང༌། འཇོན་ཐང་ཆེ་བ། མིག་མངས་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་བྱེད་མི་ཐུབ་པ་སོགས་ལ་བརྟེན་ནས་སྲོང་བཙན་སྒམ་པོའི་བློན་ཆེན་གྲས་སུ་ཚུད། ལོ་ན་མཐོན་པོར་སླེབས་ནས་ལས་གནས་དགོངས་པ་ཞུས་ཏེ་ངལ་གསོ་བྱེད་ཆོག་པའི་གནང་བ་ཐོབ། དེ་ནས་སྲོང་བཙན་སྒམ་པོ་སྐུ་བཀྲོང་རྒྱུའི་ཇུས་ངན་གྲ་སྒྲིག་ལེགས་པར་བྱས་རྗེས། བཙན་པོ་སྐུ་ངོ་མ་ཟུ་ཙེའི་ཁྱིམ་དུ་སྐུ་མགྲོན་ལ་གདན་འདྲེན་ཞུ་སྐབས་བཙན་པོས་ཞལ་བཞེས་གནང་ཐོག སྔོན་ལ་བློན་པོ་མགར་སྟོང་བཙན་ཟུ་ཙེའི་ཁྱིམ་དུ་རྟོག་ཞིབ་བྱེད་པར་གཏོང་གནང་མཛད་པར། ཟུ་ཙེས་གོ་སྐབས་དེ་དང་བསྟུན་ནས་སྲོང་བཙན་སྒམ་པོ་སྐུ་བཀྲོང་རྒྱུའི་གྲ་སྒྲིག་ཡོད་པ་མགར་སྟོང་བཙན་གྱིས་གསལ་པོར་ཤེས་ནས་སྲོང་བཙན་སྐམ་པོར་སྙན་གསེང་ཞུས། མགར་སྟོང་བཙན་བཙན་པོའི་དྲུང་དུ་བྲོས་ཕྱིན་པ་ཟུ་ཙེས་ཤེས་རྗེས་རང་ཉིད་ཀྱི་བུ་ངག་རེ་ཁྱུང་ལ་ཐབས་ཤེས་བསླབས་པ་བཞིན་ཟུ་ཙེས་རང་སྲོག་བཅད། བུ་དེས་ཕ་ཡི་རོ་ཐོག་ནས་མགོ་བོ་བཅད་དེ་སྲོང་བཙན་སྒམ་པོར་ཕུལ་ནས་ཕ་ཡི་ནག་ཉེས་མཚང་འདོན་བྱེད་ཁུལ་བྱས་པར་བརྟེན། བུ་ལ་ཉེས་ཁྲིམས་མེད་པར་གུ་ཡངས་ཐོབ་ཐུབ་པ་བྱུང་བ་བཅས་ཞིབ་པར་ཏུན་ཧོང་ཡིག་ཆར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།