རོང་པོ་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས།

རྗེ་འདི་ཉིད་གཉའ་གོང་བྲག་དཀར་གྱི་ལྷ་ཞོལ་གཉན་ཐོག་འབྲོག་ཏུ་ཡབ་བསོད་ནམས་དབང་ཕྱུག་དང་ཡུམ་དཔལ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ(༡༧༤༠)ལོར་སྐུ་བལྟམས། སྟོང་སྐོར་བསོད་ནམས་རྒྱ་མཚོ་དང་ཁྲི་རྒྱལ་མཚན་སེང་གེ་གཉིས་ཀྱིས་སྐལ་ལྡན་ངག་དབང་འཕྲིན་ལས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། གཉན་ཐོག་དགེ་སློང་བློ་བཟང་ཤེས་རབ་ཀྱི་དྲུང་དུ་སྦྱོར་ཀློག་དང་། བཀྲ་ཤིས་འཁྱིལ་དགའ་དཱགས་དབུ་མཛད་ངག་དབང་རྒྱ་མཚོའི་དྲུང་དུ་ཆོས་སྤྱོད་ཐུགས་འཛིན་སྐབས་ཤེས་རབ་ཆེ་བའི་ངོ་མཚར་ལྟས་མང་དུ་ཐོན། དགུང་གྲངས་བདུན་པ་ལ་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་རབ་དུ་བྱུང་། དགུང་ལོ་དགུ་པ་རབ་བྱུང་བཅུ་གསུམ་པའི་ས་འབྲུག(༡༧༤༨)ལོར་གདན་ས་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས། དགུང་ལོ་བཅུ་གསུམ་པར་གྲཱ་ཚང་ཐོས་བསམ་གླིང་དུ་ཆོས་གྲཱར་ཞུགས། མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་བདེ་གསང་འཇིགས་གསུམ། ཀུན་རིག་སོགས་ཀྱི་དབང་། འཇིགས་བྱེད་རིམ་གཉིས་ཀྱི་ཁྲིད་དང་། ཁྲི་རིན་པོ་ཆེ་ལྕང་ལུང་དགེ་འདུན་བསྟན་འཛིན་ལས་སྣར་ཐང་བརྒྱ་རྩ། རིན་འབྱུང་། སྐལ་ལྡན་གསུང་འབུམ་དང་། དེ་བཞིན་སློབ་དཔོན་འཇམ་དབྱངས་རིན་ཆེན་དང་། མཁས་ཆེན་འཕྲིན་ལས་སོགས་མཁས་གྲུབ་དུ་མ་བསྟེན་ནས་བཀའ་གདམས་གླེགས་བམ་དང་། དབེན་ས་བཀའ་འབུམ། དཱགས་པོ་བཀྲས་རྣམ་པའི་ཤྲི་མ་ཎའི་སྒྲུབ་ཐབས། མི་ཏྲ། རྡོར་ཕྲེང་། དྲིལ་བུ་ཕྱི་ནང་། གདུགས་དཀར་ལྷ་མང་། ལྷ་བཅུ་བདུན་མ། མགོན་ཆེན་བཅུ་གསུམ། རྣམ་སྲས་བཅོ་ལྔ་སོགས་མདོ་སྔགས་ཀྱི་གཞུང་ཁྲིད་དབང་ལུང་ཁྲིད་རྗེས་གནང་སོགས་མང་དུ་གསན། དགུང་ལོ་བཅུ་དྲུག་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་སྐུ་གོང་མའི་དུས་ལྟར་དགའ་ལྡན་ཨ་ཆི་ཐུ་ཨེར་ཏི་ནི་ནོ་མོན་ཧན་ཞེས་བསྔགས་པའི་བཀའ་ཐམ་གནང་། དགུང་ལོ་བཅུ་བདུན་པར་རྒྱུད་གྲཱ་གསང་ཆེན་ཆོས་ཁྲིར་བཞུགས། དགུང་ལོ་ཉི་ཤུ་པ་ས་ཡོས(༡༧༥༩)ལོར་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་བསྙེན་པར་རྫོགས། རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ(༡༧༧༣)ལོར་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གསར་དུ་བཙུགས་པ་དང་ཐོག་མའི་ཆོས་ཁྲིར་བཞུགས། དགུང་ལོ་ཞེ་བདུན་པར་རོང་རྒན་དགེ་འདུན་མཁྱེན་རབ་རྒྱལ་ཚབ་ཏུ་བསྐོས་ཏེ་དབུས་སུ་ཕེབས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་མཇལ་ཞིང་ཚེ་དབང་ཞུས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་སྙིང་ཐང་བ་ངག་དབང་ཀུན་དགའ་བཀྲ་ཤིས་སོགས་ལས་བཀའ་ཆོས་ཅི་རིགས་གསན། གཞུང་ས་དགའ་ལྡན་ཕོ་བྲང་ནས་གནང་སྦྱིན་གཏོས་ཆེ་དང་། ཨེར་ཏི་ནི་ནོ་མོན་ཧན་གྱི་ཆོ་ལོ་ཐམ་ག་ཆེ་ཆུང་། གདུགས་རྟ་དར། ཆིབས་སྒ་སྲབ་རིན་ཆེན་རྒྱན་ལྡན། མཁན་ཆས་སོགས་གནང་། ཕྱིར་ཕེབས་ནས་དམ་ཆོས་བདུད་རྩིར་ཆར་ཕབ་སྟེ་སྐལ་ལྡན་རྣམས་ཚིམས་པར་མཛད། སྔ་ཕྱིར་ལ་མོ། རི་རྔན། བན་ཤུལ། བདུད་ཤུལ་སོགས་རེབ་གོང་གི་ཤུལ་ཆེན་རྣམས་ཀྱི་ཕྱོགས་སུ་འཕྲིན་ལས་སྤེལ། སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་དང་། ཤར་བླ་བྲང་ཆེན་མོ་རྒྱ་བསྐྱེད་མཛད། ལམ་གཙོའི་འགྲེལ་པ་སོགས་གསུང་རྩོམ་འགའ་བཞུགས། དགུལ་ལོ་ང་ལྔ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག(༡༧༨༤)ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།