འབུམ་རམས་པ་ཉི་མ་བཀྲ་ཤིས་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་༦༠སོང་རིང་གསོ་སྐྱོང་བྱས་པའི་རང་རྒྱལ་གྱི་བོད་རིགས་ཀྱི་འབུམ་རམས་པ་ཐོག་མའི་གྲས་ཡིན་པ་དང་། ད་ཆ་བོད་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིམ་པ་གཉིས་པའི་ཞིབ་འཇུག་པ་དང་ཡོན་ཀྲང་གི་འགན་འཁུར་བཞིན་ཡོད། ཁོང་གིས་ནས་ཀྱི་འབྱུང་ཁུངས་འཕེལ་འགྱུར་དང་། སོན་གྱི་སྤུས་ཚད་གསལ་འབྱེད་གདེང་འཇོག ནུས་པའི་གཞི་རྒྱུ་སྔོག་འདོན། ནས་ཀྱི་སྣེ་ཁ་སྐྱེད་སྲིང་། འདེབས་གསོའི་ལག་རྩལ། ཁྱད་ལྡན་ཐོན་རྫས་ཞིབ་སྤེལ་སོགས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་ལག་རྩལ་གསར་གཏོད་དང་རྒྱུན་སྤྱོད་ཀྱི་ལས་ཀ་ཡུན་རིང་བསྒྲུབས་ཏེ་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཉི་མ་བཀྲ་ཤིས།
མིང་།ཉི་མ་བཀྲ་ཤིས་
སྐྱེ་ས།ལྷོ་ཁ་ས་ཁུལ། Edit this on Wikidata
རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། Edit this on Wikidata
མ་ཡུམ་སློབ་གྲྭ་Northwest Agricultural University Edit this on Wikidata
ལས་རིགས།agronomist Edit this on Wikidata
སྲིད་ཏང་ཀྲུང་གོ་གུང་ཁྲན་ཏང། Edit this on Wikidata
Template loop detected: Template:Infobox person/Wikidata

གཅིག བོད་ཀྱི་ནས་ཀྱི་ཆ་རྡུལ་སྐྱེ་དངོས་རིག་པའི་ཁྱབ་ཁོངས་སུ་སྣེ་ཁྲིད་དེ་ཞིབ་འཇུག་བྱས་པར་འཕེལ་རིམ་གལ་ཆེན་བྱུང་སྟེ། རང་རྒྱལ་གྱི་ནས་ཀྱི་རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ།

རང་རྒྱལ་གྱི་ནས་ཀྱི་རྨང་གཞིའི་ཞིབ་འཇུག་ཉམས་ཞན་ཡིན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ལོ་བཅུ་ལྷག་ཙམ་ཞིབ་འཇུག་བྱས་པ་བརྒྱུད། ནས་ཀྱི་གཞི་རྒྱུའི་ཚོ་པའི་ཞིབ་དཔྱད་གོ་རིམ་དང་། ནས་ཀྱི་འབྱུང་ཁུངས་གསལ་རྟོགས། དེ་བཞིན་དེ་ས་མཐོའི་ཁོར་ཡུག་ལ་འཚམ་པའི་རང་བཞིན་གྱི་སྐྱེ་དངོས་རིག་པའི་ལམ་སྲོལ་གསལ་སྟོན། ནས་ཀྱི་འགོག་པའི་རང་བཞིན་གྱི་ནུས་པ་ལྡན་པའི་རྒྱུད་ཀྱི་ས་བོན་༡༡ཁེ་ལུང་བྱས་པ་བཅས་ཀྱི་ལས་ཀ་འབོར་ཆེན་ཞིག་ལེགས་གྲུབ་བྱུང་ཡོད།

