རིག་འཛིན་ཀུ་མཱ་རཱ་ཛ།

གྲུབ་ཆེན་མེ་ལོང་རྡོ་རྗེའི་སློབ་མ་འདི་ཉིད་ཡབ་བསོད་ནམས་དཔལ་དང་ཡུམ་ཁྱེ་བཟའ་འབུམ་མེ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་མེ་སྟག(༡༢༦༦)ལོར་གཡོ་རུ་འོན་པར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་དུ་འཁྲུངས། མཚན་ཐར་པ་རྒྱན་དུ་བཏགས། དགུང་ལོ་བདུན་པ་ལ་བླ་མ་དགྱེས་རྡོར་བ་ལས་ཀྱེེ་རྡོ་རྗེ་དང་བདེ་མཆོག་གི་དབང་ཞུས། དགུང་ལོ་དགུ་པར་མཁན་པོ་གཙང་པ་ལས་དགེ་བསྙེན་བསྒྲུབས། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་རྣམས་ཞུས། དགུང་ལོ་བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་པ་བ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་པོར་གསོལ། ཆོས་འདུལ་བ་ལ་བསླབས། རིན་པོ་ཆེ་གྲགས་ཡེར་བ་ལས་ལོ་ལྔའི་བར་དུ་ནཱ་རོ་ཆོས་དྲུག་ལ་སོགས་པ་དང་། འཚར་སྟེངས་པ་ལས་རྟགས་གཉིས་གསན། དཔོན་སངས་ཤེ་ལས་བཟོ་རིག་པར་སྦྱངས་བརྩོན་མཛད། ཁྱུང་ནག་ཤཱཀ་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། དེ་ནས་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་ཕག་མོའི་ཆོས་སྐོར་སོགས་གསན་ནས་བསྙེན་པ་མཛད། ཤཱཀ་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། མཚུར་ཕུར་བྱོན་ནས་བླ་མ་གཉན་རས་དང་དར་མ་མགོན་པོ་ལས་ཀརྨ་པའི་ཆོས་སྐོར་རྣམས་གསན། དེ་ནས་རྒྱ་སྨན་པ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང་། སྐལ་ལྡན་པ་ཆོས་ཀྱི་སེང་གེ་ལས་གསང་བ་གནད་ཀྱི་མེ་ལོང་སོགས་རྫོགས་ཆེན་གསང་བའི་སྐོར་ཞུས། སླར་མཁར་ཆུར་གྲུབ་ཆེན་མེ་ལོང་རྡོ་རྗེར་གསང་བ་སྙིང་ཏིག་དབང་ཁྲིད་གདམས་པ་དང་བཅས་པ་ལེགས་པར་ཐོབ། རྗེ་འདི་བླ་མར་བསྟེན་ནས་ལོ་བརྒྱད་བཞུགས། དེ་ནས་ཡར་ལུང་མཚར་སྟེངས་ཀྱི་རི་ཁྲོད་བཏབ་ནས་སྒྲུབ་པ་མཛད། མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ཏེ་སྙིང་ཏིག་གི་གདམས་པ་རྣམས་ཕུལ། སྔ་རྗེས་སུ་སློབ་དཔོན་སྒོམ་པ། དཔོན་པོ་བྱང་ཆུབ་སྒྲུབ། ཨོ་རྒྱན་པ་རིན་ཆེན་དཔལ། བླ་མ་བཀྲ་ལུང་པ། སློབ་དཔོན་ཡེ་ཤེས་མགོན་ལ་སོགས་པ་བཤེས་མཉེན་མང་དག་ལས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་ཀྱི་སྐོར། ཨ་རོའི་ཁྲིད་མོ་ཆེ་དོན་སྐོར་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད། ཆོས་ཕྱིར་དཀའ་སྤྱད་བཟོད་པས་ཙཱ་རི་གསར་མ་བགྲོད་ནས་རྙིང་མའི་གཡུ་མཚོའི་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་བཞུགས། ཐུགས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རྒྱུད་བརླན་པས་རྟག་ཏུ་ཤམ་པ་ལ་སོགས་གངས་ཁྲོད་དང་ལུང་སྟོང་འབའ་ཞིག་ཏུ་ལྷག་སྐྱོབ་ཙམ་ལ་བརྟེན་ནས་རི་ཁྲོད་དང་གསང་ཁྲོད་ལ་བཞུགས་ཏེ་སྒྲུབ་པ་སྙིང་པོར་མཛད། ཀརྨ་པ་རང་བྱུང་རྡོ་རྗེ་ལ་སོགས་པའི་དམ་པ་མང་པོར་གསང་བ་བླ་ན་མེད་པའི་ཟབ་ཆོས་མང་དུ་གནང་། ལམ་རྒྱ་དང་ཉ་རྒྱ་དང་རི་རྒྱ་ལ་སོགས་ཀོང་པོ་ནས་གཡེ་ལ་ཐུག་གི་བར་དུ་བསྡམས། སྙིང་ཐིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར་ཆོས་ཀྱི་རང་སྐད་གྲུབ་མཐའ་རྩལ་དུ་བཏོན་ནས་གསུངས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གོམས་པས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་གྲོང་དང་ཡུལ་འཁོར་མང་པོ་དག་ལ་ཐར་པའི་ས་བོན་འདེབས་པ་ཁོ་ན་ལྷུར་ལེན་མཛད་པ་སོགས་འགྲོ་དོན་བསམ་གྱི་མི་ཁྱབ་པའི་དགུང་ལོ་དོན་བརྒྱད་ལ་ཕེབས་པ་རབ་བྱུང་དྲུག་པའི་ཆུ་ལུག(༡༣༤༣)ལོར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དྲང་སྲོང་ཙོག་པུའི་འདུག་སྟངས་དང་། ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ལས་ཞལ་འཛུམ་པར་གཤེགས་སོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།