རུ་ལས་སྐྱེས།
(ངར་སོས་པོའམ་ཁུ་བོ་ལྷ་བུ་སྨོན་གཟུང་ཡང་ཞུ)འཕྲུལ་བློན་མཛངས་མི་མདུན་གྱི་ཐོག་མ་དང་བོད་རྒྱལ་པུ་དེ་གུང་རྒྱལ་གྱི་བློན་པོ། ཧ་ལམ་སྤྱི་ལོའི་དུས་རབས་དང་པོ་ཙམ་ལ་བྱུང་བར་གསུངས། འདི་ཉིད་བོད་རྒྱལ་པུ་དེ་གུང་རྒྱལ་དང་ཡུམ་གཅིག་པ་ཡིན་ཞེས་དང་། རུས་ཚན་བཀྲགས་ཀྱི་རྒྱུད་པ་ཡིན་སོགས་གསུང་ཚུལ་མི་འདྲ་བ་སྣང་། འདི་ཉིད་ཀྱིས་ལོ་ངམ་བརྟུལ་བའི་སྐོར་ལ་ལོ་རྒྱུས་ཡིག་ཚང་ནང་། རུ་ལས་སྐྱེས་ཀྱིས་ལོ་ངམ་གྱི་ནང་མིར་ཞུགས་ཏེ་ཤ་ཁྱི་དཀར་མོའི་སྤུ་རྩར་དུག་བྱུགས་པ་དཀོར་དུ་ཕུལ་བ་ལ་ལོ་ངམ་གྱིས་བྱིལ་བྱིལ་བྱས་པས་ལུས་ཐམས་ཅད་སྐྲངས། གཡོག་རྣམས་ཁོ་ན་བའི་སར་འདུས་པའི་བར་ལ་ཉང་རོ་ཤམ་པོ་ཁར་རྩེ་ནས་ཕབ། ལོ་ངམ་ཕོ་བརྒྱ་མོ་བརྒྱ་བསད་སྐད། དེ་ནས་གྲི་གུམ་གྱི་སྲས་རྣམས་རྒྱལ་སར་སྤྱན་འདྲེན་བྱས་པའི་ཚེ། ཐོག་མཐའ་གཉིས་ནི་གཤེགས་སུ་མ་བཞེད་པས་སྤོ་བོའི་ཡུལ་ནས་འབྲིང་པོ་བྱ་ཁྲི་གདན་དྲངས་ཏེ་རྒྱལ་སར་བཏོན་པར་པུ་དེ་གུང་རྒྱལ་གྲགས་ཞེས་གསལ། འདི་ཉིད་ཀྱིས་མཛངས་པའི་ལས་སུ་ཤིང་བསྲེགས་ཏེ་སོལ་བ་བཟོས་པ་དང་། དེས་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན་པ། ཀོ་བ་བཞུས་ནས་སྤྱིན་བཟོས་པ། ཤིང་གི་གཤོལ་དང་གཉའ་ཤིང་བཟོས་ཏེ་རྨོན་པ་དོར་བསྡེབས་ཀྱིས་སྤང་ཐང་ལ་ས་ཞིང་རྨོས་པ། ཆུ་ཡུར་བཟོ་བ། ཆུ་ལ་ཟམ་པ་བཙུགས་པ་སོགས་མཛད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།