ལུམ་བི་ནི་
ལུམ་བི་ནི་ནི་བཅོམ་ལྡན་འདས་སྐུ་འཁྲུངས་ས་རེད།
(ལུ་མྦི་ཚལ)རྒྱ་གར་གྱི་གནས་ཆེན་ཞིག་སྟེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གོ་རག་པུར་ནས་རེལ་ལི་ཞུགས་ནས་ནའོ་ཏན་བ་དང་དེ་ནས་མལ་ལེ་བདུན་བརྒྱད་ཙམ་སོང་བས་ལུམ་བི་ནི་ལ་སླེབས། དེང་སང་མིང་ལ་རུ་མན་དི་ཞེས་ཟེར། དེ་ནི་སྟོན་པ་སྐུ་འཁྲུངས་པའི་གནས་ཡིན་ཅིང་། དེར་སྒྱུ་འཕྲུལ་མའི་སྐུ་བརྙན་དང་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ལ་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པར་ཕྱོགས་དེར་སླེབས་ནས་ཕྱོགས་འདིར་སངས་རྒྱས་འཁྲུངས་སོ་ཞེས་རྡོ་རིང་བསླངས་པ་ཡིན་བྱ་བའི་ཡི་གེ་ཅན་ཡོད། ལུམ་བི་ནིའི་ནུབ་ཕྱོགས་མལ་ལེ་ལྔ་དྲུག་ཙམ་ན(ཀཔི་ལ་བསྟུ)སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་དེང་སང་གི་མིང་ལ་ཏི་ལོ་ར་ཀོ་ཊི་ཟེར། དེ་ནས་མལ་ལེ་གཅིག་ཙམ་ན་དིག་ལི་ཝ་བྱ་བར་སངས་རྒྱས་འཁོར་བ་འཇིག་གི་ཁྲོན་པ་སྔོན་གྱི་ཁ་བྱང་བཏབ་པ་ཡོད་ཅེས་གསུངས་སོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།