རིན་པོ་ཆེ་རྡོ་རྗེ་རིན་ཆེན།
འབྲི་གུང་གདན་རབས་བརྒྱད་པ་འདི་ཉིད་འབྲི་གུང་གཞུ་སྨད་ཀྱི་སའི་ཆ་ལས་འཇོན་མ་ཞེས་པའི་ཡུལ་དུ་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་རབ་བྱུང་ལྔ་པའི་ས་སྟག(༡༢༧༨)ལོར་སྐུ་བལྟམས། དགུང་ལོ་དྲུག་པ་ལ་རྗེ་མཚམས་བཅད་པ་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་རིན་ཆེན་ཞེས་གནང་། ལོ་གཉིས་ཀྱི་བར་ཟབ་ཆོས་མང་དུ་གསན། དགུང་ལོ་བཅུ་གསུམ་ལ་ཕེབས་པ་ལྕགས་སྟག(༡༢༩༠)ལོར་འབྲི་གུང་གླིང་ལོག་བྱུང་སྟེ་རྗེ་ཉིད་སྐུ་མཆེད་དང་བཅས་པ་ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་ཀྱིས་ཀོང་པོར་གདན་དྲངས། ལོ་གསུམ་བར་བཞུགས། གདུང་ལོ་བཅུ་དྲུག་པ་ལ་ཀོང་པོ་ནས་སྤྱན་དྲངས། མཚེའུ་ཁ་ཐང་དུ་བདེ་ལྡན་ཞེས་པའི་ཕོ་བྲང་ཆེན་པོར་བཞུགས་ཤིང་རེ་ཞིག་བར་སློབ་གཉེར་གྱིས་ཐོས་བསམ་གྱི་སྒྲོ་འདོགས་ཐམས་ཅད་བཅད་ཅིང་། རྒྱལ་བའིགསུང་རབ་ཀྱི་དགོངས་དོན་ལ་བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་གྱུར། དགུང་ལོ་བཅུ་དགུ་པ་མེ་སྤྲེལ(༡༢༩༦)ལོར་གདན་སར་མངའ་གསོལ་ནས་ལོ་དེར་བྱང་ཆུབ་ཀྱི་གླིང་རིན་པོ་ཆེ་གསོ་བར་མཛད། དེ་ནས་གླིང་ལོག་སྐབས་ཉམས་ཆག་གཏོར་བརླག་ཏུ་སོང་བའི་སྐུ་གསུང་ཐུགས་རྟེན་ཉམས་གསོ་དང་གསར་བཞེངས་ཀྱིས་ལྷ་སྐུ་དང་མཆོད་རྟེན་རྣམས་ལ་གསེར་གྱིལྡེ་གུས་བྱུགས། རྗེ་འཇིག་རྟེན་གསུམ་གྱི་མགོན་པོའི་སྐུ་བརྙན་གསེར་ཁང་ཆོས་རྗེར་གྲགས་པ་དེ་སྔོན་བྱེ་གཤོངས་སུ་སྦས་པ་ཡང་སྤྱན་དྲངས། དགུང་ལོ་ཉི་ཤུ་པར་ཚོགས་པ་བསྐྱངས། དགེ་འདུན་གྱི་ཚོགས་ཁྲི་ཁྲག་བཅུ་གསུམ་ཙམ་འདུས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་དུས་རྣམ་པ་ཀུན་ཏུ་བསྐོར་བར་མཛད་པ་དབྱར་ཆོས་དགུན་ཆོས་སུ་གྲགས། དབྱར་ཆོས་ནི་མདུན་ཐང་སོགས་ཐང་ཡངས་སར་སྒར་བཏབ་སྟེ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་གསུངས་ནས། དགེ་འདུན་རྣམས་ལྕོག་པུའི་བརྟུལ་ཞུགས་ལ་གནས་ཏེ་ཕྱག་རྒྱ་ཆེན་པོ་བསྒོམས་ནས་རྟོགས་དོན་མངོན་དུ་འགྱུར་བ་མཛད་པ་དང་། དགུན་ཆོས་ལ་བླ་གཡེལ་དུ་ནཱ་རོའི་ཆོས་དྲུག་གི་ཁྲིད་ཀྱིས་སྨིན་པར་མཛད་དེ། དགེ་འདུན་རྣམས་རས་རྐྱང་གི་བརྟུལ་ཞུགས་ཀྱིས་གཏུམ་མོའི་བདེ་དྲོད་ཀྱི་ལང་ཚོ་ངོམ་པར་མཛད། དེ་དག་གི་ཆོས་སྔ་ཕྱིར་རྒྱབ་ཆོས་སུ་གོང་མ་རྣམས་ཀྱི་བཀའ་འབུམ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་སོགས་སྨིན་གྲོལ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། དགུང་ལོ་ཉེར་གཅིག་པ་ལ་ཐོག་ཁ་གསེར་ཁང་དུ་ལོ་བདུན་གྱི་བར་འདག་སྦྱར་མཛད་ཅིང་ཟབ་མོའི་རྣལ་འབྱོར་ལྷུར་ལེན་པར་མཛད། དགུང་ལོ་ཉེར་བརྒྱད་པ་ལ་སྔོན་གྱི་དུས་ལྟར། གངས་ཏི་སི། ལ་ཕྱི། ཙ་རི་ཧྲ་སོགས་ལ་སྒོམ་ཆེན་སྟོང་ལས་མི་ཉུང་བ་བརྫངས་ཤིང་། དགེ་འདུན་རྣམས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་བརྩོན་པ་ཤ་སྟག་གིས་ཁྱབ་པར་མཛད་པ་སོགས་བཀའ་བརྒྱུད་སྤྱི་བྱེ་བྲག་ལ་བཀའ་དྲིན་བསམ་བརྗོད་ལས་འདས། དེ་ལྟར་ལོ་བཅོ་བརྒྱད་བར་ཚོགས་པ་བསྐྱངས་ནས་དགུང་ལོ་སོ་བདུན་ལ་ཕེབས་པ་རབ་བྱུང་ལྔ་པའི་ཤིང་སྟག(༡༣༡༤)ལོར་སྐུའི་དཀྱིལ་འཁོར་དག་པའི་དབྱིངས་སུ་ཐིམ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།