Open main menu

Wikipedia β

ར་མོ་ཆེའི་གཙུག་ལག་ཁང་།

ར་མོ་ཆེའི་གཙུག་ལག་ཁང་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད་པ་སྟེ། ཐོག་མ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ལྕགས་གླང(༦༤༡)ལོར་ཐང་གི་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་སྟོན་པ་དགུང་ལོ་བཅུ་གཉིས་ལ་སོན་པའི་འདྲ་སྐུ་འདི་རྫོང་སྐལ་དུ་གནང་བ་ལྟར་མིས་འདྲེན་ཤིང་རྟ་འཁོར་ལོའི་ཐོག་བཞག་ནས་བོད་ལ་གདན་དྲངས་ཏེ་ཀོང་ཇོ་འཁོར་བཅས་ལྷ་སའི་བྱང་ངོས་ར་མོ་ཆེའི་ཕྱི་ངོས་ཀྱི་ཐང་ཆེན་དུ་འབྱོར་སྐབས་འཁོར་ལོ་འདམ་རྫབ་ཀྱི་ནང་བྱིང་སྟེ་གྱད་ཆེན་གྱིས་ག་ཚོད་འཐེན་ཀྱང་རང་སར་ལུས་རྐྱེན་ཇོ་བོའི་སྐུ་དེའི་མཐའ་བཞིར་ཀ་བ་བཙུགས། དར་དཀར་གྱི་ཡོལ་བ་བྲེས། མཆོད་པ་ཕུལ། དེ་ནས་སྤོར་ཐང་གི་གབ་རྩེ་བཏིང་ནས་བརྩིས་པས་ར་མོ་ཆེའི་ས་དེ་ཀླུའི་ཕོ་བྲང་ཡིན་པ་དང་དེར་ཇོ་བོ་བཞུགས་སུ་གསོལ་ན་ཀླུ་ནོན་པར་ཤེས་ཏེ་རྒྱ་ནག་ནས་བཟོ་བོ་མཁས་པ་མང་པོ་བོས་ཏེ་གཙུག་ལག་ཁང་གི་རྨང་བཏིང་བས་དུས་ཡུན་ལོ་གཅིག་ལ་གྲུབ་སྟེ་འཕྲུལ་སྣང་གཙུག་ལག་ཁང་དང་ལྷན་ཅིག་ཏུ་ལེགས་སྒྲུབ་མཛད། ལྷ་ཁང་འདིའི་སྒོ་ཡང་ཤར་ཕྱོགས་རྒྱ་ནག་ཏུ་གཏད། རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་འདས་རྗེས་རྒྱ་བཟའི་ཞལ་བཀོད་ལྟར་སྐབས་དེར་ལྷ་ས་གཙུག་ལག་ཁང་གི་ཇོ་བོ་དང་ར་མོ་ཆེའི་ཇོ་བོ་བཞུགས་ས་བརྗེས་ཏེ་བལ་བཟའི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་ལྷ་ཁང་དེའི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ཁོང་གི་དངོས་སློབ་མཁར་ནག་ལོ་ཙྰ་བས་མཛད་པ་དེའི་ནང་འཁོད་དོན་དུ། སྐྱིད་ཤོད་སྡེ་པ་དོན་གྲུབ་རྒྱལ་པོས་དགའ་ལྡན་ཁང་གསར་གྱི་ཁང་པ་གསར་རྒྱག་བྱས་རྗེས་རབ་གནས་སུ་གདན་དྲངས། དགའ་ལྡན་ཁང་གསར་གྱི་མདུན་ངོས་ལྷ་ས་གྲོང་ཁྱེར་དང་། རྒྱབ་ཕྱོགས་སྤངས་གཤོང་དང་། ར་མོ་ཆེ་གཙུག་ལག་ཁང་ཡོད་པར་བཤད་། བོད་སིལ་བུའི་དུས་སྐབས་སུ་ར་མོ་ཆེ་གཙུག་ལག