རོག་ཤེས་རབ་འོད།
ཡབ་བཀྲ་ཤིས་གྲགས་པ་དང་ཡུམ་ཆོས་ཀྱི་དགེ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ཁྱི(༡༡༦༦)ལོར་འཁྲུངས། དགུང་ལོ་ལྔ་པ་ལ་མེས་པོ་ཤེས་རབ་བླ་མས་ཡིག་རྩིས་བསླབས། དགུང་ལོ་བདུན་པ་ལ་ཕེབས་སྐབས་ཀློག་མཁས་པར་གྱུར་ནས་ཉིན་གཅིག་ལ་ཉི་ཁྲི་ཚར་གཅིག་ཐོན། དགུང་གྲངས་བཅུ་བར་དུ་ཡབ་མེས་གཉིས་ལ་གསང་སྔགས་ཀྱི་ཆོས་རྣམས་བསླབས། བཅུ་ནས་བཅུ་གསུམ་གྱི་བར་དུ་ཡབ་ཀྱིས་ཕུར་པའི་བསྙེན་པ་མཚམས་བྱས་ནས་སྐྱེལ་དུ་བཅུག་པས་གྲུབ་རྟགས་ཀྱང་མང་དུ་བྱུང་། དགུང་ལོ་བཅུ་གསུམ་ནས་བཅུ་བཞི་བར་དུ་རོག་སྟོན་བཙན་པོ་ལས་སོ་ལུགས་ཀྱི་མདོ་སྒྱུ་སེམས་གསུམ། སྒྲུབ་ཐབས་རྣམ་གསུམ། ཨ་རོ་གསང་སྐོར། བི་མ་ལ། ཞི་བྱེད་ཡས་བརྒྱུད་ཀྱི་གདམས་པ་རྣམས་གསན་ཞིང་མཁས་པར་གྱུར། དེ་ནས་རོག་སྟོན་ཀླུ་སྦྱིན་ལས་ཀྱྀ་ཡའི་སྒྲུབ་ཐབས་མང་པོ་དང་། འཕགས་སྐོར་འགྱུར་གསར། བདེ་མཆོག་མར་དོ་ལུགས་རྣམས་གསན། དགུང་ལོ་བཅོ་ལྔ་པ་ལ་ལྷབ་དྲེས་མ་གོང་བ་ལ་མདོ་སྒྱུ་སྐྱོ་ལུགས་དང་ལུང་གི་རྒྱུད་བུ་ཆུང་དྲུག སྔ་འགྱུར་གྱི་རྒྱུད་ལྔ། བདུད་རྩི་ཁམས་ལུགས། རྟ་མགྲིན་ལྷ་བཞི། སྒྲོན་སྦྲུལ་ལ་སོགས་ཞུས། བཅུ་དྲུག་པ་ལ་ཚེམས་ཆག་ནས་ལྕགས་ཀྱི་ཚེམས་ཚབ་བཅུག་པས་མཁས་པ་ལྕགས་སོ་ཅན་དུ་གྲགས། དགུང་ལོ་བཅུ་དྲུག་ནས་ཉི་ཤུའི་བར་སློབ་དཔོན་ཡམ་ཤུད་དངོས་གྲུབ་ལས་མདོ་སྒྱུ་ཟུར་ལུགས་གསན། དེར་ཚོགས་པ་རྣམས་ཀྱིས་སུས་ཀྱང་རྩོད་པ་མ་ཐུབ་པས་སྔར་མཚན་རྒྱ་མོན་ཟེར་བ་ལ། ཡམ་ཤུད་ཀྱི་ཤེས་རབ་འོད་དུ་བཏགས། བཅོ་བརྒྱད་པ་ལ་སྒྱུ་འཕྲུལ་ལམ་རིམ་གྱི་ཊཱིཀ་དང་གཞི་ལམ་གྱི་སྟོང་ཐུན་བརྩམས། བཅུ་དགུ་པ་ལ་གཙང་དུ་བྱོན་ནས་སོ་དར་སེང་དང་། ལང་སྟོན་ཇོ་པད། རྒྱ་བསོད་ནམས་འབར། གཙང་ནག་བརྩོན་འགྲུས་སེང་གེ། གྲུབ་ཐོབ་དངོས་གྲུབ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན། དེ་ནས་དབུས་སུ་བྱོན་ནས་གྲྭ་ཐང་དུ་ཕེབས། ཉི་ཤུ་རྩ་གཅིག་ནས་ཉན་བཤད་ཐུན་མོང་ཐོག་བླ་མ་མང་པོ་ལ་གསན་པ་མཛད། དགུང་ལོ་ཉི་ཤུ་རྩ་ལྔ་པའི་རྒྱལ་གྱིས་ཉ་བའི་མཚན་མོ་ཐུན་བཅུད་ཀྱི་ཚུལ་དུ་ཉམས་སུ་བླངས་པའི་ཚེ་རྟོགས་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས། འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཙམ་དུ་གྲོལ་བར་གྱུར། དེ་ནས་སྐམ་ལུགས་ཀྱི་སྒྲུབ་པ་མཛད་པར་དགོངས་ནས་དངོས་པོ་ཐམས་ཅད་བཏང་སྟེ་གསོལ་ཞལ་ཙམ་ཡང་མ་ལུས་པར་མཛད་དེ་རྩེ་བ་སྒང་གི་དབུས་ཁང་དུ་ལོ་གསུམ་འདག་འབྱར་དང་འཚོ་བ་བཅུད་ལེན། ན་བཟའ་བེམ་པོ། སྨྲ་བཅད་མཛད་ནས་ཉམས་སུ་བླངས་པས་ལམ་རྟགས་དང་རྡོ་རུས་ཕྲད་དེ་ཟག་པའི་རྒྱུན་ཆད། ཟླ་བ་གཅིག་གི་བར་དུ་ཉིན་མཚན་མེད་པའི་སྣང་བ་ཤར། དགུང་ལོ་བཞི་བཅུ་པ་ལ་རྒྱལ་ཚ་མདོ་དབང་གིས་སྙེ་མདོ་ཕུལ་བ་བཞེས་ནས། གདན་ས་སྨྲ་བའི་སེང་གེ་ལ་གཏད། རེ་བརྒྱད་པ་ལ་ཆོས་གྲྭ་ཆེན་པོ་སུམ་ཅུར་ཟླ་བ་ཕྱེད་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། དགུང་ལོ་བདུན་ཅུ་དོན་དགུ་ལ་ཕེབས་པ་རབ་བྱུང་བཞི་པའི་ཤིང་འབྲུག(༡༢༤༤)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།