༼གཅིག༽ནས་ཀྱི་རྒྱུད་ཀྱི་ས་བོན་གྱི་ཚོ་པ་ཧྲིལ་པོའི་བསྟར་བསྒྲིགས་རི་མོ་ཞིབ་ཕྲ་བཟོས་ཏེ། ནས་ས་མཐོར་འཚམ་པའི་རང་བཞིན་གྱི་སྐྱེ་དངོས་རིག་པའི་ལམ་སྲོལ་ཞིབ་འགྲེལ་བྱས་པ། འཛམ་གླིང་ཡོངས་སུ་ནས་ཀྱི་རྒྱུད་ཀྱི་ས་བོན་གྱི་ཚོ་པ་ཧྲིལ་པོའི་བསྟར་བསྒྲིགས་རི་མོ་ཞིབ་ཕྲ་ཐོག་མར་བཟོས་ནས། ཡིད་རྟོན་ཨང་སྒྲིག་གི་སྤྲི་དཀར་གྱི་རྒྱུད་ཀྱི་ས་བོན་༦༡༣༠༣ལ་གསལ་འགྲེལ་བྱས་ཡོད། ནས་ལས་བྱུང་བའི་དྲང་ཕྱོགས་རྒྱུད་ཀྱི་ས་བོན་ཚོ་པ་ཤེས་རྟོགས་ཐུབ་པ་དང་། ཐེ་ཞུགས་སྐྱེ་དངོས་ཀྱི་སྐུལ་རྒྱུའི་བརྡ་རྟགས་བརྒྱུད་འདྲེན་དང་ནད་འབུ་ཕྲ་མོ་འགོག་སྲུང་གི་འགྱུར་འབྱུང་སོགས་ཀྱི་རྒྱུད་ཀྱི་ས་བོན། དྲང་ཕྱོགས་གདམ་གའི་ས་མཐོར་འཚམ་པའི་རང་བཞིན་གྱི་ལམ་སྲོལ་ལྡན་ལུགས་གསལ་པོ་བཏོན་པ། ས་མཐོའི་འཚམ་པའི་རང་བཞིན་གྱི་རྒྱུད་ཀྱི་ས་བོན་༣༦༠ལྷག་ཙམ་གསལ་པོ་བཏོན་པ། རྒྱུད་ཀྱི་ས་བོན་HvCRF༡ས་མཐོའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་ར་སྤྲོད་བྱས་ཡོད། ནས་ཀྱིས་པེན་པིང་ཨན་འབུད་ལེན་ཧྲིལ་པོ་བདམས་པ་བརྒྱུད། ས་མཐོའི་སྨུག་ཕྱིའི་འོད་ཟེར་འགོག་པ་དང་གྲང་འགོག་གི་ཆ་རྡུལ་རྒྱུད་འཛིན་ལམ་སྲོལ་གསལ་སྟོན་བྱས་པ་དང་། གུ་ཨན་སྐྱུར་ཚྭ་སོགས་འབུད་ལེན་ཐབས་ལམ་དང་ནས་ཀྱི་ཐན་འགོག་གི་འབྲེལ་ཡོད་ཆ་རྡུལ་གྱི་རྐྱེན་རྩ་གསལ་བཤད་བྱས་པ། ཁ་ལག་གི་ཚི་སྣའི་འབྱུང་ཁུངས་དཀོན་པའི་ས་མཐོའི་ཁོར་ཡུག་འོག ནས་བཟའ་བཅའ་གཙོ་བོར་བརྩི་བ་འདི་ནི་ས་མཐོའི་ཁོར་ཡུག་ལ་འཚམ་པའི་ལམ་སྲོལ་ཞིག་ཡིན་པ་གསལ་འགྲེལ་བྱས་ཡོད།

༼གཉིས༽ནས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར་གསལ་སྟོན་བྱས་ཏེ། ནས་བོད་དུ་དར་ལུགས་ཁ་གསལ་དུ་བཏང་བ། རི་སྐྱེས་དང་མིས་བཏབ་པའི་གྲོ་དང་ནས་ཀྱི་སྣེ་ཁ་༤༣༨གྱི་རྒྱུད་ཀྱི་ས་བོན་གྱི་ཚོ་པ་ཧྲིལ་པོར་བསྐྱར་དུ་འཇལ་བ་མ་ཟད། གྲོའི་ཚད་འཇལ་དངོས་དཔེ་དག་རི་སྐྱེས་ཀྱི་གྲོ་དང་། ནུབ་ཕྱོགས་ཀྱི་གྲོ། ཤར་ཕྱོགས་ཀྱི་གྲོ། ནས་སོགས་རིགས་བཞིར་PCAཡིས་དབྱེ་ཞིབ་བྱེད་སྐབས། ནས་ནི་རི་སྐྱེས་ཀྱི་གྲོ་ནས་རིམ་བཞིན་ཞིང་ལས་སྐྱེ་དངོས་སུ་གྱུར་པའི་ཤར་རྒྱུད་ཀྱི་གྲོ་ལས་བྱུང་བ་མ་ཟད། ཕ་ཁི་སི་ཐན་གྱི་བྱང་རྒྱུད་དང་། རྒྱ་གར་དང་ནེ་པ་ལ་ནས་བོད་ཀྱི་ལྷོ་རྒྱུད་དུ་དར་ལུགས་ཤེས་པ་དང་། ཞིབ་འཇུག་ལས་ནས་ལ་རྨང་གཞི་འདིང་བའི་ནུས་འབྲས་ལྡན་པ་ཤེས་ཡོད། ནས་ཀྱི་ཞིང་ལས་སྐྱེ་དངོས་སུ་གྱུར་པའི་འགག་རྩའི་རྒྱུད་ཀྱི་ས་བོན་ལྔའི་མཚན་རྐྱང་པ་དེ་རི་སྐྱེས་གྲོ་སྐྱེ་ས་དང་འཚམ་པོ་ཡོད་པས། གྲོ་མཚོ་བོད་ས་མཐོ་ནས་འབྱུང་ལུགས་བཤད་པར་དགག་པ་བརྒྱབ་ཡོད།

