རིན་སྤུངས་ནོར་བུ་བཟང་པོ།
རབ་བྱུང་བདུན་པའི་ཆུ་ལུག(༡༤༠༣)ལོར་ཡབ་ནམ་མཁའ་རྒྱལ་པོའི་སྲས་སུ་འཁྲུངས། དེས་སྣེ་གདོང་དབང་གྲགས་པ་འབྱུང་གནས་ཀྱི་བློན་པོ་མཛད། ཡབ་མེས་ཀྱི་དུས་ལྟར་རྫོང་སྡོད་དང་ཁྲི་དཔོན་གྱི་ལས་ཀ་བླངས། ཡར་ལུང་པ་ཨ་འབུམ་གྱིས་བཀོད་པའི་རིན་སྤུངས་པའི་གདུང་རབས་ནང་། ནོར་བུ་བཟང་པོས་དགུང་ལོ་བཅུ་གཉིས་ནས་རིན་སྤུངས་ཀྱི་འགན་བཞེས། དགུང་ལོ་བཅོ་ལྔ་ལ་ཤངས་འབྲོང་པོ་སྒང་པ་དང་དཔོན་གཡོག་མཛད། སྟག་གླིང་སྐྱུར་གསུམ་བཏུལ། ཤངས་ལུང་པ་ཁ་གཙང་ཞབས་སུ་བཅུག། བྱང་རྒྱུད་མུན་འཚུབས་པ་དེ་བདེ་འཇམ་ཡུག་གཅིག་ཏུ་བཏང་། ཤངས་རོང་གི་དམག་དང་བཅས་གཞིས་ཀ་བསམ་གྲུབ་རྩེ་བརྩིས་བཞེས། འཕྱོང་རྒྱས་པ་རང་ཡུལ་དུ་བརྫངས། གཙང་རོང་ཤངས་གསུམ་ལྷད་མེད་ཀྱིས་སྐྱོང་དར་གནང་ཞེས་འཁོད་པ་ལྟར་ཤིང་ཡོས(༡༤༣༥)ལོར་ནོར་བུ་བཟང་པོས་བསམ་གྲུབ་རྩེའི་རྫོང་དཔོན་མཛད་དེ་གཞུང་ཕལ་ཆེར་གྱི་སྲིད་དབང་བཟུང་པས་འདི་ནས་ཕག་གྲུའི་སྲིད་དབང་འཐོར་འགོ་ཚུགས། རབ་བྱུང་བདུན་པའི་མེ་ལུག(༡༤༢༧)ལོར་ནོར་བུ་བཟང་པོས་རོང་བྱམས་ཆེན་གྱི་ཆོས་སྡེ་དང་གཙུག་ལག་ཁང་ཆེན་པོའི་གཞི་བཏིང་ནས་ལོ་ངོ་བདུན་ལ་གྲུབ་པ་དང་། དགེ་འདུན་རྣམས་ལ་འཚོ་བའི་མཐུན་རྐྱེན་གྱ་ནོམ་པ་སྦྱར། དགུང་ལོ་སོ་ལྔ་བཞེས་པ་མེ་སྦྲུལ(༡༤༣༧)ལོར་འབྲས་ཡུལ་སྐྱེད་ཚལ་ཆོས་སྡེ་ཕྱག་བཏབ་པ་བཅས་ཆོས་སྡེ་ཡས་མས་ལ་དབྱར་དགུན་དཔྱིད་ཆོས་ཀྱི་ཕོགས་སོགས་མཐུན་རྐྱེན་སྦྱར། དགུང་ལོ་དྲུག་བཅུ་རེ་དྲུག་པར་གསེར་ཟངས་ལས་གྲུབ་པའི་རོང་བྱམས་ཆེན་སྐུ་ཚད་ཕལ་པ་ཐོག་སོ་དགུ་ཡོད་པ་བཞེངས་བགོ་ཚུགས་ནས་ལོ་དྲུག་ལ་ལེགས་པར་གྲུབ་པ་དང་འབྲེལ་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་བཞེངས། རབ་གནས་སུ་རྒྱ་གར་ནས་པཎ་ཆེན་ནགས་ཀྱི་རིན་ཆེན་སྤྱན་དྲངས་པ་དང་། བྲག་དམར་ཆོས་སྡེ་རྙིང་པའི་འདབས་སུ་སྤྱིལ་བུ་བརྒྱ་ཕྲག་ཙམ་བརྩིགས་ཏེ་ཐོས་བསམ་སྒོམ་པ་ཚུལ་བཞིན་བྱེད་པའི་འདུས་གྲྭ་བཙུགས་པ་སོགས་རིས་མེད་ཀྱི་གྲུབ་མཐའ་ཐམས་ཅད་བསྙེན་བཀུར་བླ་ན་མེད་པ་མཛད། ཕག་མོ་གྲུ་པའི་གདུང་རྒྱུད་རྣམས་དང་དབོན་ཞང་འབྲེལ་བས་ཆབ་སྲིད་ཀྱི་ནང་ལ་མཐོང་བཟོས་ཆེ། བྱམས་ཆེན་བཞེངས་གྲུབ་ནས་མི་རིང་བར་གཤེགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།