རྩ་རྫས་ཀྱི་དུས་འཁོར་རེའུ་མིག།

ངེད་ཚོའི་མཐའ་ཁོར་གྱི་དངོས་པོ་ཡོད་ཚད་ནི། རྩ་རྫས་དང་འདུས་རྫས། ཡང་ན། འདྲེས་རྫས་ཀྱི་རྣམ་པར་གནས་པའི་སྐོར་སྦྱངས་ཡོད། སྤྱིར་རྩ་རྫས་ཞེས་པ་ནི་དངོས་རྫས་ཇི་སྙེད་པ་དེ་དག་ཚང་མའི་གཞི་རྩར་འགྱུར་པའི་རྫས་ཤིག་ཏུ་འདོད་ཀྱང། བྱེ་བྲག་ཏུ་རྩ་རྫས་ཞེས་པ་ནི་མ་རྡུལ་རིགས་ཅིག་ཁོ་ནས་གྲུབ་པའི་དངོས་རྫས་ལའང་གོ་བ་ཡིན། ཕྱི་ལོ་ 1800 ཡས་མས་སུ་ངོས་འཛིན་ཐུབ་པའི་རྩ་རྫས་ཀྱི་གྲངས་ 30 ལས་མེད་ཀྱང། ད་ཆ་རྩ་རྫས་གྲངས་ 118 ལྷག་ངོས་འཛིན་ཐུབ་ཡོད། རྩ་རྫས་འདི་དག་གི་ཁྱད་ཆོས་ཕན་ཚུན་མི་འདྲ་བ་ཡོད། ངོས་འཛིན་ཐུབ་པའི་རྩ་རྫས་ཀྱི་གྲངས་ཇི་ཙམ་གྱིས་མང་དུ་སོང་བ་དེ་ཙམ་གྱིས་དེ་དག་སོ་སོའི་བང་རིམ་སྒྲིག་ཐབས་ལ་དཀའ་ངལ་གང་མང་བ་ཕྲད་བཞིན་ཡོད། དེར་བརྟེན། ཚན་རིག་པ་ཚོས་རྩ་རྫས་ཀྱི་ཁྱད་ཆོས་ལ་ཞིབ་ཕྲའི་ཞིབ་འཇུག་བྱས་པ་བརྒྱུད། རྩ་རྫས་དེ་དག་གི་ཁྱད་ཆོས་ལ་རང་བྱུང་གི་རིམ་པ་ཞིག་ཡོད་པ་ངོས་འཛིན་ཐུབ་ཡོད་རྐྱེན། རྩ་རྫས་ཀྱི་གོ་རིམ་སྒྲིག་སྟངས་དང་ཁྱད་ཆོས་ལ་ཞིབ་འཇུག་བྱེད་ཐབས་སླ་རུ་སོང་ཡོད།

གནའ་རབས་སུ་རྩ་རྫས་དབྱེ་ཐབས།

རྩོམ་སྒྲིག

རྒྱུན་གཏན་དངོས་རྫས་དང་སྐྱེ་དངོས་སོ་སོའི་དབྱེ་བ་འབྱེད་དགོས་ཚེ། དེ་དག་གི་ཁྱད་ཆོས་ལ་ལྟོས་ཏེ་དབྱེ་བ་འབྱེད་པ་ཡིན། དཔེར་ན། ཚོང་ཁང་ནང་དུ་ཚོང་ཟོག་སྒྲིག་གཤོམ་བྱེད་སྐབས། ཁྲུས་རྫས་ཀྱི་རིགས་ལོགས་ཤིག་ཏུ་སྒྲིག་པ་དང། བཟའ་བཅའི་རིགས་ལོགས་གཞན་ཞིག་ཏུ་སྒྲིག་པ་མ་ཟད། ཁྲུས་རྫས་ཀྱི་རིགས་ཀྱང་འདག་ཆལ་དང་ཡི་ཙི་སོ་སོར་སྒྲིག་པ་ཡིན། དེ་བཞིན་ཚན་རིག་པ་ཚོས་ཀྱང། རྩ་རྫས་སོ་སོའི་ཁྱད་ཆོས་ལ་ལྟོས་ཏེ་གོ་རིམ་སྒྲིག་ཐབས་གནང་ཡོད། ཆེས་ཐོག་མར་རྩ་རྫས་ཤིག་ལྕགས་རིགས་ཡིན་དང་མིན་གྱི་ཁྱད་ཆོས་གཞི་རྩར་བཟུང་སྟེ་དབྱེ་འབྱེད་བྱས་ཡོད་ཀྱང། རིམ་བཞིན་རྩ་རྫས་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ་ཆབ་ཅིག་རྩ་རྫས་སོ་སོའི་ཞིབ་ཕྲའི་ཁྱད་ཆོས་ཀྱི་གོ་རྟོགས་ཟབ་ཏུ་སོང་སྟེ། གོ་རིམ་སྒྲིག་ཐབས་ཀྱང་ལེགས་སུ་སོང་ཡོད།

ཌོ་བྷེ་རེའི་ནེར་གྱི་སུམ་ཚན། Döbereiner’s Triads

རྩོམ་སྒྲིག

ཕྱི་ལོ་ 1817 ལོར་འཇར་མན་གྱིི་རྫས་འགྱུར་རིག་པ་བ་ཌོ་བྷེ་རེའི་ནེར་གྱིས་རྩ་རྫས་ཀྱི་འདྲ་བའི་ཁྱད་ཆོས་གཞི་རྩར་བཟུང་སྟེ་དབྱེ་འབྱེད་གནང་སྐབས། རྩ་རྫས་གསུམ་རེར་འདྲ་བའི་ཁྱད་ཆོས་ལྡན་པའི་ངོས་འཛིན་བྱུང་ཡོད་རྐྱེན། ཁོང་གིས་རྩ་རྫས་དེ་རིགས་ལ་སུམ་ཚན་ཞེས་འབོད་པ་དང། རྩ་རྫས་དེ་དག་སོ་སོའི་རྡུལ་གྲངས་གཞིར་བཟུང་སྟེ་གོ་རིམ་སྒྲིག་སྐབས། རྩ་རྫས་བར་མ་དེའི་མ་རྡུལ་གྱི་གདོས་ཚད་ནི་རྩ་རྫས་གཞན་དེ་གཉིས་ཀྱི་ཆ་སྙོམས་ཀྱི་གདོས་ཚད་དང་ཕལ་ཆེར་ མཉམ་པ་བྱུང་ཡོད། དཔེར་ན། རྡོ་རྫས་དང། བུལ་རྫས། དུག་སེལ་བཅས་གསུམ་ནི་སུམ་ཚན་(Triad)ཞིག་ཡིན་ཞིང། དེ་ དག་སོ་སོའི་མ་རྡུལ་གྱི་གདོས་ཚད་ནི་ 6.9 དང། 23.0 དང། 39.0 བཅས་རིམ་པ་བཞིན་ཡིན་རྐྱེན། རྡོ་རྫས་དང་དུག་སེལ་གྱི་མ་རྡུལ་གྱི་གདོས་ཚད་ཀྱི་ཆ་སྙོམས་ནི་བུལ་རྫས་ཀྱི་མ་རྡུལ་གདོས་ཚད་དང་ཕལ་ཆེར་མཉམ་པ་ཡིན།