༼གསུམ༽ནས་ཀྱི་འགོག་ནུས་དང་འབྲེལ་བ་ཡོད་པའི་SSH-cDNAཡི་དཔྱད་གཞིའི་མཛོད་བཙུགས་ནས། ནས་ཀྱི་འགོག་ནུས་ཆེན་པོ་ལྡན་པའི་རྒྱུད་ཀྱི་ས་བོན་༡༡ཁེ་ལུང་བྱས་ཡོད། མཚོ་བོད་ས་མཐོའི་རང་བྱུང་ཁོར་ཡུག་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པས། ནས་ཀྱི་སྣེ་ཁའི་ཐོན་འབབ་མཐོ་ལ་བརྟན་པ་དང་། གཉན་འགོག་གི་ནུས་པ་ཡང་ཆེན་པོ་ཡོད། འགོག་ནུས་ཀྱི་རྒྱུད་ཀྱི་ས་བོན་ལེགས་པོ་སྔོག་འདོན་བྱ་ཆེད། SSHཡི་ལག་རྩལ་སྤྱད་དེ་ཐན་པ་དང་། ཏན་ཚོད་འཛིན། དྲོད་ཚད་དམའ་བ། བ་ཚྭ་སོགས་ནས་ཀྱི་གཉན་འགོག་བཙན་སྐུལ་གྱི་རྒྱུད་ཀྱི་ས་བོན་དང་དེ་བཞིན་སྙེ་ནག་ནད་དང་། བཙའ་དཀར་ནད། སེར་ཐུང་ནད་སོགས་ནས་ཀྱི་ནད་འགོག་རྒྱུད་ཀྱི་ས་བོན་ཧེ་བག་ལྡན་པའི་མངོན་ཚུལ་གྱི་དཔྱད་གཞིའི་མཛོད་རེ་བཙུགས་པ་རེད། ལོ་ཏོག་མི་ཉལ་བ་དང་འབྲེལ་བ་ཡོད་པའི་QTL༥༣གྱི་མཚོན་རྟགས་གསལ་པོ་བཀོད་ཡོད། HbERA༡དང་། HBSINA༤ SnRK༢.༤ HbTsil hbSYR༡ Hva༡-hvསོགས་ནས་ཀྱི་ཐན་འགོག་དང་འབྲེལ་བ་ཡོད་པའི་རྒྱུད་ཀྱི་ས་བོན་ཁེ་ལུང་བྱས་པ་དང་། འོད་འདྲེས་ཀྱི་ནུས་པ་དང་འབྲེལ་བ་ཡོད་པའི་རྒྱུད་ཀྱི་ས་བོན་༣ཁེ་ལུང་བྱས་པ། རྒྱུད་ཀྱི་ས་བོན་HvVRN༡དང་HvVRN༢ནས་ཀྱི་སོན་ལ་བཞའ་འགུག་པའི་རྒྱུད་ཀྱི་ས་བོན་གཙོ་བོ་ཡིན་པ་ར་སྤྲོད་བྱས་ཡོད།

གཉིས། ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ལག་རྩལ་མ་ལག་བཏོད་པ། ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་རུ་གཏོང་བའི་ནས་ཀྱི་སྣེ་ཁ་གསར་པ་སྐྱེད་སྲིང་བྱས་པས། ནས་འདེབས་པའི་ལག་རྩལ་གྱི་ཡར་རྒྱས་ལ་སྐུལ་མ་ཐེབས་པ།

