རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ།

འབྲི་གུང་གདན་རབས་བཅུ་བདུན་པ་འདི་ཉིད་ཡུལ་ལྷ་བོ་སྟོད་དུ་ཕོ་བྲང་རྣམ་སྲས་གླིང་བྱ་བར་ཡབ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ལེགས་ལྡན་རིན་ཆེན་དཔལ་བཟང་པོ་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ས་ཡོས(༡༥༡༩)ལོར་སྐུ་བལྟམས། གཅུང་རིན་པོ་ཆེ་་རྡོ་རྗེ་གྲགས་པའི་རྣམ་སྤྲུལ་དུ་གྲགས། ཡི་གེ་འབྲི་ཀློག་སྦྱངས་པ་ལ་ཐོགས་མེད་དུ་མཁྱེན། དགུང་ལོ་བཅུ་པ་ལ་མཁན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དབང་ཆོས་ཀྱང་མང་་དུ་ཞུས། ཁུ་བོ་རྒྱལ་བ་རིན་ཆེན་ཕུན་ཚོགས་ལས་འབྲི་གུང་པའི་ཆོས་མཛོད་མཐའ་དག་གསན། དེ་བཞིན་ཀརྨ་བརྒྱད་པ་མི་བསྐྱོད་རྡོ་རྗེ། ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གཏེར་སྟོན་ཞིག་པོ་གླིང་པ། མཁན་ཆེན་ཀུན་དགའ་བཀྲ་ཤིས་སོགས་ཡོངས་འཛིན་དུ་མ་ལས་གསར་རྙིང་གི་དབང་ཆོས་མཐའ་ཡས་པ་གསན། དགུང་ལོ་བཅུ་དྲུག་བཞེས་པ་ཤིང་རྟ(༡༥༣༤)ལོར་འབྲི་གུང་གདན་ཁྲིར་མངའ་གསོལ། གླིང་རིན་པོ་ཆེའི་ཆོས་ཁྲིམས་དང་། འབངས་སྲིད་རྣམས་ལའང་དགེ་བ་བཅུའི་ཁྲིམས་དམ་པར་མཛད་ཅིང་མཛད་འཕྲིན་རྒྱས། དགུང་ལོ་བཅོ་བརྒྱད་པ་ལ་བསྙེན་པར་རྫོགས། ལོ་དེར་རྒྱལ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཀོང་པོ་ནས་འབྲི་གུང་དུ་སྤྱན་དྲངས། རྗེ་དེ་ལས་ཟབ་ཆོས་མང་དུ་གསན། ཁྱད་པར་ནཱ་རོའི་ཆོས་དྲུག་གི་ཁྲིད་དང་། རྒྱལ་གྱི་ཉ་བར་རས་པ་སྟོང་ལྷག་གི་རས་ཕུད་མཛད། སྔར་གྱི་ཕྱག་སྲོལདབྱར་ཆོས་དགུན་ཆོས་སོགས་དང་། ཐེལ་གྱི་ཐོག་ཁ་གསེར་ཁང་། འཛམ་གླིང་རྒྱན་སྒོ་མང་སོགས་ཀྱི་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང། མཚེའུ་ཁའི་ཕོ་བྲང་སོགས་ཞིག་གསོ། གླིང་གི་མཚམས་གྲྭ་ལོ་གསུམ་གྱི་བརྗེ་ལེན། མཁན་སློབ་ཆོས་མསུམ། ཏི་སེ། ལ་ཕྱི། ཙྭ་རི་སོགས་གནས་གསུམ་གྱི་རྡོ་འཚིན་དགོན་སྡེ་སོ་སོའི་བླ་མ་བཅས་བསྐོ་གཞག ཚེས་དྲུག་དུས་མཆོད་ཆེན་མོ། སོས་གཏོར་སོགས་སྔར་སྲོལ་སོགས་རྣམས་མི་ཉམས་ཤིང་ཆེར་ཆེར་རྒྱས་པར་མཛད། སྐབས་ཤིག་ཡར་ལུང་པ་དང་། བསམ་ཡས། སྐྱིད་ཤོད་པ་སོགས་ཀྱི་དམག་དཔུང་ལྟོས་ཆེ་བས་འབྲི་བསྟན་ལ་ཐོ་འཚམས་བྱང་བ་ཕ་རོལ་པ་རྣམས་རྨེག་མེད་དུ་བཅོམ། དགུང་ལོ་སུམ་ཅུ་པར་མཛོ་སེར་དང་། འབབ་རོམ། སྒོམ་སྡེ་སོགས་བྱང་ཕྱོགས་ཀྱི་ཡུལ་དང་། དེ་ནས