གཤམ་གྱི་རེའུ་མིག་ནང་དུ་རྩ་རྫས་གསུམ་རེ་བྱས་པའི་རྩ་རྫས་ཀྱི་རིགས་ཁ་ཤས་ཤིག་བྲིས་ཡོད་ལ། རྩ་རྫས་དེ་དག་ནི་རེའུ་མིག་གི་གཞུང་དུ་མ་རྡུལ་གྱི་གདོས་ཚད་ཆུང་བ་ནས་ཆེ་བའི་བར་བསྒྲིགས་ཡོད། རྩ་རྫས་ཀྱི་རིགས་དེ་དག་ནས་ཌོ་བྷེ་རེའི་ནེར་གྱི་སུམ་ཚན་གང་དག་ཡིན་པ་ངོས་འཛིན་བྱེད་ཐུབ་བམ།

 

གོང་གི་རེའུ་མིག་ནས་རྩ་རྫས་ཀྱི་རིགས་ཁ་པ་དང་ག་པ་གཉིས་ནི་ཌོ་བྷེ་རེའི་ནེར་གྱི་སུམ་ཚན་ཡིན་པ་ཤེས་ཐུབ། རེའི་མིག་ནང་དུ་གསལ་བ་བཞིན། ཌོ་བྷེ་རེའི་ནེར་གྱིས་དེའི་སྐབས་སུ་སུམ་ཚན་གསུམ་མ་གཏོགས་ངོས་འཛིན་ཐུབ་མེད་རྐྱེན། དབྱེ་འབྱེད་བྱེད་ཐབས་འདི་ནི་འོས་འཚམས་ཤིག་མིན་པ་མཐོང་ཡོད།

 

ནེའུ་ལེན་ཌེ་ཡི་བརྒྱད་ཚན་གཏན་སྲོལ། Newlands’ Law Octaves

རྩོམ་སྒྲིག

ཌོ་བྷེ་རེའི་ནེར་གྱི་བྱེད་ཐབས་དེས་རྫས་འགྱུར་རིག་པ་བ་མང་པོ་ཞིག་ལ་རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་ (Atomic mass) དང་ཁྱད་ཆོས་ཕན་ཚུན་འབྲེལ་བའི་བློ་བསྐྱེད་ཆེན་པོ་བྱུང་ཡོད། ཕྱི་ལོ་ 1866 ལོར་ཨིན་ཇིའི་ཚན་རིག་པ་ཇོན་ནེའུ་ལེན་ཌེ་ཡིས་དེའི་སྐབས་སུ་ངོས་འཛིན་ཐུབ་པའི་རྩ་རྫས་ཀྱི་མ་རྡུལ་སོ་སོའི་གདོས་ཚད་ཀྱི་མཐོ་དམར་ལྟོས་ཏེ་བང་རིམ་སྒྲིག་ཡོད། ཁོང་གིས་མ་རྡུལ་གྱི་གདོས་ཚད་དམའ་ཤོས་ཡང་རླུང་ནས་འགོ་བརྩམས་ཏེ་དེའི་སྐབས་ཀྱི་མ་རྡུལ་གྱི་གདོས་ཚད་མཐོ་ཤོས་ཐཱོ་རིམ་བར་བསྒྲིགས་ཡོད། དེའི་སྐབས་སུ་ཐཱོ་རིམ་ནི་རྩ་རྫས་གྲངས་ 56 པ་དེ་ཡིན། ཁོང་གིས་བསྒྲིགས་པའི་རྩ་རྫས་ཀྱི་བང་རིམ་དེའི་ནང་དུ་རྩ་རྫས་བརྒྱད་རེའི་མཚམས་ཀྱི་རྩ་རྫས་བརྒྱད་པ་དེ་དང། རྩ་རྫས་དང་པོ་དེ་གཉིས་དབར་འདྲ་བའི་ཁྱད་ཆོས་ཡོད་པ་ངོས་འཛིན་ཐུབ་ཡོད། ཁོང་གིས་དེ་ནི་རོལ་མོའི་གདངས་རྟགས་བརྒྱད་ཚན་རེ་དང་བསྡུར་ཏེ། བརྒྱད་ཚན་ (Octaves) གྱི་གཏན་སྲོལ་ཞེས་འབོད་པ་དང། ཕྱིས་སུ་དེ་ལ་ནེའུ་ལེན་ཌེ་ཡི་བརྒྱད་ཚན་གཏན་སྲོལ་ཞེས་འབོད་བཞིན་ཡོད། ནེའུ་ལེན་ཌེ་ཡི་བརྒྱད་ཚན་ནང་དུ། རྡོ་རྫས་ཀྱི་ཁྱད་ཆོས་དང་བུལ་རྫས་ཀྱི་ཁྱད་ཆོས་གཉིས་ཕན་ཚུན་འདྲ་བ་སྟོན་ཡོད། གང་ལགས་ཟེར་ན། བུལ་རྫས་ནི་རྡོ་རྫས་ནས་བརྩིས་པའི་རྩ་རྫས་བརྒྱད་པ་དེ་ཡིན། དེ་བཞིན་དཀར་གཡའ་ནི་བེ་རི་ལིམ་ནས་བརྩིས་པའི་རྩ་རྫས་བརྒྱད་པ་དེ་ཡིན་རྐྱེན། བེ་རི་ལིམ་དང་དཀར་གཡའ་གཉིས་ཀྱི་ཁྱད་ཆོས་ཕན་ཚུན་འདྲ་པོ་ཡོད། ནེའུ་ལེན་ཌེ་ཡི་བརྒྱད་ཚན་གྱི་མ་དཔེའི་ཆ་ཤས་ཤིག་གཤམ་གྱི་རེའུ་མིག་ནང་དུ་བྲིས་ཡོད།