ནས་ནི་རང་རྒྱལ་བོད་རིགས་ས་ཁུལ་གྱི་འབྲུ་རིགས་གཙོ་བོ་ཡིན་ལ། ཞིང་ཁུལ་གྱི་གཟན་རྩྭའི་ཡོང་ཁུངས་གཙོ་བོ་ཡང་རེད། ནས་ཀྱིས་བོད་ཀྱི་འབྲུ་རིགས་ཐོན་འབོར་ཀྱི་༨༠%ཙམ་བཟུང་བ་དང་། ཞིང་ཁུལ་གྱི་གཟན་རྩྭའི་༦༠%ཙམ་བཟུང་ཡོད། ནས་ཀྱི་མུའུ་རེའི་ཐོན་ཚད་ཀྱི་ཐོན་འབབ་འཕར་གྱི་མེད་པ་དང་མྱུ་གུ་རིང་པོ་མེད་པས་གཟན་རྩྭ་མང་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ལོ་༣༠ཙམ་རིང་ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ནས་ཀྱི་སྣེ་ཁ་གསར་པ་སྐྱེད་སྲིང་དང་བེད་སྤྱོད་བྱས་པས་འཕེལ་རིམ་གལ་ཆེན་བྱུང་ཡོད།

༼གཅིག༽ནས་སོན་གྱི་ཐོན་ཁུངས་ལ་གོ་རིམ་ལྡན་པའི་སྒོ་ནས་གསལ་འབྱེད་དང་གདེང་འཇོག་བྱས་ཏེ། ནས་སོན་གྱི་ལྟེ་བའི་མཛོད་བཙུགས་པ། ས་བབ་མཐོ་ཚད་དང་ས་ཁམས་མི་འདྲ་བའི་ནས་ཀྱི་སོན་༣༠༤༧ཙམ་རྒྱ་ཁྱབ་ངང་བསྡུ་རུབ་དང་གསོག་ཉར་བྱས་ཏེ། སོན་གྱི་སྣེ་ཁ་༦༠༠༠ཙམ་མཛོད་ཉར་བྱས་ཡོད། ཞིང་ལས་ལག་རྩལ་གྱི་ངོ་བོ་ལྡན་པའི་སྒོ་ནས་གསལ་འབྱེད་གདེང་འཇོག་དང་SSRསོགས་ཀྱི་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ། རང་རྒྱལ་གྱི་ནས་ཀྱི་རྒྱུན་འཛིན་སྣེ་མང་རང་བཞིན་ཡིན་པ་གསལ་བཤད་བྱས་པ་དང་། ཕྱི་ཕྱོགས་ཀྱི་རྒྱུད་ཀྱི་ས་བོན་ལེགས་པོ་དྲངས་ནས་ལེགས་བཅོས་དང་། གཞི་ཁྱོན་ཆེན་པོས་འདེབས་པ་དང་ཐོན་འབབ་མཐོ་བའི་ནས་ཀྱི་སྣེ་ཁ་གསར་པ་བདམས་གསོའི་བསམ་ཕྱོགས་བཏོན་ཡོད། ས་བབ་མཐོ་དམན་གྱི་སྣོར་བཅུད་ཁོར་ཡུག་དང་ཆུ་ལུད་ཀྱི་ཆ་རྐྱེན་མི་འདྲ་བའི་འོག ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ལག་རྩལ་གྱི་མ་ལག་ཐོག་མར་བཏོད་པ་དང་། ནས་སོན་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་བཙུགས་པ། འདེབས་གསོའི་སྒུལ་རྣམ་གྱི་རྒྱུད་ཀྱི་ས་བོན་མཛོད་༢༠༠བསྐྲུན་པ། སོན་བཟང་ཁག་༡༡༧ཡག་སྒྲུག་བརྒྱབ་ཡོད།