་མདོ་སྟོད་ཨ་ལ་རྔོད་རྣམས་སུ་ཕེབས་ཤིང་། གདུལ་བྱ་རྣམས་ལ་དབང་ཆོས་ཟབ་རྒྱས་གནང་། སྐབས་དེའི་ཚེ་རྒྱ་ནག་ཏུ་མུ་གེ་ལ་སོགས་ལྟས་མི་ཤེས་པ་བྱུང་བར་སྤོར་ཐང་གི་རྩིས་མོ་བཏབ་པས་བོད་དུ་བྱང་ཆུབ་སེམས་དཔའ་ཞིག་ཡོད་པས་དེ་ལ་ལུང་ལས་སོགས་ཕུལ་ན་དགེ་ཞིང་བཀྲ་ཤིས་པ་ཡོང་བའི་ལུང་བྱུང་བར། འབྲི་ཕག་ས་ཀར་སོགས་ཀྱི་མཚན་བྱང་བཀྲམ་སྟེ། ལུང་ལས་གང་ལ་འབུལ་སྨོད་བོར་དམ་ཁ་འཕངས་པས། རྗེ་འདིའི་མཚན་བྱང་ལ་འབབས་པ་བཞིན་ཕོ་ཉ་མངགས་ཏེ། འཇའ་ས་དང་ཤེལ་ཐམ་གོས་དར་གསེར་དངུལ་སོགས་རྟེན་ཆས་དངོམ་ཆེ་བ་ཕུལ། ལྕགས་ཕག(༡༥༥༡)ལོར་རྒྱལ་བའི་བཀའ་འགྱུར་རོ་ཅོག་མཐིང་ཤོག་གི་ངོས་ལ་གསེར་འཇམ་དང། བསྟན་འགྱུར་རྣམས་གསེར་དངུལ་ཕྲ་ཅན་ད་མཞེངས་པའི་དབུ་ཚུགས། དུས་དེ་མཉམ་སངས་རྒྱས་ཀྱི་འཁྲུངས་རབས། འཕགས་པའི་གནས་བརྟན་བཅུ་དྲུག་གདན་རབས་རྟོགས་བརྗོད་བཅས་ཀྱི་བྲིས་ཐང་། གསེར་དངུལ་ལས་བླ་མ་སངས་རྒྱས་བྱང་སེམས་འགའ་ཞིག་གི་སྐུ་བརྙན། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བཀའ་བརྒྱུད་རིན་པོ་ཆེ་འདི་ཉིད་ཀྱི་གོང་མ་ན་རིམ་དང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་བཀའ་འབུམ་བཅས་གཞེངས་པར་མཛད། སྐུ་རབ་པ་དང་། རྩེད་ཐང་པ། འཕྱོངས་རྒྱས་པ་སོགས་ཀྱི་རྩེར་དམག་གིས་བསྐོར་བ་ལ་འདུམ་ཆིངས་སུ་རྗེ་འདི་ཡར་ལུང་ལ་ཕེབས། སྡེ་ཁག་སོ་སོར་བཀའ་གན་མཛད་པས་འདུམ་ཆིངས་ཁས་བླངས་པས་བདེ་འཇགས་ལ་འཁོད། དེ་རྗེས་བྱང་ནས་ཧོར་གྱི་གདན་ཞུས་བྱུང་བར། ཤོ་མོན་འཛོམ་རར་ཕེབས། ཧོར་ཀརྨ་དཔལ་དང་ཁྲོ་རྒྱལ་འབུམ་གཉིས་མ་དན་པར་འཁྲུག་བསྡུམས་ཏེ་ཐུགས་དམ་གཏོར་འོག་ཏུ་དྲངས། ཤིང་གླང(༡༥༦༥)ལོར་གཅུང་པཎ་ཆེན་དཔལ་གྱི་རྒྱ་མཚོ་གདན་སར་དབང་བསྐུར་བར་མཛད། དེ་རྗེས་མང་ཡུལ་ལ་དྭགས་སུ་བྱོན། རྒྱལ་པོའི་བླ་མཆོད་དུ་གྱུར་ནས་བཟུང་མང་ཡུལ་གྱི་རྒྱལ་པོ་འབྲི་གུང་གི་སྦྱིན་བདག་གཙོ་བོར་གྱུར། མང་ཡུལ་དུ་དགོན་གནས་ཀྱང་མང་དུ་ཆགས། རྗེ་འདི་ལ་སློབ་མ་ཆོས་ཀྱི་ཕྱོགས་ལས་རྣམ་རྒྱལ། སྣང་གསལ་བ་ཀུན་དགའ་ཆེ་མཆོག་གངས་དཀར་རས་ཆེན། ལྡན་ཆོས་རྗེ་སྐུ་མཆེད། འབབ་རོམ་པའི་ཆོས་རྗེ་སོགས་རང་གཞན་གྱི་སློབ་མའི་ཚོགས་ཤིན་ཏུ་མང་པོ་བྱུང། མཐར་དགུང་ལོ་ང་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་པའི་མེ་བྱི(༡༥༧༦)ལོར་མཚེའུ་ཁར་སྐུ་མྱ་ངན་ལས་འདས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།