 

གོང་གི་རེའུ་མིག་ལ་ཞིབ་བལྟ་བྱས་ཚེ། གཤམ་གྱི་གནད་དོན་དེ་དག་ངོས་འཛིན་བྱེད་ཐུབ།

  • ༡། བརྒྱད་ཚན་གྱི་གཏན་སྲོལ་ནི་དཀར་ཤམ་བར་དུ་འཇུག་པ་ཞིག་ཡིན་ཡང། དཀར་ཤམ་ལས་རྡུལ་གྲངས་(Atomic number) མཐོ་བའི་རྩ་རྫས་ཀྱི་རིགས་ལ་བརྒྱད་ཚན་གྱི་གཏན་སྲོལ་དེ་འཇུག་མི་ཐུབ།
  • ༢། བརྒྱད་ཚན་གྱི་གཏན་སྲོལ་འདི་ནི་ནེའུ་ལེན་ཌེ་ཡིས་རྩ་རྫས་ 56 ལས་མང་བ་འབྱུང་མི་སྲིད་པའི་ཚོད་བགམ་ལ་གཞི་བཞག་སྟེ་གསར་གཏོད་བྱས་པ་ཞིག་ཡིན། འོན་ཀྱང། ཕྱིས་སུ་རྩ་རྫས་མང་པོ་ཞིག་གསར་རྙེད་བྱུང་བ་དེ་དག་གི་ཁྱད་ཆོས་ནི་བརྒྱད་ཚན་གྱི་གཏན་སྲོལ་དང་མི་མཐུན་པར་འགྱུར་ཡོད།
  • ༣། རྩ་རྫས་ཚང་མ་རེའུ་མིག་འདིའི་ནང་དུ་ཚུད་པ་ཡོང་ཕྱིར། ནེའུ་ལེན་ཌེ་ཡིས་རེའུ་མིག་གི་ཤག་ཁ་ཤས་ནང་དུ་རྩ་རྫས་གཉིས་རེ་བཞག་པ་མ་ཟད། ཁྱད་ཆོས་མི་མཐུན་པའི་རྩ་རྫས་ཁ་ཤས་གདངས་གཅིག་གི་འོག་ཏུ་བཅུག་ཡོད། དཔེར་ན། ཀོ་བཱལ་དང་གཤའ་དཀར་གཉིས་ཤག་ཅིག་གི་ནང་དུ་བཞག་ཡོད་པ་མ་ཟད། རྩ་རྫས་འདི་གཉིས་དང་ཁྱད་ཆོས་མི་མཐུན་པའི་བཞུར་རླུང་དང། ཚྭ་རླུང། རྦོར་མིན་གྱི་གཞུང་སྟར་ནང་དུ་བཞག་ཡོད། དེ་བཞིན་ཀོ་བཱལ་དང་གཤའ་དཀར་གྱི་ཁྱད་ཆོས་དང་མཐུན་པའི་ལྕགས་ནི་རྩ་རྫས་འདི་གཉིས་དང་ཐག་རིང་པོར་བཞག་ཡོད།

དེར་བརྟེན། ནེའུ་ལེན་ཌེ་ཡི་བརྒྱད་ཚན་གཏན་སྲོལ་ནི་གདོས་ཚད་དམའ་བའི་རྩ་རྫས་ཁོ་ནར་འཇུག་པ་ཡིན།

མེན་ཌེ་ལི་ཧྥེ་ཡི་དུས་འཁོར་རེའུ་མིག Mendeléeve’s Periodic Table

རྩོམ་སྒྲིག

ནེའུ་ལེན་ཌེ་ཡི་བརྒྱད་ཚན་གྱི་གཏན་སྲོལ་ལ་དགག་བྱ་ཕྲད་ནས་རྒྱུན་མཐུད་མི་ཐུབ་པར་འགྱུར་ཡོད་ཀྱང། ཚན་རིག་པ་ཁག་ཅིག་གིས་རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་ལ་ཞིབ་འཇུག་རྒྱུན་མཐུད་དེ་བྱས་ཏེ་རྩ་རྫས་ཀྱི་གོ་རིམ་སྒྲིག་པར་འབད་བརྩོན་གནང་ཡོད། ཨུ་རུ་སུའི་རྫས་འགྱུར་རིག་པ་བ་མེན་ཌེ་ལི་ཧྤེ་ནི་རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་དང། རྫས་ཀྱི་ཁྱད་ཆོས་གཙོས་པའི་གཞི་རྩའི་ཁྱད་ཆོས་གཞི་རུ་བཟུང་སྟེ་གོ་རིམ་བསྒྲིགས་པའི་རྩ་རྫས་ཀྱི་དུས་འཁོར་རེའུ་མིག་གྱི་སྲོལ་ཐོག་མར་གཏོད་མཁན་ཡིན་དེ་རྐྱེན། ཁོང་ནི་རྩ་རྫས་དབྱེ་འབྱེད་བྱེད་པའི་མིང་གྲགས་ཆེ་ཤོས་ཡིན།

མེན་ཌེ་ལི་ཧྤེ་ཡིས་རྩ་རྫས་ཀྱི་བང་རིམ་སྒྲིག་སྐབས། ངོས་འཛིན་ཐུབ་པའི་རྩ་རྫས་ 63 ལས་མེད། ཁོང་གིས་རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་དང། གཟུགས་ཀྱི་ཁྱད་ཆོས། རྫས་ཀྱི་ཁྱད་ཆོས་ཕན་ཚུན་བར་གྱི་འབྲེལ་བར་ཞིབ་འཇུག་གནང་ཡོད། འཚོ་རླུང་དང་ཡང་རླུང་ནི་ཧ་ཅང་རྫས་འགྱུར་བྱེད་ཤུགས་ཆེ་བ་ཞིག་ཡིན་རྐྱེན། ཁོང་གི་ཞིབ་འཇུག་གནང་གཞི་གཙོ་བོ་ནི། རྩ་རྫས་ཤིག་གིས་འཚོ་རླུང་ངམ། ཡང་ན། ཡང་རླུང་མཉམ་དུ་གྲུབ་པའི་འདུས་རྫས་ཡིན། རྩ་རྫས་ཤིག་གིས་ཡང་རླུང་ངམ། ཡང་ན། འཚོ་རླུང་མཉམ་དུ་འདུས་ཏེ། རྩ་རྫས་ཡང་ལྡན་ནམ། ཡང་ན། རྩ་རྫས་འཚོ་ལྡན་ནི་རྩ་རྫས་དབྱེ་འབྱེད་ཀྱི་གཞི་རྩའི་ཁྱད་ཆོས་སུ་ངོས་འཛིན་གནང་ཡོད། དེའི་སྐབས་སུ་ཁོང་གིས་ཤོག་བྱང་ 63 རེའི་རྒྱབ་ཏུ་རྩ་རྫས་རེའི་ཁྱད་ཆོས་བྲིས་རྗེས། འདྲ་བའི་ཁྱད་ཆོས་ལྡན་པའི་རྩ་རྫས་དེ་དག་ལོགས་སུ་དགར་ཏེ་གྱང་སྟེང་དུ་སྦྱར་བའི་ སྐབས། རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་རིམ་འཕར་ (Increasing order) ངང་དུས་མཚམས་རེར་རེའུ་མིག་ནང་གོ་རིམ་དུ་གྲུབ་པའི་ངོས་འཛིན་ཐུབ་པ་མ་ཟད། གཟུགས་དང་རྫས་ཀྱི་ཁྱད་ཆོས་འདྲ་བའི་རྩ་རྫས་དེ་དག་དུས་མཚམས་རེ་རེའི་ནང་བསྐྱར་འཁོར་བྱུང་བ་ངོས་འཛིན་ཐུབ་ཡོད། མེན་ཌེ་ལི་ཧྤེ་ཡིས་ཞིབ་འཇུག་གི་གྲུབ་འབྲས་འདི་དག་ལ་བརྟེན་ནས་ དུས་འཁོར་གྱི་གཏན་སྲོལ་གཏན་འབེབས་གནང་ཡོད། དུས་འཁོར་གྱི་གཏན་སྲོལ་དེས་‟རྩ་རྫས་ཀྱི་ཁྱད་ཆོས་ནི་རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་དང་དུས་མཚམས་ཀྱི་བྱེད་ལས་ཤིག་ཡིན།”ཞེས་བརྗོད།

གཤམ་གྱི་རེའུ་མིག་ནང་དུ་གསལ་བ་ལྟར། མེན་ཌེ་ལི་ཧྤེ་ཡི་དུས་འཁོར་རེའུ་མིག་གི་གཞུང་སྟར་ལ་རིགས་ཚན་དང་འཕྲེད་སྟར་ལ་འཁོར་ཚན་ཟེར།

 

མེན་ཌེ་ལི་ཧྥེ་ཡི་དུས་འཁོར་རེའུ་མིག་ནི་ཕྱི་ལོ་ 1872 ལོར་འཇར་མན་གྱི་གསར་ཤོག་ནང་དུ་པར་འགྲེམས་བྱས་ཡོད། མེན་ཌེ་ལི་ཧྤེ་ཡི་རེའུ་མིག་ཡི་འཕྲེད་སྟར་གཉིས་པའི་ནང་དུ་རྩ་རྫས་འཚོ་ལྡན་དང་ཡང་ལྡན་གྱི་ཆོ་ག་བྲིས་ཡོད། འདིར་ཨིན་ཡིག་ R ནི་ཡང་རླུང་ངམ་འཚོ་རླུང་མཉམ་དུ་འདུས་པའི་རྩ་རྫས་ཀྱི་མ་རྡུལ་མཚོན་པ་ཡིན། གོང་གི་ཆོ་ག་འབྲི་སྟངས་ལ་ཞིབ་འཇུག་བྱས་ཚེ། ཡང་ལྡན་གྱི་སོལ་རྫས་ CH4 ལྟ་བུར་མཚོན་ན། RH4 ལྟར་བྲིས་ཡོད་པ་དང། འཚོ་ལྡན་གྱི་སོལ་རྫས་ CO2 ལྟ་བུ་ནི། RO2 ལྟར་བྲིས་ཡོད།

མེན་ཌེ་ལེ་ཧྥེ་ཡི་དུས་འཁོར་རེའུ་མིག་གི་གྲུབ་འབྲས། Achievement of Mendeléev’s Periodic Table

རྩོམ་སྒྲིག

མེན་ཌེ་ལེ་ཧྤེ་ཡིས་དུས་འཁོར་རེའུ་མིག་བཟོ་སྒྲིག་བྱེད་སྐབས། གདོས་ཚད་དམའ་བའི་མ་རྡུལ་གྱི་སྔོན་དུ་གདོས་ཚད་ཅུང་མཐོ་བའི་མ་རྡུལ་གྱི་རིགས་བཞག་དགོས་པ་ཐེངས་ཁ་ཤས་བྱུང་བ་དེའི་རིམ་པ་ལྡོག་ཚེ། ཁྱད་ཆོས་མཚུངས་པའི་མ་རྡུལ་དེ་དག་རིགས་གཅིག་ཏུ་འདུ་ཐུབ། དཔེར་ན། མ་རྡུལ་གྱི་གདོས་ཚད་ 58. ཡིན་པའི་ཀོ་བཱལ་ནི་མ་རྡུལ་གྱི་ གདོས་ཚད་ 58.7 ཡིན་པའི་གཤའ་དཀར་གྱི་སྔོན་དུ་བཞག་ཡོད། དེ་བཞིན་རེའུ་མིག་ལ་ཞིབ་བལྟ་བྱས་ཚེ། འདི་ལྟ་བུའི་རིགས་ཁ་ཤས་མཐོང་ཐུབ། མ་ཟད། མེན་ཌེ་ལེ་ཧྤེ་ཡིས་དུས་འཁོར་རེའུ་མིག་གི་ཤག་ (Cell) ཁ་ཤས་སྟོང་པར་བཞག་ཡོད། ཁོང་གིས་སྟོང་པ་དེ་དག་ནི་དེའི་སྐབས་སུ་ངོས་འཛིན་ཐུབ་མེད་པའི་རྩ་རྫས་ཀྱི་གནས་ས་ཡིན་པ་ངོས་འཛིན་གནང་ཡོད། ཁོང་གིས་རེའུ་མིག་གི་ཤག་སྟོང་པ་དེ་ཚོའི་ནང་དུ་རིགས་སྟར་གཅིག་པའི་རྩ་རྫས་སྔོན་མ་དེའི་མིང་གི་སྔོན་དུ་ལེགས་སྦྱར་སྐད་ཀྱི་ཨེཀ་(Eka)༼གཅིག་༽ཞེས་པ་དེ་སྦྱར་ཏེ་བཀང་ཡོད།

 
metalic compare tibetan

དེ་ནས་རིམ་བཞིན་སཀེན་ཌིམ་དང། གྷེ་ལེམ། འཇེར་མི་ནིམ་བཅས་ ངོས་འཛིན་ཐུབ་པའི་སྐབས་སུ། ཨེཀ་ཚ་ནག་དང། ཨེཀ་ཧ་ཡང། ཨེཀ་སྭི་ལི་ཀོན་བཅས་རིམ་པ་བཞིན་ཁྱད་ཆོས་ཕན་ཚུན་མཚུངས་པ་བྱུང་ཡོད། དཔེར་ན། མེན་ཌེ་ལི་ཧྤེ་ཡིས་ཚོད་བགམ་གནང་བ་བཞིན་ཨེཀ་ཧ་ཡང་གི་ཁྱད་ཆོས་དང་གྷེ་ལིམ་གྱི་ཁྱད་ཆོས་ཕན་ཚུན་མཚུངས་པ་བྱུང་ཡོད་རྐྱེན། ཨེཀ་ཧ་ཡང་གི་ཚབ་ཏུ་གྷེ་ལིམ་བཅུག་ཡོད། གཡས་ཀྱི་རེའུ་མིག་ནང་དུ་ཨེཀ་ཧ་ཡང་དང་གྷེ་ལིམ་གྱི་ཁྱད་ཆོས་བཀོད་ཡོད།

གནད་དོན་འདིས་མེན་ཌི་ལི་ཧྤེ་ཡི་དུས་འཁོར་རེའུ་མིག་ ནི་གནད་ལ་སྨིན་ཞིང་སྤྱོད་སྒོ་ཕུན་སུམ་ཚོགས་པ་ཞིག་ཡིན་པའི་ར་སྤྲོད་བྱས་ཐུབ་ཡོད་པ་མ་ཟད། ཚན་རིག་པའི་ཁྲོད་དུའང་ཁོང་ནི་རྩ་རྫས་ཀྱི་དུས་འཁོར་རེའུ་མིག་གི་རིག་འགྲོས་གསར་གཏོད་པ་དེ་ཡིན་པའི་གོང་བཀུར་ཡང་ཐོབ་ཡོད། ཧེ་རླུང་དང། གསར་རླུང། དེ་བཞིན་གཉུག་རླུང་ལྟ་བུའི་བརྟན་རླུང་ནི་རྫས་འགྱུར་བྱེད་ཤུགས་ཧ་ཅང་ཞན་པས་ན། ཕྱིས་སུ་མ་གཏོགས་ངོས་འཛིན་ཐུབ་མེད་ཀྱང། རྩ་རྫས་འདི་རིགས་ངོས་འཛིན་ཐུབ་པའི་སྐབས་སུ་མེན་ཌེ་ལི་ཧྤེ་ཡི་གཞི་རྩའི་དུས་འཁོར་རེའུ་མིག་འགྱུར་བ་མི་དགོས་པར། རིགས་ཚན་གསར་པ་ཞིག་གི་ནང་དུ་བཅུག་ཐུབ་པ་བྱུང་ཡོད།

མེན་ཌེ་ལི་ཧྤེ་ཡི་དབྱེ་འབྱེད་ཀྱི་སྐྱོན་ཆ། Limitation of Mendeléev’s Classification

རྩོམ་སྒྲིག

ཡང་རླུང་གི་གློག་རྡུལ་གནས་རིམ་ནི་བུལ་ལྕགས་རིགས་ཀྱི་གློག་རྡུལ་གནས་རིམ་དང་འདྲ་པོ་ཡོད། བུལ་ལྕགས་རིགས་ཀྱི་རྩ་རྫས་ལྟར། ཡང་རླུང་གིས་ཚ་རྒྱུའི་རིགས་ཀྱི་རྩ་རྫས་དང། འཚོ་རླུང། མུ་ཟི་མཉམ་དུ་འདུས་པའི་ ཆོ་ག་ཕན་ཚུན་འདྲ་པོ་ཡོད། ཕྱོགས་གཞན་ནས་བཤད་ན། ཚྭ་རྒྱུའི་རིགས་ཀྱི་རྩ་རྫས་དང་འདྲ་བར་ཡང་རླུང་གིས་མ་རྡུལ་ཟུང་གི་ཆ་རྡུལ་ཡང་གྲུབ་པ་མ་ཟད། ལྕགས་རིགས་དང་ལྕགས་རིགས་མིན་པའི་མཉམ་ཆིངས་ཡང་གྲུབ་ཐུབ།

དོན་དངོས་ལ་བལྟས་ཚེ། ཡང་རླུང་ནི་རིགས་ཚན་(Group) དང་འཁོར་ཚན་(Period) གང་དུའང་འཁོད་མི་ཐུབ། དེར་བརྟེན། མེན་ཌེ་ལེ་ཧྤེ་ཡིས་དུས་འཁོར་རེའུ་མིག་ནང་དུ་ཡང་རླུང་ལ་འོས་འཚམས་ཀྱི་གནས་ཤིག་བཟོ་ཐུབ་མེད། དེ་ ནི་མེན་ཌེ་ལི་ཧྤེ་ཡི་དུས་འཁོར་རེའུ་མིག་གི་སྐྱོན་ཆ་དང་པོ་དེ་ཡིན། གནས་མཉམ་རྩ་རྫས་ནི་མེན་ཌེ་ལི་ཧྤེ་ཡི་དུས་འཁོར་ རེའུ་མིག་བཟོ་བཀོད་བྱས་པའི་རྗེས་སུ་ངོས་འཛིན་ཐུབ་པ་ཞིག་ཡིན། གནས་མཉམ་རྩ་རྫས་ཞེས་པ་ནི་མ་རྡུལ་ཕན་ཚུན་གྱི་ གདོས་ཚད་མི་འདྲ་ཡང་རྫས་ཀྱི་ཁྱད་ཆོས་འདྲ་བའི་རྩ་རྫས་ཀྱི་རིགས་ཤིག་ཡིན། དེས་ན། གནས་མཉམ་རྩ་རྫས་ཀྱི་ཁྱད་ཆོས་ཀྱིས་མེན་ཌེ་ལི་ཧྤེ་ཡི་དུས་འཁོར་རེའུ་མིག་ལ་དཀའ་ངལ་འཕར་མ་ཞིག་བཟོས་ཡོད། དེ་བཞིན། མེན་ཌེ་ལི་ཧྤེ་ཡི་དུས་འཁོར་རེའུ་མིག་གི་འགལ་རྐྱེན་གཞན་ཞིག་ནི། རྩ་རྫས་སོ་སོའི་མ་རྡུལ་གྱི་གདོས་ཚད་ནི་རྩ་རྫས་གཅིག་ནས་གཅིག་ཏུ་རིམ་པ་བཞིན་གཅིག་སྙོམས་ཀྱིས་འཕར་ཆ་ཡོང་གི་མེད་རྐྱེན། རྩ་རྫས་དེ་གཉིས་བར་དུ་རྩ་རྫས་ཇི་ཙམ་ངོས་འཛིན་བྱེད་རྒྱུ་ཡོད་པའི་ཚོད་དཔག་བྱེད་ཐུབ་ཀྱི་མེད།