༼གཉིས༽ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ལག་རྩལ་མ་ལག་བཏོད་པ་དང་། ནས་ཀྱི་སོན་གསར་པ་༥༡བཏོད་པ། ཐོན་འབབ་མཐོ་ལ་གཟན་རྩྭ་མང་བའི་ལོ་ཏོག་མི་ཉལ་བའི་སོན་བཟང་འདེམས་གསོའི་དམིགས་ཚད་བཏོན་པ་དང་། ས་བབ་མཐོ་དམན་གྱི་སོན་སྡེབ་རེས་དང་། ས་ཐག་ཉེ་རིང་གི་སོན་སྡེབ་པ། ངོ་བོ་གསབ་རེས་ཀྱི་ནས་སོན་སྐྱེད་སྲིང་བྱེད་ཐབས་གསར་པ་བཏོད་པ། གཞི་ཁྱོན་ཆེན་པོས་ཡུལ་གཞན་གྱི་སོན་འདེབས་མང་དུ་གཏོང་བ་དང་སྔོན་དུས་ཀྱི་སོན་འདེབས་ཉུང་དུ་ཐོག་མར་བཏང་བ། ས་བབ་མི་འདྲ་བ་དང་ཆུ་ལུད་མི་འདྲ་བའི་ཞིང་ས་ལོ་མང་དང་ཕྱོགས་མང་པོས་གསལ་འབྱེད་ཡག་སྒྲུག་བརྒྱབ་པ་བརྒྱུད། ཁང་ནང་གི་འགོག་ནུས་གཞིར་བཟུང་གསལ་འབྱེད་བྱས་ཏེ། སྤུས་ལེགས་སོན་གསར་༥༡གསར་དུ་བཏོད་ནས། སྣོད་བཅུད་ཁུལ་མི་འདྲ་བར་འདེབས་པར་འཚམ་པའི་ནས་སོན་གསར་པ་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

༼གསུམ༽མཚོ་བོད་ས་མཐོའི་སྣོད་བཅུད་ཁུལ་མི་འདྲ་བར་འདེབས་པར་འཚམ་པའི་ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ནས་སོན་གསར་པ་༡༡སྐྱེད་སྲིང་བྱས་པ་ལས། ནས་སོན་འདེབས་གསོའི་ཆུ་ཚད་མཐོ་རུ་ཕྱིན་པ། གསར་གཏོད་བྱས་པའི་ནས་སོན་གསར་པ་སྤྱད་པ་དང་གསར་གཏོད་བྱས་པའི་ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ལག་རྩལ་མཐུན་སྦྱོར་གདམ་གསེས་ཀྱི་འདེབས་གསོའི་ལག་རྩལ་མ་ལག་སྤྱད་ནས། མཚོ་བོད་ས་མཐོའི་སྣོད་བཅུད་ཁུལ་མི་འདྲ་བར་འདེབས་པར་འཚམ་པའི་ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་ལག་རྩལ་གྱི་ནས་སོན་གསར་པ་༡༡སྐྱེད་སྲིང་བྱས་ཡོད། དེའི་ཁྲོད་བོད་ནས་ཨང་༢༠༠༠པ་ལུང་ཤུར་གྱི་ཞིང་ཁུལ་དུ་འདེབས་པར་འཚམ་པ་ནི་བོད་ཀྱི་མིག་སྔའི་ནས་སོན་གཙོ་བོའི་གྲས་ཤིག་ཡིན་པ་དེས་མཚོ་བོད་ས་མཐོའི་ནས་འདེབས་ཁྱོན་གྱི་༤༠%ཡན་བཟུང་བ་དང་། བོད་ནས་ཨང་༦༩༠པ་ནི་བོད་ཀྱི་མཐོ་གྲང་ཞིང་ཁུལ་གྱི་ཁྱབ་གདལ་གཙོ་བོ་གཏོང་བའི་སོན་རིགས་ཤིག་ཡིན་པ་དེས་སོན་བཟང་འདེབས་ཁྱོན་གྱི་༩༠%ཡན་བཟུང་བ། དགུན་ནས་ཨང་༡༨པ་ནི་བོད་ཀྱི་དགུན་ནས་ཀྱི་ཁྱབ་གདལ་གཙོ་བོ་གཏོང་བའི་སོན་རིགས་ཤིག་ཡིན་པ་དེས་དགུན་ནས་འདེབས་ཁྱོན་གྱི་༧༨%བཟུང་ཡོད།

གསུམ་པ། ནས་སོན་གསར་པའི་ཐོན་འབབ་མཐོ་བའི་འདེབས་གསོའི་ལག་རྩལ་མ་ལག་བཙུགས་པ་དང་ནས་ལས་སྣོན་ལག་རྩལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱས་པ།

རང་སྐྱོང་ལྗོངས་ནས་ཀྱི་ཐོན་འཕར་བྱ་སྤྱོད་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་ངོས་ནས། ལྗོངས་ཡོངས་ཀྱི་ལག་རྩལ་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། ནས་ཀྱི་ཚད་ལྡན་འདེབས་རྩལ་ཞིབ་བཟོ་དང་འདུས་གྲུབ་བཀོལ་སྤྱོད་བྱས་པ་དང་། ནས་ཀྱི་ལས་སྣོན་ལག་རྩལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་བ། ནས་ཀྱི་ཐོན་འཕར་ནུས་ཆེ་དང་ཐོན་ལས་དབུལ་སྐྱོར་ལ་རམ་འདེགས་བྱས་ཡོད།

