རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ།

རྗེ་འདི་སྨད་མདོ་ཁམས་ཀྱི་ཆར་གཏོགས་པའི་འབྲི་ཟླ་ཟལ་མོ་སྒང་རྒྱལ་བཟང་གི་འབྲོག་སྡེར་ཡབ་བཀྲ་ཤིས་དཔལ་ལྡན་དང་ཡུམ་སྨན་ལྷ་ཚེ་རིང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྦྲུལ(༡༨༥༧)ལོར་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་གྱིས་གདན་ས་རོང་ཐ་རྭ་ཉག་ཐེག་ཆེན་གླིང་དུ་གདན་དྲངས་ཏེ་ཁྲི་ལ་གསོལ། རྗེ་བློ་བཟང་འཕྲིན་ལས་རྒྱལ་མཚན་མཆོག་ནས་གཙུག་ཕུད་བཞེས་པ་དང་དགེ་བསྙེན་དུ་བསྒྲུབས་ནས་མཚན་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཅེས་གསོལ། དགུང་ལོ་བཅུ་ལ་ཡོངས་འཛིན་དགོངས་རྫོགས་ཀྱི་ཆེད་དབུས་གཙང་དུ་ཕེབས། རྒྱལ་དབང་ཐམས་ཅད་མཁྱེན་པ་འཕྲིན་ལས་རྒྱ་མཚོ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཇལ། ཁྱབ་བདག་འཇོག་རི་པ་ཆེན་པོ་དང་ཀེའུ་ཚང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཡེ་ཤེས་གཉིས་ཀྱི་དྲུང་དུ་གསང་བདེ་འཇིགས་གསུམ་གྱི་དབང་ལུང་དུ་མ་གསན། དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་ཕུར་བུ་ལྩོག་བྱང་ཆུབ་གླིང་དབེན་གནས་སུ་བྱམས་མགོན་བླ་མ་རིན་པོ་ཆེའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དང་བཅས་པའི་སྡོམ་པ་བཞེས། མཚན་ཡང་སྔར་ཡོད་ཀྱི་གོང་དུ་བྱམས་པ་ཞེས་བསྣན་པ་ཙམ་ལས་གཞན་སོར་བཞག་མཛད་དེ་ཕ་ཡུལ་ཕྱོགས་སུ་བྱོན། དགུང་ལོ་བཅུ་གསུམ་ལ་ཀོ་རྫོང་གི་པཎྡི་ཏ་དཱ་ནའི་མཚན་ཅན་གྱི་དྲུང་ནས་སྙན་ངག་སུམ་རྟགས་དང་བརྡ་གསར་སྙིང་ལ་སོགས་རིག་པའི་གནས་ལ་གསན་སྦྱོངས་མཛད། དགུང་ལོ་བཅུ་དྲུག་ལ་དཔལ་སྤུངས་དགོན་དུ་ཕེབས། དགུང་ལོ་བཅུ་དགུར་དབུས་སུ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་སུ་བྱོན། ལྷ་རམས་པའི་དམ་བཅའ་སོགས་ལ་ཕེབས། ལོ་དེའི་ཟླ་བ་གཉིས་པར་རྗེ་བློ་གྲོས་མཐའ་ཡས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་རྩ་དྲུག་ལ་རྭ་ཉག་དགོན་གྱི་བྱམས་ཁང་དང་ཕོ་བྲང་ཞིག་གསོ་གནང་། དགུང་ལོ་སུམ་ཅུར་རྗེ་བླ་མ་དངུལ་ཆུ་པ་ཆེན་པོར་བསྟོད་པ་ཀུན་ཏུ་བཟང་པོའི་འཁོར་ལོ་བརྩམས་པར་མཛད། དེ་ནས་དགུང་ལོ་ཞེ་ལྔ་བར་དབུས་གཙང་དུ་ཐེངས་འགའ་ཕེབས་རྗེས་གཙོ་བོར་སྐུ་མཚམས་སུ་སྒྲུབ་པ་སྙིང་པོར་མཛད། ཕྱག་རྩོམ《བཀའ་དྲིན་གསུམ་ལྡན་རྗེ་བཙུན་བློ་བཟང་ཆོས་འབྱོར་ལྷུན་གྲུབ་དཔལ་བཟང་པོའི་རྣམ་ཐར་ལེགས་བཤད་གཏམ་གྱི་རྒྱ་མཚོ》《ལྷ་ཆེན་སྲིད་སྤངས་རྡོ་རྗེ་ལ་མཆོད་བསྟོད་བྱ་ཚུལ》《དཔལ་ལྡན་ཆོས་ཀྱི་སྒྲོལ་མ་འཁོར་བཅས་དགྱེས་བསྐྱེད་བསྐང་མདོས་ཕྱོགས་བསྒྲིགས》《དམ་པའི་ཆོས་ལ་བསྐུལ་བའི་བསླབ་བྱ་ཤུགས་འབྱུང་སྐྱོ་གླུའི་ཕྲེང་བ་དམ་པ་མཉེས་པའི་མཆོད་སྤྲིན》སོགས་གསུང་མགུར་བསླབ་བྱའི་རིམ་པ་དུ་མ་དཀྱུས་གཅིག་ཏུ་བཀོད་པ། 《འཛམ་གླིང་སྐྱེས་མཆོག་རིན་པོ་ཆེའི་འཁོར་དང་བཅས་པ་ལ་མཆོད་བསྟོད་ཆོ་ག་དངོས་གྲུབ་འདོད་འཇོ》སོགས་པོད་འབྲིང་གཉིས་ཙམ་མཛད། དགུང་ལོ་ཞེ་ལྔ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང(༡༩༠༡)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། མཛད་རྣམ་ཞིབ་པ《བཀའ་དྲིན་གསུམ་ལྡན་རྗེ་བཙུན་བློ་བཟང་ཆོས་འབྱོར་ལྷུན་གྲུབ་དཔལ་བཟང་པོའི་རྣམ་ཐར་ལེགས་བཤད་གཏམ་གྱི་རྒྱ་མཚོ》ཞེས་པར་གཟིགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།