དེང་རབས་ཀྱི་དུས་འཁོར་རེའུ་མིག The Modern Periodic Table

རྩོམ་སྒྲིག

ཕྱི་ལོ་ 1913 ལོར་ཧེན་རི་མོ་སེ་ལེས་(Henry Moseley) ཀྱིས་མ་རྡུལ་ཞིག་གི་རྡུལ་གྲངས་ནི་མ་རྡུལ་དེའི་གདོས་ཚད་ལས་གཞི་རྩའི་ཁྱད་ཆོས་ཆེ་བའི་སྐོར་འགྲེལ་བརྗོད་བྱས་ཏེ། མེན་ཌེ་ལི་ཧྤེ་ཡི་དུས་འཁོར་གཏན་སྲོལ་ལ་འགྱུར་བ་བཏང་ཡོད་རྐྱེན། དེང་རབས་ཀྱི་དུས་འཁོར་རེའུ་མིག་ནི་རྩ་རྫས་སོ་སོའི་རྡུལ་གྲངས་ལ་གཞི་བཅོལ་ཏེ་གཏན་འབེབས་བྱས་པ་མ་ཟད། དེང་རབས་ཀྱི་དུས་འཁོར་རེའུ་མིག་གཏན་སྲོལ་གྱིས་‟རྩ་རྫས་སོ་སོའི་ཁྱད་ཆོས་ནི་དེ་དག་སོ་སོའི་རྡུལ་གྲངས་ཀྱི་དུས་འཁོར་བྱེད་ལས་ཤིག་ཡིན།” ཞེས་བརྗོད་པ་ཡིན།

ང་ཚོས་དྲན་གསོ་ཞིག་བྱས་ཚེ། རྩ་རྫས་ཤིག་གི་རྡུལ་གྲངས་ནི་རྩ་རྫས་དེའི་མ་རྡུལ་གྱི་ལྟེ་ཉིང་དུ་ཕོ་རྡུལ་གྲངས་ཇི་ཙམ་ཡོད་པས་མཚོན་པ་དང། གྲངས་འདི་ནི་རྩ་རྫས་གཅིག་ནས་གཅིག་ཏུ་རིམ་པ་བཞིན་གཅིག་སྙོམས་ཀྱིས་འཕར་བ་ཡིན། རྡུལ་གྲངས་རིམ་འཕར་ལ་གཞི་བཅོལ་ཏེ་རྩ་རྫས་རྣམས་གོ་རིམ་སྒྲིག་ཚེ། རྩ་རྫས་སོ་སོའི་ཁྱད་ཆོས་ལ་ཚོད་དཔག་ཏག་ཏག་བྱེད་ཐུབ་ཀྱི་ཡོད། དེས་ན། རྡུལ་གྲངས་རིམ་འཕར་གྱི་ཁྱད་ཆོས་ལ་གཞི་བཅོལ་ཏེ་རྩ་རྫས་རྣམས་རིམ་པ་བཞིན་དབྱེ་བ་འབྱེད་པའི་རེའུ་མིག་ལ་དེང་རབས་ཀྱི་དུས་འཁོར་རེའུ་མིག་ཟེར། མེན་ཌེ་ལི་ཧྤེ་ཡི་དུས་འཁོར་རེའུ་མིག་གི་སྐྱོན་ཆ་གསུམ་པོ་དེ་ནི་དེང་རབས་ཀྱི་དུས་འཁོར་རེའུ་མིག་གིས་སེལ་ཐུབ་ཡོད། ཡང་རླུང་གི་གནས་ས་ནི་དེང་རབས་ཀྱི་དུས་འཁོར་རེའུ་མིག་གི་གཞི་བཅོལ་ཡུལ་གང་ཡིན་པ་དེ་གསལ་རྟོགས་བྱུང་ཚེ། རང་བཞིན་གྱིས་ཐག་གཅོད་ཐུབ་པ་ཞིག་ཡིན།

དེང་རབས་ཀྱི་དུས་འཁོར་རེའུ་མིག་ནང་དུ་རྩ་རྫས་སོ་སོའི་གནས་གཞི།

རྩོམ་སྒྲིག

དེང་རབས་ཀྱི་དུས་འཁོར་རེའུ་མིག་ལ་གཞུང་སྟར་བཅོ་བརྒྱད་ཡོད་པ་དེ་དག་ལ་རིགས་ཚན་ཞེས་འབོད་པ་དང། འཕྲེད་སྟར་བདུན་ཡོད་པ་དེ་དག་ལ་འཁོར་ཚན་ཞེས་འབོད། དེས་ན། ཁྱད་ཆོས་ཅི་འདྲ་ཞིག་ལ་གཞི་བཅོལ་ཏེ། རིགས་ཚན་དང་འཁོར་ཚན་ངེས་ཅན་ཞིག་གི་ནང་དུ་རྩ་རྫས་ཤིག་ཇི་ལྟར་འཇོག་ཆོག་གམ།

 