༼གཅིག༽ ནས་ཚད་ལྡན་འདེབས་གསོའི་ལག་རྩལ་ཞིབ་བཟོ་བྱས་ཏེ་ནས་སོན་གསར་པའི་འདེབས་གསོའི་ལག་རྩལ་མ་ལག་བཙུགས་པ། མྱུ་གུ་རིང་བའི་ནས་སོན་གསར་པའི་ཐོན་འཕར་གྱི་འདེབས་གསོའི་ལག་རྩལ་གྱི་དགོས་མཁོར་དམིགས་ཏེ། ནས་ཀྱི་ཚོགས་སྤྱིའི་ཐོན་འབོར་གྲུབ་ཆ་དང་། ཚོགས་སྤྱིའི་སྤུས་ཚད་ཀྱི་བླང་བྱ། ལུད་ཆུ་རྒྱག་སྟངས་དང་འཚར་དུས་ཀྱི་དམིགས་ཚད་བཅས་བཏོན་པའི་ཁར། ས་བབ་མི་འདྲ་བའི་ཁུལ་དུ་གྲངས་ཚད་གཏན་འཁེལ་གྱི་འདེབས་གསོ་ཚོད་ལྟ་བྱས་ཏེ། ནས་སོན་གསར་པར་མྱུ་གུ་རིང་པོ་སྐྱེ་ཐུབ་པ་དང་། ལོ་ཏོག་མི་ཉལ་བ། ཐོན་འཕར་འགན་ལེན་བཅས་ཀྱི་ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བའི་འདེབས་གསོའི་ལམ་སྲོལ་གསལ་སྟོན་བྱས་ཡོད། ནས་སོན་གསར་པའི་ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོ་ཡོང་བ་དང་། སྤུས་ཚད་བརྟན་པོ་དང་ལོ་ཏོག་མི་ཉལ་བའི་འདེབས་གསོའི་ལག་རྩལ་མ་ལག་བཙུགས་ཏེ། ནས་ཐོན་སྐྱེད་ཀྱི་ས་གནས་ཀྱི་ཚད་གཞི་༥དང་སྐྱེ་དངོས་ཐོན་སྐྱེད་ལག་རྩལ་གྱི་སྒྲིག་སྲོལ་༨བཟོས་ཏེ་ཡོངས་བསྒྲགས་བྱས་པ་དང་། རྒྱ་བོད་ཤན་སྦྱར་གྱི་ལག་རྩལ་ལག་དེབ་༦དང་བརྒྱུད་ལམ་སྣ་མང་གི་བརྙན་པར་བསླབ་གཞི་༢སྒྲིག་བཟོ་བྱས་པ། འབྲེལ་ཡོད་དེབ་ཁྲི་༢༠ལྷག་ཙམ་སྤྲད་ཡོད།

༼གཉིས༽ནས་ཀྱི་སོན་བཟང་འདེབས་སྟངས་ལེགས་པ་འདུས་གྲུབ་བཀོལ་སྤྱོད་བྱེད་ཐབས་བཙུགས་པ་དང་། སོན་བཟང་འདེབས་སྟངས་ལེགས་པོ་མགྱོགས་མྱུར་ཁྱོན་ཡོངས་ལ་ཁྱབ་སྟེ། ནས་སོན་གསར་བརྗེ་ཐུབ་པ། “སྲིད་ཇུས་དང་། ཞིབ་འཇུག ཐོན་སྐྱེད། བཀོལ་སྤྱོད”བཅས་ཕྱོགས་བཞི་གཞི་གཅིག་གི་ནས་སོན་གསར་པ་ཁྱབ་གདལ་གཏོང་ཐབས་གསར་གཏོད་བྱས་ཤིང་། བོད་རིགས་ས་ཁུལ་དུ་བོད་ནས་ཨང་༢༠༠༠པ་དང་དགུན་ནས་ཨང་༡༨པ་སོགས་མུའུ་ཁྲི་༡༦༡དཔེ་སྟོན་ཁྱབ་གདལ་བཏང་བ་དེས་བོད་རིགས་ས་ཁུལ་ཀྱི་ནས་འདེབས་ཁྱོན་གྱི་༤༠%ཡན་བཟུང་ཡོད། རིམ་རྩིས་བྱས་ན་ནས་ཏུན་ཁྲི་༡༩.༠༦འཕར་བ་དང་། སོག་མ་ཐོན་ཚད་ཏུན་ཁྲི་༢༢.༨༧ཡན་འཕར་བ་དང་། དེ་བཞིན་དགུན་ནས་བསྐྱར་འདེབས་ཀྱི་སྤུས་ལེགས་གཟན་རྩྭ་ཡང་ཐོན་འཕར་བྱུང་བས། ནས་དང་གཟན་རྩྭ་གཉིས་ཀའི་ཐོན་འབབ་མཐོ་པོར་སྐུལ་མ་ཐེབས་པ་དང་། སྤྱི་ཚོགས་ལ་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་༢༧.༣༧བྱུང་བས་མཐའ་སྐྱོང་བོད་བརྟན་ལ་ཚན་རྩལ་གྱི་འདེགས་སྐྱོར་ཐུབ་ཡོད།