་ཁང་འདིར་པ་ཚབ་ལོ་ཙཱ་བ་དང་། དེའི་དངོས་སློབ་རྣམས་རྒྱུན་རིང་བཞུགས་ཤིང་། པ་ཚབ་ལོ་ཙཱ་བས་གཙུག་ལག་ཁང་འདིར《དབུ་མ་འཇུག་པ》དང《དེའི་རང་འགྲེལ》བཅས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད་པ་དང་། རྗེ་ཙོང་ཁ་པའི་རྩ་བའི་བླ་མ་འགྲན་གྱི་དོ་མེད་བཞིའི་ནང་ཚན་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གནས་འདིར་ཕེབས་སྐབས་ཤིང་སེ་བའི་སྡོང་པོ་ཞིག་ཡོད་པ་དེ་ནམ་ཡིན་ཀྱང་ལྷོ་ནུབ་མགོན་པོ་གྲི་གུག་དམར་པོར་དངོས་སུ་གྱུར་ནས་ཞལ་གཟིགས་པའི་གཟིགས་སྣང་འཁྲུངས་པར་བརྟེན་དེ་ནས་ཤིང་སེ་བའི་སྡོང་པོ་དེ་ནང་བཞུགས་སུ་བྱས་ཏེ་མགོན་པོའི་སྐུ་བཞེངས་པ་དེ་ལ་དེང་སང་མགོན་པོ་སེ་སྡོང་མར་གྲགས་པ་འདི་བྱུང་། རབ་བྱུང་བརྒྱད་པའི་ཤིང་རྟ(༡༤༧༤)ལོརརྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱིས་དབུས་སྟོད་བྱམས་པ་གླིང་དུ་རྒྱུད་སྟོད་གྲྭ་ཚང་ཐོག་མར་ཕྱག་བཏབ་རྗེས་སྐུ་ཚེའི་སྨད་དུ་ལྷ་ས་ཁུལ་དུ་སྐྱིད་ཆུ་རྒྱས་ཏེ་ཆུ་ལོག་གིས་གྲོང་ཁྱེར་འཇིག་ལ་ཐུག་པའི་ཉེན་ཁ་ཧ་ཅང་ཆེ་བའི་སྐབས་དེར་སྐྱིད་ཤོད་སྡེ་པས་རྗེ་བཙུན་ཀུན་དགའ་དོན་གྲུབ་གཙོ་བོར་བཞུགས་པའི་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་ཡོངས་རྫོགས་ཆུ་ལོག་བཟློག་པའི་སྐུ་རིམ་ལ་གདན་དྲངས་པ་བཞིན་དཔལ་རྡོ་རྗེ་འཇིགས་བྱེད་དང་ཁྲོ་བོ་བཅུའི་སྲུང་བཟློག་ཟུང་དུ་འབྲེལ་བའི་སྒོ་ནས་གཏོར་ཆེན་འཕངས་པར་མཛད་པས་ཆུ་ལོག་གི་གནོད་པ་རང་སར་ཞི་ནས་གྲོང་ཁྱེར་གྱི་མི་གྲངས་ཁྲི་སྟོང་མང་པོའི་སྲོག་སྐྱོབ་ཐུབ་པ་བྱུང་བ་དེའི་བཀའ་དྲིན་གསབ་ཆེད་དུ་ར་མོ་ཆེ་གཙུག་ལག་ཁང་དང་ནང་གི་རྟེན་གསུམ་བཅས་ཡོངས་སུ་རྫོགས་པ་ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་ནམ་གནས་བར་དུ་རྒྱུད་སྟོད་གྲྭ་ཚང་གི་ཚོགས་ཁང་དུ་འབུལ་སྦྱོར་མཛད་པ་ཡིན་ཅིང་། དེ་ནས་བཟུང་ད་ལྟའི་བར་རྒྱུད་སྟོད་གྲྭ་ཚང་གི་གཙོ་བོའི་བཞུགས་གནས་ར་མོ་ཆེར་མཛད་པ་འདི་བྱུང་། དེ་ནས་རབ་བྱུང་དགུ་པའི་ས་ཁྱི(༡༥༣༨)ལོར་སྣེའུ་དྲུང་ཆེན་དཔལ་འབྱོར་རྒྱལ་པོའི་ཇོ་མོ་སྔ་རྟིང་གཉིས་བྱུང་བའི་སྔ་མ་འོལ་ཁ་སྟག་རྩེ་ནས་ཡིན་པའི་སྲས་མོ་ཞིག་ཡོད་པ་དེ་ལ་བུ་མོ་གཅིག་བྱུང་བའི་མིང་ངག་དབང་རྒྱལ་མོ་ཟེར་བ་དེས་དོག་བདེ་ལྷོ་ངོས་གཞིས་ཀར་ཟུར་སྡོད་བྱས་པའི་མིང་ལ་དཔོན་ས་ལྷོ་ངོས་མ་ཟེར། དེས་གཙུག་ལག་ཁང་འདིར་སེ་རའི་དགེ་འདུན་པ་རྣམས་གདན་དྲངས་ནས་ཞོགས་ཚོགས་སུ་སྨན་བླ་དང་། དགོང་ཚོགས་སུ་ལྷ་ས་སྨོན་ལམ་ཆེན་མོ་དང་ཁྱད་མེད་པའི་ཆོ་འཕྲུལ་སྨོན་ལམ་དུས་མཆོད་བཙུགས་པ་ལ་ཡོངས་གྲགས་སུ་ར་ཆེ་སྨོན་ལམ་ཟེར། དུས་རབས་བཅུ་བདུན་པའི་མགོར་ཇོ་ནང་ཏཱ་ར་ནཱ་ཐ་ལྷ་སར་ཕེབས་སྐབས་ར་མོ་ཆེ་གཙུག་ལག་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་ཚུལ་ཁོང་གི་རྣམ་ཐར་རང་རྩོམ་གྱི་ནང་གསལ་ཞིང་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ལྷ་སར་བཞུགས་སྐབས་ཐེངས་གཅིག་སྐྱིད་ཤོད་ནང་སོ་དོན་གྲུབ་རྒྱལ་པོས་དགའ་ལྡན་ཁང་གསར་དུ་གདན་དྲངས་སྐབས་དགའ་ལྡན་ཁང་གསར་ལྷ་ས་གྲོང་ཁྱེར་གྱི་ཕྱི་ལ་ཡོད་ཚུལ་རྣམ་ཐར་ནང་གསལ་། ལྷ་ཁང་འདིར་བཞུགས་པའི་རྟེན་གསུམ་དང་ལྡེབས་བྲིས་སྐོར་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག》དང《ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་མཛད་པའི་རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་བགྱིས་པའི་དཀར་ཆག》ཅེས་པ་གཉིས་སུ་གསལ་བ་ལྟར་གཙུག་ལག་ཁང་འདིར་བལ་བཟའི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྟོ་རྗེ་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བ་དང་ དེའི་གཡས་ངོས་སུ་རྗེ་ཙོང་ཁ་པའི་སྐུ་བརྙན་རྗེ་རང་ཉིད་ཀྱིས་རབ་གནས་གནང་བ། ཇོ་བོའི་སྐུ་པང་དུ་བལ་བཟའི་རྟེན་སྐལ་ཙནྡན་གྱི་སྒྲོལ་མ། འཁོར་ཉེ་བའི་སྲས་ཆེན་བརྒྱད། སྒོ་འགྲམ་གཡས་གཡོན་ལ་ཁྲོ་བོ་ཕྱག་ན་རྡོ་རྗེ་དང་དབྱུག་སྔོན་ཅན། སྒོའི་ཕྱི་འགྲམ་དུ་རྒྱལ་ཆེན་བཞི། ཤ་རིའི་བུ་དང་མོའུ་འགལ་གྱི་བུའི་སྐུ་གདུང་བཞུགས་པའི་ས་འབུམ་མཆོད་རྟེན་གཉིས། ཁྱོན་ཀྱི་ལྡེབས་བྲིས་སུ་བསྐལ་བཟང་སངས་རྒྱས་སྟོང་དང་མཛད་པ་བཅུ་གཉིས། ཤམ་བྷ་ལའི་ཞིང་བཀོད། སྐོར་ལམ་ཕྱི་མའི་སྒོའི་ནང་འགྲམ་དུ་མངོན་པ་མཛོད་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་བསམ་ཡས་ལྡེབས་བྲིས་ལྟར་བཀོད་པ། སྒྲོལ་དཀར་དང་། ཚེ་དཔག་མེད་ རྣམ་རྒྱལ་མ་བཅས་ཀྱི་བྲིས་སྐུ་སྟོང་ཚར་རེ། བར་ཐོག་སྨན་བླ་ལྷ་ཁང་དུ་གོང་གསལ་དཔོན་ས་ལྷོ་ངོས་མའི་འཁྲུངས་རྟགས་སུ་བཞེངས་པའི་སྨན་བླ་བདེ་གཤེགས་བརྒྱད་དང་། སྲོང་བཙན་སྒམ་པོ། རྒྱ་བཟའ། བལ་བཟའ་བཅས་ཀྱི་སྐུ། ཐོག་མ་སྨན་བླ་ཁང་གི་སྟེང་དུ་རྒྱ་ཕིབས་ཡོད་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྨན་བླ་ཁང་གི་སྟེང་དུ་སླར་ཡང་ཐོག་སོ་གཅིག་སྤར་ནས་རྒྱ་ཕིབས་མཐོ་རུ་བཏང་ཐོག རྒྱ་ཕིབས་འོག་གི་ལྷ་ཁང་དེར་ཐུབ་པའི་དབང་པོ་གནས་བརྟན་བཅུ་དྲུག་དགེ་བསྙེན་ཧ་ཤང་། རྒྱལ་ཆེན་བཞི་དང་བཅས་པའི་འཇིམ་སྐུ་བཞེངས་གནང་མཛད་ཅིང་། ལྷ་ཁང་དེར་རྒྱུད་སྟོད་བླ་མ་དབུ་མཛད་རིམ་བྱོན་རྣམས་མཛད་འཁུར་སྐྱོང་རིང་བཞུགས་ཡུལ་གཏན་འཇགས་བྱེད་སྲོལ་ཡོད། སྒོ་འགྲམ་གྱི་མགོན་ཁང་དུ་མགོན་པོ་སེ་སྡོང་གི་འཇིམ་སྐུ་དང་། དེའི་གཡས་ངོས་ཀྱི་ལྡེབས་བྲིས་སུ་གནས་སྲུང་གཡུ་སྒྲོན་མའི་སྐུ་བརྙན། རྒྱལ་སྒོའི་ནང་འགྲམ་དུ་རྒྱ་བཟས་བཙུགས་པ་ཡིན་ཟེར་བའི་རྒྱ་ལྕང་ཆེན་པོ་ཞིག་བཅས་ཡོད། སྒོ་འཕྱོར་སྟེང་གི་བར་ཐོག་རབ་གསལ་དང་། གཟིམ་ཆུང་མདོ་སྦུག བྱང་ངོས་ཀྱི་ལས་ཤག་དང་། གཉེར་ཚང་། མཁན་པོའི་གཟིམ་ཆུང་བཅས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་གཙུག་ལག་ཁང་འདིར་ཉམས་གསོ་ཆེན་པོ་གནང་སྐབས་གསར་སྐྲུན་མཛད་པ་དང་ སྟེང་ཐོག་གི་རབ་གསལ་དང་། གཟིམ་ཆུང་མདོ་སྦུག