ལྷ་
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འགྲོ་བ་རིགས་དྲུག་གི་ཁོངས་སུ་གཏོགས་པའི་ལྷ་དང། དེའི་ཁོངས་སུ་མ་གཏོགས་པའི་ལྷ་གཉིས་ཡོད་པའི་སྔ་མ་དེ་ནི་ཆོས་ལ་དགའ་ཞིང་བསོད་ནམས་ཆེ་བའི་མི་མ་ཡིན་གྱི་རིགས་ལ་ཟེར་ཞིང། རྗེས་མ་དེ་ནི་ཆོས་ལུགས་པ་ཚོས་དད་པ་བྱེད་པའི་ལྷ་རིགས་གསུམ་མགོན་པོ་སོགས་ལ་ཟེར་ལ། ཡང་《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་》ལས། ལྷ་ཞེས་པའི་སྒྲ་ནི་རྒྱལ་པོ་ནི་འཇིག་རྟེན་གྱི་ལྷ་དང། རྒྱལ་ཆེན་རིས་བཞི་པ་སོགས་ནི་སྐྱེ་བོའི་ལྷ་དང་འཕགས་པའི་གང་ཟག་ནི་རྣམ་པར་དག་པའི་ལྷ་ཡིན་པར་མཚོ་ཊི་ག་ལས་གསུངས་པས་ལྷ་ཞེས་པ་དེ་གསུམ་ག་ལ་འཇག་གོ་ཞེས་གསུངས་སོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།