༼གསུམ༽ནས་ཀྱི་ལས་སྣོན་ལག་རྩལ་ཞིབ་འཇུག་དང་ཐོན་རྫས་གསར་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ནས་ཀྱི་ཁྱད་ལྡན་ཐོན་རྫས་ཁག་གཅིག་ཞིབ་བཟོ་བྱས་པ། རྒྱལ་ནང་དུ་ནས་ལ་βརྒུན་འབྲུམ་མངར་ཆ་སོགས་ཀྱི་གྲུབ་ཆ་ལྡན་ལུགས་ཅུང་སྔ་ཙམ་ནས་བཏོན་པ་དང་། ད་དུང་སིང་ཕྱེ་ཕྲན་བུ་འདུས་ཚད་༡༠༠%དང་βརྒུན་འབྲུམ་མངར་ཆ་འདུས་ཚད་༡༠%ཡན་གྱི་ནས་ཀྱི་རིགས་རྒྱུད་གསར་པ་༡༢༧༧སོགས་གསལ་འབྱེད་ཐུབ་ཡོད། རྒྱལ་ནང་གི་ནས་ཀྱི་ལས་སྣོན་ལག་རྩལ་གསར་གཏོད་ལས་སྟེགས་དང་པོ་བཙུགས་ཏེ། ཡོས་དང་། ནས་ཀྱི་ཨ་རག ནས་ཀྱི་ཏན་ཞིམ་སོགས་ཁྱད་ལྡན་ཐོན་རྫས་ཞིབ་སྤེལ་བྱས་པ་དེ་བོད་ཀྱི་ནས་ཀྱི་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་གཙོ་བོ་ཞིག་ཏུ་གྱུར་ཡོད། རྩམ་པ་སྟོང་ཐུམ་རྒྱག་སྟངས་ཞིབ་བཟོ་བྱས་པ་དང་ནས་ཆང་ཐོན་ཚད་དང་སྤུས་ཚད་འགན་ལེན་དུས་ཚོད་སོགས་འགག་རྩའི་ལག་རྩལ་མཐོ་རུ་བཏང་བས། ནས་ཀྱི་སྲོལ་རྒྱུན་བཟའ་བཅའི་ལས་སྣོན་ཐོན་ལས་ཀྱི་སྤུས་མཐོ་ནུས་ཆེར་རྒྱུར་སྐུལ་མ་ཐེབས་ཡོད།

ཉི་མ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་ཐེངས་༤སྒྲིག་འཛུགས་དང་། རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་༦གཙོ་གཉེར་བྱས་པ་ལས། ས་མཐོའི་རི་ཁུལ་གྱི་ཞིང་ལས་ཁྱབ་ཁོངས་ཀྱི་རིག་གཞུང་སྤེལ་རེས་ལ་སྐུལ་མ་ཐེབས་པ་དང་། རྒྱལ་ཁབ་ཀྱི་མི་ཁྲིའི་འཆར་གཞི་དང་བརྒྱ་སྟོང་ཁྲིའི་ཤེས་ལྡན་པའི་འདུ་འགོད་ཀྱི་རྒྱལ་ཁབ་རིམ་པའི་འོས་མིར་བདམས་པ། རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་གྱི་སྣེ་ཁྲིད་པར་གྱུར་པ། ཁོང་གིས་སྣེ་ཁྲིད་པའི་ཚོགས་པ་རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ་དང་རྒྱལ་ཡོངས་ཀྱི་ཞིང་ལས་ཕུལ་བྱུང་ཤེས་ལྡན་པ་དང་གསར་གཏོད་ཚོགས་པར་བདམས་པ། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བཙུགས་པའི་ནས་སོན་དང་འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་མཉམ་གཏོད་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་བོད་རིགས་ས་ཁུལ་གྱི་ནས་ཀྱི་སྐྱེ་དངོས་རིག་པ་དང་རྒྱུད་པ་གསོ་སྤེལ་གྱི་གཙོ་གནད་ཚོད་ལྟ་ཁང་སོགས་ཀྱི་ཀྲུའུ་རེན་བྱས་པ། ནས་སོན་གྱི་ཐོན་ཁུངས་དང་ཆ་རྡུལ་འདེབས་གསོའི་གསར་གཏོད་ཚོགས་པ་བཙུགས་པ་བཅས་བྱས་ཏེ། ནས་ཀྱི་རིག་ཚན་འཛུགས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

