རིན་སྤུངས་པ་ངག་དབང་འཇིགས་གྲགས།
རབ་བྱུང་བརྒྱད་པའི་ཆུ་སྟག(༡༤༨༢)ལོར་ཡབ་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། སློབ་དཔོན་མཁས་པ་དུ་མ་བསྟེན་ནས་རིག་གནས་ཆེ་ཆུང་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ཤིང་མཁྱེན་རབ་ཀྱི་ཀློང་རྣམ་པར་ཡངས་པས་རྒྱལ་པོ་པཎྜི་ཏའི་རྣམ་ཐར་བཟུང་ཞིང་། རབ་བྱུང་དགུ་པའི་ས་ཡོས(༡༥༡༩)ལོར་ས་སྐྱ་པཎྜི་ཏའི་རྣམ་ཐར་སྐལ་བཟང་ལེགས་ལམ་མཛད་པ་དང་། ལྕགས་སྦྲུལ(༡༥༢༡)ལོར《མངོན་བརྗོད་མཁས་པའི་རྣ་རྒྱན》དང་། མེ་ཁྱི(༡༥༢༦)ལོར《སྙན་འགྲེལ་མི་འཇིགས་སངྒེའི་ང་རོ》མེ་སྦྲུལ(༡༥༥༧)ལོར《ཤམ་བྷ་ལའི་ལམ་ཡིག》སོགས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་མང་དུ་མཛད་དེ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཕྱག་རྗེས་ཆེ། རྗེ་འདིས་ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པས་ཁྱད་པར་དུ་འཕགས་པ་བཞེངས་ཤིང་། རྗེ་ཀུན་དགའ་གྲོལ་མཆོག་པ་རབ་གནས་སུ་གདན་དྲངས། ས་སྐྱ་དང་བྱང་བདག་པ་མ་མཐུན་པས་ས་སྐྱའི་རྒྱབ་རོགས་ངག་དབང་འཇིགས་གྲགས་པས་མཛད། ཆུ་ཕག(༡༥༦༣)ལོར་རིན་སྤུངས་པའི་དམག་གཡས་རུ་བྱང་པའི་སྟེང་དུ་བཏེགས་པའི་ཚེ་སྡེ་པ་ངག་དབང་འཇིགས་གྲགས་རང་ཡང་དཔུང་ཧྲག་དང་བཅས་དམག་རྒྱབ་ཏུ་ཕེབས་སྐབས་ལམ་ཞོར་དུ་བྱ་རྒོད་གཤོངས་པ་རྣམས་བརྡུངས་པས་དགེ་འདུན་པ་ཚོལའང་འོ་བརྒྱལ་ཆེ་བ་བྱུང། ལོ་དེ་གར་འབངས་གྱེན་ལོག་ལྟ་བུ་བྱས། དེ་རྗེས་རིན་སྤུངས་པས་རྒྱལ་རྩེ་བ་དང་། འབྲོང་རྩེ་བ། སྣར་ཐང་སོགས་ལ་དཔུང་འཇུག་ཁ་གཡར་བྱས་ན་ཡང་དེ་དག་གི་རྒྱབ་སྐྱོར་ཞིང་ཤག་པས་བྱས་སྟབས་རིན་སྤུངས་པ་ཕམ་ཁ་བསྟུད་མར་བྱུང་སྟེ་ངག་དབང་འཇིགས་གྲགས་ཀྱི་མངའ་ཐང་ཕལ་ཆེར་ཤོར་ནས་རིན་སྤུངས་པས་བོད་ལ་དབང་བསྒྱུར་པའི་མཇུག་ཀྱང་དེའི་དུས་སུ་བསྒྲིལ་ཏོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།