འཁོར་ཚན་ཞིག་གི་རྩ་རྫས་དེ་དག་སོ་སོའི་མ་རྡུལ་གྱི་སྡེབ་བྱེད་གློག་རྡུལ་གྲངས་མི་མཚུངས་ཀྱང། དེ་དག་སོ་སོའི་སྡེབ་བྱེད་འཁོར་ལམ་གྱི་གྲངས་མཚུངས་པ་རྟོགས་ཐུབ། དེ་བཞིན། འཁོར་ཚན་གྱི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་ཕྱིན་ཚེ། རྩ་རྫས་དེ་དག་སོ་སོའི་སྡེབ་བྱེད་གློག་རྡུལ་གྲངས་ནི་རྡུལ་གྲངས་བཞིན་གཅིག་སྙོམས་ཀྱིས་རིམ་འཕར་བྱུང་བ་རྟོགས་ཐུབ། ཕྱོགས་གཞན་ཞིག་ནས་བརྗོད་ན། འཁོར་ལམ་གྱི་གྲངས་མཚུངས་པའི་རྩ་རྫས་མི་འདྲ་བ་སོ་སོའི་མ་རྡུལ་ནི་འཁོར་ཚན་གཅིག་གི་ནང་དུ་འཇོག་པ་ཡིན། དཔེར་ན། བུལ་རྫས་དང། དཀར་གཡའ། ཧ་ཡང། སི་ལི་ཀོན། འོད་མ། མུ་ཟི། ཚྭ་རླུང། གཉུག་རླུང་བཅས་ནི་དེང་རབས་ཀྱི་དུས་འཁོར་རེའུ་མིག་གི་འཁོར་ཚན་གསུམ་པའི་ནང་དུ་བཞག་ཡོད། རྩ་རྫས་འདི་དག་གི་མ་རྡུལ་གྱི་འཁོར་ལམ་ K,L,M བཅས་ཀྱི་ནང་དུ་གློག་རྡུལ་གནས་ཡོད།

དེང་རབས་ཀྱི་དུས་འཁོར་རེའུ་མིག་གི་འཁོར་ཚན་དང་པོ་དང་གཉིས་པ། གསུམ་པ་བཅས་སོ་སོའི་ནང་དུ་རྩ་རྫས་ཇི་ཙམ་གནས་པའི་ཚོད་དཔག་བྱེད་ཐུབ་བམ། འདིར་ང་ཚོས་འཁོར་ལམ་འདྲ་མིན་ནང་དུ་གློག་རྡུལ་ཇི་ལྟར་གནས་པའི་རང་བཞིན་ལ་ལྟོས་ཏེ་འཁོར་ཚན་དེ་དག་ནང་དུ་རྩ་རྫས་ཇི་ཙམ་གནས་པ་བརྗོད་ཐུབ། ཆོ་ག་2n2 སྤྱད་དེ་འཁོར་ལམ་ཞིག་གི་ནང་དུ་གློག་རྡུལ་ཇི་ཙམ་གནས་མིན་འཚོལ་འདུག། འདིར་ཨིན་ཡིག་གི་ཚིག་n ནི་འཁོར་ལམ་གྱི་གྲངས་ཡིན།
དཔེར་ན།
འཁོར་ལམ་K→ 2 x (1)2 = 2 ཡིན་ན། འཁོར་ཚན་དང་པོའི་ནང་དུ་རྩ་རྫས་གཉིས་ཡོད།
འཁོར་ལམ་L→ 2 x (2)2 = 8 ཡིན་ན། འཁོར་ཚན་གཉིས་པའི་ནང་དུ་རྩ་རྫས་བརྒྱད་ཡོད།
འཁོར་ལམ་M→ 2 x (3)2 = 18 ཡིན་ན། འཁོར་ཚན་གསུམ་པའི་ནང་དུ་རྩ་རྫས་བཅོ་བརྒྱད་ཡོད་དགོས་ཀྱང།
འདིར་འཁོར་ལམ་ཆེས་ཕྱི་མའི་ནང་དུ་གློག་རྡུལ་གྲངས་བརྒྱད་ཁོ་ན་ལས་གནས་མི་ཐུབ་རྐྱེན། འཁོར་ཚན་གསུམ་པའི་ནང་དུ་རྩ་རྫས་བརྒྱད་ལས་མེད།

སྡེབ་བྱེད་གློག་རྡུལ་ནི་རྩ་རྫས་ཤིག་གིས་རྫས་འགྱུར་བྱེད་སྐབས། ཆིངས་ཇི་ཙམ་གྲུབ་པ་དང། ཆིངས་ཇི་ལྟར་ གྲུབ་པའི་ལྟོས་གཞི་གཙོ་བོ་དེ་ཡིན་རྐྱེན། དུས་འཁོར་རེའུ་མིག་ནང་གི་རྩ་རྫས་ཀྱི་གནས་གཞིས་རྩ་རྫས་དེའི་རྫས་འགྱུར་ བྱེད་ཤུགས་སྐོར་གསལ་བཤད་བྱེད་ཐུབ། གནད་དོན་འདི་ལ་ལྟོས་ཚེ། མེན་ཌེ་ལེ་ཧྤེ་ཡིས་དུས་འཁོར་རེའུ་མིག་ནང་དུ་རྩ་ རྫས་སོ་སོའི་གནས་གཞི་ནི་འདུས་རྫས་ཀྱི་ཆོ་གར་ལྟོས་པའི་བྱེད་ཐབས་དེ་ལེགས་པོ་ཞིག་ཡིན་པ་རྟོགས་ཐུབ།

རྩོམ་སྒྲིག

སྡེབ་ནུས།

རྩ་རྫས་ཤིག་གི་སྡེབ་ནུས་ནི་རྩ་རྫས་དེའི་མ་རྡུལ་གྱི་འཁོར་ལམ་ཆེས་ཕྱི་མའི་སྡེབ་བྱེད་གློག་རྡུལ་གྲངས་ཀྱིས་ཚོད་འཛིན་བྱེད་པ་ཡིན།

མ་རྡུལ་ཆེ་ཆུང།

མ་རྡུལ་ཆེ་ཆུང་ཞེས་པའི་ཐ་སྙད་འདི་ནི་མ་རྡུལ་ཧྲིལ་པོའི་ཆེ་ཆུང་ལ་གོ་བ་མིན་པར་མ་རྡུལ་གྱི་ཚངས་ ཕྱེད་ལ་གོ་དགོས་ཤིང། མ་རྡུལ་ཞིག་གི་ལྟེ་ཉིང་གི་དབུས་ནས་མ་རྡུལ་དེའི་འཁོར་ལམ་ཆེས་ཕྱི་མའི་བར་གྱི་རྒྱང་ཐག་རིང་ཐུང་ལ་ངོས་འཛིན་ཆོག ཡང་རླུང་གི་མ་རྡུལ་གྱི་ཚངས་ཕྱེད་ནི་ 37pm ཡིན། ༼འདིར་ pm ནི་པི་ཀོ་མི་ཊར་(picometre)ཟེར་ཞིང། 1pm=10-12m༽