སྒོ་འཕྱོར། ཞབས་ཕྱི་ཁང་བཅས་ནི་བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་རྒྱུད་སྟོད་ཕྱག་མཛོད་མི་ཉག་ཆོས་འཕེལ་དང་། ཕུ་ཁང་འུ་དྲུང་། ཨ་མདོ་བསྟན་འཛིན་སོགས་ཀྱི་རིང་གསར་བཞེངས་བྱས་པ་ཡིན། ར་མོ་ཆེ་གཙུག་ལག་ཁང་གི་སྒོ་ཤར་ལ་གཏད་ཡོད། ཐོག་མར་རྒྱ་བཟའ་ཀོང་ཇོས་ནང་ས་ནས་ཤིང་བཟོ་དང་འཇིམ་བཟོ་བ་མང་པོ་ཞིག་སྐོང་སྟེ་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་འདི་ཉིད་བཟོ་སྐྲུན་མཛད་སྐབས་ར་མོ་ཆེ་གཙུག་ལག་ཁང་གི་ཐོག་མའི་བཟོ་བཀོད་སྤྱིར་ན་རྒྱ་ལུགས་ཀྱི་བཟོ་དབྱིབས་དང་མཚུངས་ཤིང་། ཐོག་ས་རིམ་རྩེགས་ཆགས་ཏེ་གསེར་གྱི་རྒྱ་ཕིབས་ཀྱི་འོད་ཟེར་འཕྲོས་པ་ན་ཤིན་དུ་བརྗིད་ཉམས་ལྡན་ལ་ལྟ་ན་སྡུག་པ་ཞིག་ཡོད། འོན་ཀྱང་ལོ་ངོ་སྟོང་ཕྲག་གི་རིང་སྤྱི་ཚོགས་ཀྱི་འཕོ་འགྱུར་རིམ་བྱུང་ནང་ཐོར་ཞིག་ཏུ་ཕྱིན་པར་བརྟེན་རྗེས་སུ་ཡང་བསྐྱར་བོད་ལུགས་ཀྱི་བཟོ་བཀོད་ལ་གཞིགས་ཏེ་ཞིག་གསོ་བྱས་ཡོད་ཅིང་། ད་ལྟའི་འདུ་ཁང་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ༢༡༠༠ལྷག་ཙམ་ཟིན་ཡོད། འོག་ཤོད་ནི་འདུ་ཁང་དང་ལྷ་ཁང་བཅས་ཁག་གཉིས་ལས་གྲུབ་པ་དང་ཕྱི་རོལ་གྱི་མཐའ་འཁོར་དུ་སྐོར་ལམ་ཕྱི་ནང་གཉིས་ཡོད་པ་ལས་སྐོར་ལམ་ཕྱི་མར་མ་ཎེ་འཁོར་ལོ་བཙུགས་ཡོད། བཟོ་དབྱིབས་ཀྱི་བཀོད་པ་དེ་ཚོས་བོད་ལྗོངས་གནའ་བོའི་དགོན་པའི་བཟོ་བཀོད་ཀྱི་རྣམ་པ་མཚོན་ཡོད་པ་དེ་དག་ནི་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཉམས་གསོ་གནང་བ་ཞིག་ཡིན། དུས་ཕྱིས་རིག་གནས་གསར་བརྗེའི་ལས་འགུལ་སྐབས་ར་མོ་ཆེར་གཏོར་སྐྱོན་ཚབས་ཆེན་ཕོག་ཏེ་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡང་སྐབས་ཤིག་རིང་རྩ་བརླག་འགྲོ་ཉེར་ཐུག་ཀྱང་རིག་གསར་རྗེས(ལོ་རབས་བརྒྱད་ཅུ་པའི་ནང)ཏང་དང་སྲིད་གཞུང་ནས་ཐུགས་འཁུར་གང་ཆེ་གནང་བ་བརྒྱུད་སྐུ་སྟོད་རྒྱ་ནག་ནས་བཙལ་རྙེད་བྱུང་སྟེ་བོད་དུ་གདན་དྲངས་ནས་ཕེབས་བསུའི་སེར་སྦྲེང་སོགས་མཛད་སྒོ་གང་རྒྱས་ཐོག་སྔར་རྒྱུན་བཞིན་ར་ཆེའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བ་ལགས་སོ། །༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
[[Category:དུང་དཀར་ཚིག་མཛོད་ཆེན་མོ་]