མེས་རྒྱལ་ལ་དགའ་ཞེན་ཆེ་ཞིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སློབ་སྦྱོང་ལ་འབད་བརྩོན་ཆེ་ཞིང་སློབ་སྲོལ་བཟང་བ་བཅས་ཀྱི་འབུམ་རམས་པ་ཉི་མ་བཀྲ་ཤིས་ལ། ནས་སོན་གྱི་ཐོན་ཁུངས་དང་། ནུས་པའི་རྒྱུད་ཀྱི་ས་བོན་སྔོག་འདོན། ནས་ཀྱི་འབྱུང་ཁུངས་འཕེལ་འགྱུར་དང་ས་མཐོར་འཚམ་པའི་རང་བཞིན་གྱི་ལམ་སྲོལ་ཞིབ་འཇུག་བཅས་ཀྱི་ཐད་རིག་གཞུང་གི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ནས་ཀྱི་ནུས་པའི་རྒྱུད་ཀྱི་ས་བོན་༧ལ་མཚོན་རྟགས་བཀོད་པ་དང་། རྒྱུད་ཀྱི་ས་བོན་༡༡ཁེ་ལུང་བྱས་པ། ནས་སོན་༥༡གསར་གཏོད་བྱས་པ། སོན་གསར་༡༡སྐྱེད་སྲིང་བྱས་པ་ལས་བོད་ནས་ཨང་༢༠༠༠པ་དང་དགུན་ནས་༡༨པ་སོགས་བཏབ་པས། བོད་ཀྱི་ནས་སོན་ལ་གསར་བརྗེ་བྱུང་སྟེ། དུས་ཡུན་རིང་མོར་བོད་ཀྱི་ནས་འདེབས་ཁྱོན་གྱི་༥༠%ཡན་བཟུང་བ་དང་། ས་གནས་ཀྱི་ཚད་གཞི་༡༣བཟོས་ནས་ཁྱད་ལྡན་ཐོན་རྫས་གསར་པ་༥ཞིབ་འཇུག་གསར་སྤེལ་བྱས་པ། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་༢ཐོབ་པ། འདོན་ཐེངས་དང་པོའམ་ཡང་ན་འཕྲིན་གཏོང་གི་རྩོམ་པ་པོའི་མིང་ཐོག་ནསNCདང་། PNAC BMC Genomicsསོགས་དུས་དེབ་ཐོག་དཔྱད་རྩོམ་༤༧སྤེལ་བ། དབྱིན་ཡིག་གི་ཆེད་རྩོམ་༣དང་། རྒྱ་ཡིག་གི་ཆེད་རྩོམ་༧ རང་ཉིད་ཀྱིས་གཙོ་སྒྲིག་བྱས་པའི་བོད་ཡིག་གི་ཚན་རིག་ཁྱབ་གདལ་སྐོར་གྱི་དེབ་༢༧བཅས་དཔེ་སྐྲུན་བྱས་པ། འབུམ་རམས་པའི་སློབ་མ་༢དང་ཤེས་རམས་པའི་སློབ་མ་༡༢གཞན་དང་མཉམ་ལས་ཀྱིས་གསོ་སྐྱོང་བྱས་པ། དེ་སྔོན་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་དང་། ཀྲུང་གོའི་གཞོན་ནུའི་ཚན་རྩལ་བྱ་དགའ། ཧོ་ལན་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་སོགས་ཐོབ་པ། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་བྱ་དགའ་༡༥ཐོབ་པའི་ནང་ལེགས་གྲུབ་བྱེད་མཁན་དང་པོ་ངོས་ནས་ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་གྱི་བྱ་དགའ་རིམ་པ་དང་པོ་ཐེངས་༢ཐོབ་ཡོད་པ་རེད།