ལྕགས་རིགས་དང་ལྕགས་རིགས་མིན་པའི་ཁྱད་ཆོས།

རྩོམ་སྒྲིག

དེང་རབས་ཀྱི་དུས་འཁོར་རེའུ་ནང་དུ་ཚ་ནག་དང། སྭི་ལི་ཀོན། འཇར་མི་ནིམ། བ་བླ། མིག་སྨན། ཊེ་ལུ་རིམ། པོ་ལོ་ནིམ་བཅས་ཀྱིས་སྐས་དབྱིབས་ལྟ་བུའི་དབྱིབས་ཀྱག་ཀྱོག་ཅིག་གྲུབ་སྟེ་ལྕགས་རིགས་དང་ལྕགས་རིགས་མིན་པའི་མཐའ་མཚམས་ཀྱི་དབྱེ་བ་ཕྱེས་ཡོད། རྩ་རྫས་འདི་རིགས་ཀྱིས་ལྕགས་རིགས་དང་ལྕགས་རིགས་མིན་པའི་ཁྱད་ཆོས་གཉིས་ཀ་སྟོན་པ་ཡིན་རྐྱེན། རྩ་རྫས་འདི་རིགས་ལ་ཆོས་མཐུན་ལྕགས་རིགས་ཟེར་བ་ཡིན།

འཁོར་ཚན་གྱི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་མ་རྡུལ་སོ་སོའི་ལྟེ་ཉིང་གི་ཁུར་ཤུགས་ཇེ་ཆེར་སོང་སྟེ། སྡེབ་བྱེད་གློག་རྡུལ་འདུ་ཤུགས་ཇེ་ཆེར་སོང་བ་ཡིན་རྐྱེན། གློག་རྡུལ་དོར་ནུས་ཇེ་ཞན་དུ་འགྲོ་བ་དང། རིགས་ཚན་གྱི་གོང་ནས་འོག་ཏུ་འགྲོ་སྐབས། ལྟེ་ཉིང་དང་མ་རྡུལ་གྱི་སྡེབ་བྱེད་འཁོར་ལམ་རྒྱང་ཐག་རིང་དུ་སོང་བ་ཡིན་རྐྱེན། ལྟེ་ཉིང་གི་ཁུར་ཤུགས་ཇེ་ཆུང་དུ་སོང་སྟེ། སྡེབ་བྱེད་གློག་རྡུལ་ལས་སླ་པོའི་ངང་དོར་ཐུབ། དེས་ན། འཁོར་ཚན་གྱི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་ལྕགས་རིགས་ཀྱི་རང་བཞིན་ཇེ་ཆུང་དུ་འགྲོ་བ་དང། རིགས་ཚན་གྱི་གོང་ནས་འོག་ཏུ་ལྕགས་རིགས་ཀྱི་རང་བཞིན་ཇེ་ཆེར་འགྲོ་བ་ཡིན།

ལྕགས་རིགས་མིན་པ་ནི་མོ་བསྐྱེད་རྫས་ཡིན་རྐྱེན། རྫས་འགྱུར་བྱེད་སྐབས་གློག་རྡུལ་བླངས་ཏེ་ཆིངས་གྲུབ་པས་ན། དེ་དག་གི་ཁྱད་ཆོས་ལ་འཁོར་ཚན་དང་རིགས་ཚན་ནང་དུ་འགྱུར་བ་ཅི་འདྲ་ཞིག་ཡོད་དམ། རྩ་རྫས་སོ་སོའི་མོ་རྡུལ་འབྲིད་ནུས་ལ་ལྟོས་ཏེ་དུས་འཁོར་རེའུ་མིག་གི་གོ་རིམ་སྒྲིག་པ་དེས་ལྕགས་རིགས་མིན་པའི་རྩ་རྫས་རྣམས་དུས་འཁོར་རེའུ་མིག་གི་གཡོན་སྟེང་དུ་ཡོད་པ་མ་ཟད། ལྟོས་གཞི་འདིས་འཚོ་རླུང་དང་རྫས་འགྱུར་བྱས་པའི་རྩ་རྫས་དེའི་འདུས་རྫས་ཀྱི་རང་བཞིན་སྟོན་ཐུབ། དེ་ཡང། སྤྱིར་ལྕགས་རིགས་ཀྱི་རྩ་རྫས་དང་འཚོ་རླུང་གི་འདུས་རྫས་ཀྱི་རང་བཞིན་ནི་བུལ་དང། ལྕགས་རིགས་མིན་པའི་རྩ་རྫས་དང་འཚོ་རླུང་གི་འདུས་རྫས་ཀྱི་རང་བཞིན་ནི་སྐྱུར་བཞིན།

དཔྱད་གཞིའི་དཀར་ཆག

རྩོམ་སྒྲིག
  • རྫས་འགྱུར་རིག་པའི་ཐ་སྙད་རྣམ་གཞག་རྩ་འཛིན། (A guide to IUPAC Recommendations)
  • སྐྱེ་མེད་རྫས་འགྱུར་རིག་པའི་ཐ་སྙད་རྣམ་གཞག(Nomenclature of Inorganic Chemistry IUPAC Recommendation2005)
  • རྫས་འགྱུར་རིག་པའམ་རྫས་འགྱུར་མཉམ་བྱའི་སྐད་ཡིག (The Language of Chemistry or Chemical Equation)
  • མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བཏོན་པའི་ཚན་རིག་སློབ་དེབ་འབྲེལ་ཡོད་ཆ་ཚང།
  • གོ་ལའི་དེབ་ཚོགས། (Word Book)
  • ཨེན་ཀ་ཊ་ ༢༠༠༩ (Encarta 2009)
  • སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱ་དབྱིན་གསུམ་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས་ཞེས་པའི་དངོས་ལུགས་རིག་པ་དང། རྩིས་རིག
  • བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱ་བོད་ཤན་སྦྱར་ཚིགས་མཛོད།
  • རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།
  • བོད་ཀྱི་དཔེ་མཛོད་ནས་པར་སྐྲུན་བྱས་པའི་ཚན་རིག་གི་སློབ་དེབ། (A Hand book of Science)
  • བོད་ཀྱི་དཔེ་མཛོད་ཁང་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་པར་སྐྲུན་བྱས་པའི་འཕེལ་འགྱུར། རིག་རྫས་དང་ཕྲ་ཕུང།
  • ཝི་ཀི་དྲ་ཚིག་དང་འབྲེལ་ཡོད་ཀྱི་དྲ་ཚིག་སོགས་བལྟ་ཀློག་དང་འཚོལ་བསྡུར་གྱིས་ཞིབ་འཇུག་ཞུས།

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག