ལོ་ཙཱ་བ་ཆེན་པོ་ལིའུ་ལི་ཆན།༼༡༩༡༠–༢༠༠༨༽

ལོ་རྒྱུས་མདོར་བསྡུས། རྩོམ་སྒྲིག

ལིའུ་ལི་ཆན་ལགས་ནི་དེང་རབས་བོད་རིག་པ་བ་དང་བོད་རྒྱ་ལོ་ཙཱ་བ་ཆེན་པོ་ཞིག་གོ །

སྐྱེས་ཐོབ་ཤེས་རབ་ཆེ་ཞིང་གཞོན་དུས་ནས། །ཆོས་ཀྱི་སྒོར་ཞུགས་བོད་ཡུལ་༡ བདེ་བར་བརྟོལ། །འདྲ་སྤྲུལ་ཀུན་བཟང་ཚུལ་ཁྲིམས་མཉེས་པས་བཀུར། །བསམ་གཏན་གྲགས་པ་ངག་དབང་མཁན་རྣམ་གསུམ༢ ། །

གངས་དཀར་མཆོག་སྤྲུལ་༣ བཙུན་པ་ཀྭོང་ཁོང་༤ སོགས། །བོད་རྒྱའི་སྐྱེས་ཆེན་བསྙེན་ནས་སློབ་གཉེར་མཛད། །རུས་ཆེན་ཞེད་ཅན་ཅུན་༥ གང་སྐུ་ཟླར་བཞེས། །ས་དགེ་ བཀའ་རྙིང་སེལ་མེད་ཆོས་བརྒྱུད་ནོས། །

རྒྱ་ནག་དང་ནི་བོད་ཀྱི་ཡིག་རིགས་གཉིས། །ལེགས་པར་མཐིལ་ཕྱིན་སྙན་པས་ས་སྟེང་ཁྱབ། །

བོད་ལ་བཞུགས་པའི་མདོ་སྔགས་གདམས་པའི་མཛོད་ཆེན་རྣམས་རྒྱ་ཡུལ་དུ་སྤེལ་བའི་ཆེད་དུ་ཉིད་ཀྱིས་ཐོག་མར་གེ་སར་སྒྲུང་ལས་ལྷ་གླིང་རྒྱ་ཡིག་ཏུ་བསྒྱུར། དེ་ནས་སྔ་ཕྱིར་མི་ལ་རས་པའི་རྣམ་ཐར་དང་། དབུས་གཙང་གི་གནས་ཡིག དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། རྒྱལ་རབས་གསལ་མེ། ཐུའུ་བཀྭན་གྲུབ་མཐའ་སོགས་བསྒྱུར། ལྷག་པར་དུ་རིག་འཛིན་འཇིགས་མེད་གླིང་པའི་གསུང་ཁྲིད་ཡིག་ཡེ་ཤེས་བླ་མ་དང་། ཀུན་མཁྱེན་ཀློང་ཆེནཔའི་གསུང་བསམ་གཏན་ངལ་གསོ། སྒྱུ་མ་ངལ་གསོ་རྣམས་བསྒྱུར་ནས་ཟབ་ཆོས་ཀྱི་བདུད་རྩི་ཐ་གྲུ་ཀུན་ཏུ་ཁྱབ་པར་མཛད་དོ། ། སྐུ་ཚེའི་དཀྱིལ་དུ་ཤེས་ཡོན་པའི་ཚུལ་གྱིས་མཐའ་འདུལ་༦ བྱ་བར་ཞུགས། ཕྱིས་སུ་པེ་ཅིན་དུ་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་ཚན་ཁག་གི་གཙོ་འགན་བཞེས་ནས་རྒྱ་བོད་རིག་གནས་བརྗེ་རེས་ཀྱི་བྱ་བར་མཛད་རྗེས་ཆེན་པོ་བཞག །

སྐུ་བགྲེས་དུས་ཁྲེང་ཏུའུ་ལ་བཞུགས་ནས་མོས་གོམས་གཉིས་ཀྱི་མཐུ་ལས་སྨྱུ་གུར་བརྟེན་པའི་་ཕྱག་ལས་གཅིག་པུས་བོད་ཀྱི་གསང་སྔགས་ལ་གཟིགས་རྟོག་མཛད་དེ་ཇོ་ནང་པའི་ཆོས་སྐོར་དུས་འཁོར་སྔོན་འགྲོ་དང་སྦྱོར་བ་ཡན་ལག་དྲུག་པ་བསྒྱུར། ལུང་དོན་གསང་བའི་གནད་འཁྲོལ་བས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ཚིག་དོན་མཛོད་དང་གནས་ལུགས་མཛོད་གཉིས་བསྒྱུར། རྫོགས་པ་ཆེན་པོའི་ཆོས་སྐད་ཅེས་པ་བརྩམས་པས་རང་གཞན་ཀུན་ལ་ཕན་པར་མཛད་དེ། སྤྱིར་མདོ་སྔགས་གཉིས་ཆར་འཛིན་སྤེལ་དང་། སྒོས་སུ་ཐེག་པའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་འཛིན་སྐྱོང་སྤེལ་བའི་སྒོ་ནས་སྐུ་ཚེ་མཐར་ཕྱིན། ད་ལྟ་ལིའུ་ལི་ ཆན་གྱི་རྒྱ་འགྱུར་གསུང་ཚོགས་ཞེས་པ་དེ་རྒྱ་བོད་རིག་གནས་བརྗེ་སྤེལ་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་གྱུར་ཏོ། །

མཆན།

  • ༡ བོད་ཡུལ། སྐབས་འདིར་ཁམས་མི་ཉག་ཕྱོགས་ལ་གོ །
  • ༢ མཁན་རྣམ་གསུམ། མཁན་པོ་བསམ་གཏན་དང་གྲགས་པ། ངག་དབང་གསུམ།
  • ༣ གངས་དཀར་མཆོག་སྤྲུལ། མི་ཉག་གི་འབོ་གངས་དཀར་སྤྲུལ་སྐུ།
  • བཙུན་པ་ཀྭོང་ཁོང་། 观空法师༼༡༩༠༣–༡༩༨༩༽
  • ༥ ཞེད་ཅན་ཅུན། 谢建君 ལིའུ་ལི་ཆན་ལགས་ཀྱི་ཚེ་རོགས་ཏེ། ཁོང་གི་རིག་གནས་དགེ་རྒན་རུས་ཞེད་ཡིན་པ་ཞིག་གི་སྲས་མོ་རེད།
  • ༦ མཐའ་འདུལ། སྐབས་འདིར་མཐའ་ཞེས་པ་རྒྱ་མིས་བོད་ལ་ཟེར་བས་བོད་ཡུལ་དབུས་ལྷ་སའི་ཕྱོགས་ལ་གོ །

དཔྱད་གཞི། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲྭ་མཐུད། རྩོམ་སྒྲིག

མཚམས་སྦྱོར་བྱེད་མཁན་ནི། རོང་བན། ༠༤:༡༢, ༡༥ ཟླ་བདུན་པ། ༢༠༡༡ (UTC)