རོང་སྟོན་ཤཱཀྱ་རྒྱལ་མཚན།
རྗེ་འདི་ཉིད་ཤར་རྒྱལ་མོ་རོང་དུ་ཡབ་བོན་པོ་གེ་གོད་རྒྱལ་པོ་དང་། ཡུམ་རྒྱ་གར་སྨན་ཞེས་བྱ་བའི་སྲས་སུ་རབ་བྱུང་དྲུག་པའི་མེ་ལུག(༡༣༦༧)ལོར་སྐུ་བལྟམས། ཐོག་མར་ཡབ་ཀྱི་དྲུང་དུ་བོན་ཆོས་ལ་སྦྱངས་ཤིང་ལུགས་དེ་ལ་བརྟེན་པའི་འཕྲིན་ལས་ཀྱང་དུ་མ་མཛད། དགུང་ལོ་བཅོ་བརྒྱད་པ་ལ་དབུས་གཙང་དུ་བྱོན་ཏེ་གསང་ཕུ་ནེའུ་ཐོགས་ཀྱི་ཆོས་གྲྭར་ཕེབས། གླིང་སྟོད་པ་རིན་ཆེན་རྣམ་རྒྱལ་ལ་བྱང་སེམས་ཀྱི་སྡོམ་པ་བཞེས། རྗེ་འདི་དང་ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ་རྔོག་ལོ་ནས་བརྒྱུད་པའི་ཕར་ཚད་བསྡུས་གསུམ་དང་། དབུ་མ་རང་བརྒྱུད་པའི་བཤད་སྲོལ། སྐྱོར་མོ་ལུང་གི་མཁན་ཆེན་དཀའ་བཞི་པ་དང་། འཕན་ཡུལ་གྲོ་བའི་མཁས་པ་དམར་སྟོན་ལ་འདུལ་བ་སྨད་ལུགས་བྱ་འདུལ་དང་ཐོག་དཀའ་ཆེན་གྱི་བཤད་སྲོལ། མངོན་པ་མཛོད་མཆིམས་ལུགས་ཀྱི་བཤད་སྲོལ། ཐང་ཟག་པ་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་ལ་དབུ་མ་ཐལ་འགྱུར་བ་ཚབ་ཀྱི་བཤད་སྲོལ། ལོ་པ་ཤཱཀྱ་རིན་ཆེན་གྱི་དྲུང་དུ་མངོན་པ་གོང་མ་སོགས་ལ་སྦྱངས། དགུང་ལོ་ཉེར་གཉིས་པ་ལ་གྲོ་ས་མཁན་ཆེན་ཀུན་དགའ་རྒྱལ་མཚན་དང་དམར་སྟོན་པའི་དྲུང་དུ་བསྙེན་པར་རྫོགས། མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོར་གསོལ། རྣམ་ངེས་ཀྱི་ཊཱིཀ་བརྩམས་ཤིང་འཆད་པའི་འཁུར་བཟུང་། དགུང་ལོ་ཉེར་བདུན་པ་ལ་མཁན་ཆེན་གཡག་སྡེ་པ་དང་མཇལ་ཏེ་ས་ལུགས་ཀྱི་མདོའི་བཤད་སྲོལ་དང་། ཐེག་ཆེན་ཆོས་རྗེ་ལས་གསུང་ངག་སོགས་ཀྱི་ཟབ་དོན་བཞེས་ནས་ས་རྔོག་རྣམ་གཉིས་ཀྱི་བཤད་སྲོལ་རྒྱུན་བསྲིངས་ཏེ། ཕྱ་པ་ཆོས་སེང་དང་། བཅོམ་ལྡན་རིག་རལ། ཀུན་མཁྱེན་འདི་གསུམ་ལས་འཆད་པའི་རྒྱུན་དང་། དངོས་སློབ་བསྟན་འཛིན་གྱི་ཐོན་ཆེ་བ་མ་བྱུང་ཞེས་གྲགས། དགུང་ལོ་ལྔ་བཅུ་ཙམ་ལ་སྟོད་དིང་རི་དང་མུས་སོགས་སུ་སྔགས་ཀྱི་ཟབ་དོན་བཞེས་པ་དང་། མདོ་ཕྱོགས་ཀྱི་འཕྲིན་ལས་སྤེལ་བ་ཁོ་ན་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་ལ་སྡེ་དཔོན་སོ་སོའི་བསོད་ནམས་ཀྱི་མགྲོན་དང་། མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེ་བར་བསྐོར། དགུང་ལོ་རེ་དགུ་པ་ཤིང་ཡོས(༡༤༣༥)ལོར་འཕན་པོ་ནཱ་ལེནྡྲའི་ཆོས་གྲྭ་བཏབ་ནས་གཞན་དོན་མཛད། ཕར་ཕྱིན་བསྟན་པ་དང་། དབུ་མ་རང་བརྒྱུད་པའི་བསྟན་པ་ལ་ཀུན་མཁྱེན་འདི་བཀའ་དྲིན་ཆེ། དགུང་ལོ་ཉེར་གཉིས་པ་ལ་ཚད་མ་རྣམ་ངེས་འཆད་པ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་བར་ཉིན་རེ་ལ་ཐ་ན་སློབ་མ་གཅིག་ཙམ་ལ་ཡང་གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་ཀྱི་སྦྱིན་པ་མཛད་པར་དམ་བཅས། གཞན་ལ་གནོད་པ་དང་། ཐོ་འཚམ་པ། ཕྲག་དོག་གི་རྣམ་པ་ཅུང་ཟད་ཀྱང་མི་མངའ། དགུང་ལོ་བརྒྱད་ཅུ་གྱ་གསུམ་བཞེས་པའི་ཚེ་ཡང་གཞུང་ཆེན་པོ་དག་ཀྱང་ཐུགས་ནས་ཐོགས་པ་མེད་པར་གསུང་ཐུབ། དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་སུ་གཞུང་པོ་ཏི་བཅུ་ལ་གྲྭ་སྐོར་མཛད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང་། རོང་སྟོན་སྨྲ་བའི་སེངྒེ་ཞེས་པའ་མཚན་སྙན་གསོལ་། མཁན་ཆེན་སངས་རྒྱས་དཔལ་བའི་མཛད་སྲོལ་གཙོ་བོར་བཟུང་ནས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་རྒྱུན་མི་ཆད་པར་གསུངས་ཤིང་། དེའི་མན་ངག་ཞི་བྱེད་བརྒྱུད་པ་ཕྱི་མ་ལ་གཙོ་བོར་མཛད། གསུང་རྩོམ་ལ《ཚད་མ་རྣམ་ངེས་ཀྱི་འགྲེལ་པ་རྟོག་གེའི་སྣང་བ》དང《འབུམ་གྱི་འགྲེལ་པ་རྒྱས་བསྡུས》གཉིས་ལ་སོགས་པ་གཞུང་ཆེན་བཞི་བཅུ་ཞེ་གཅིག་གི་རྣམ་བཤད་ཀྱིས་གཙོས་ཆོས་ཚན་སུམ་བརྒྱ་ལྔ་བཅུའི་གྲངས་སུ་བརྩམས་པར་མཛད། གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་ནི། སྔ་ཚར་གི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་བཞི། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་བརྒྱད་དང་མཆོག་གཉིས། གསུང་ཐུགས་ཀྱི་མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ། ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་དྲུག ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི་ལ་སོགས་པས་གཙོས་སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་བསྐྱངས། དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་སྦྲུལ(༡༤༤༩)ལོར་ཞི་བར་གཤེགས་སོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།