སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་

མཚན་གཞན་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་དམ་པའི་ཆོས་ཀྱི་འབྱུང་གནས་མཆོག་ནི་སྡེ་དགེ་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རིང་སྒང་དུ་ཡབ་ངག་དབང་ཚེ་རིང་དང་ཡུམ་ཕྲ་མགུ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་(༡༧༠༠)ལོར་སྐུ་འཁྲུངས། མཚན་མགོན་པོ་སྲུང་དུ་བཏགས། དགུང་ལོ་གསུམ་པར་སི་ཏུ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་མཛད། ཀརྨ་ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱིས་ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་་ཡེ་ཤེས་ཞེས་པའི་མཚན་གསོལ། དགུང་ལོ་བདུན་པ་ནས་བཟུང་མཁན་ཆེན་དཔར་གྲུབ་ཀྱི་མདུན་ནས་སྐར་རྩིས་དང་། སྒྲ། སྙན་ངག་བཅས་གསན། ཨ་ལོ་བླ་མ་ཀུན་མཁྱེན་གྱི་མདུན་ནས་ནང་དོན་རིག་པ་གསན། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་(༡༧༡༢)ལོར་དབུས་སུ་ཕེབས། ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་གསོལ། དེ་ནས་ཀརྨ་པ་ཞྭ་དམར་ནག་གཉིས་ཀྱི་མདུན་ནས་བཀའ་བརྒྱུད་པའི་ཆོས་སྐོར་དང་། ཏྲེ་ཧོར་རིན་པོ་ཆེའི་མདུན་ནས་རྙིང་མའི་ཆོས་སྐོར་གསན། དགུང་ལོ་ཉེར་གཉིས་ལྕགས་གླང་(༡༧༢༡)ལོར་སླར་དབུས་སུ་ཕེབས་ཏེ་ཀརྨ་པ་ཞྭ་དམར་ནག་དང་ལྷན་དུ་བལ་ཡུལ་དུ་ཕེབས། དེར་རྒྱ་གར་དང་། བལ་ཡུལ་གྱི་པཎྜིཏ་སྲ་དྷུསྣ་དང་། ན་བ་ཥཌུ་ཏི། ཀཱ་ལ་ནཱ་ཡ་ན་ཛ་ཡ་མངྒ་སོགས་དང་བགྲོ་གླེང་ཡུན་རིང་མཛད། སྒྲ་དང་། སྙན་ངག་མངོན་བརྗོད་སོགས་ཀྱི་དཀའ་གནད་མང་པོ་བཀྲོལ། རྒྱ་གར་གྱི་གཞུང་བོད་ན་མེད་པ་མང་པོ་མཇལ། དེ་ནས་བོད་དུ་ཚུར་ཕེབས་ཏེ་ཞྭ་དམར་བརྒྱད་པའི་མདུན་དུ་དགེ་སློང་གི་སྡོམ་པ་མནོས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་དྲུང་ནས་ལམ་རིམ་གྱི་ཁྲིད་སོགས་དགེ་ལུགས་པའི་ཆོས་སྐོར་གསན། མེ་ལུག་༡༧༢༧ལོར་སྡེ་དགེ་དཔལ་སྤུངས་དགོན་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ། སྤྱིར་རྗེ་འདི་སྔ་རྗེས་སུ་བལ་ཡུལ་དུ་ཐེངས་གཉེས་ཕེབས། མདོ་ཁམས་ཤར་རྒྱལ་མོ་ཚ་བ་རོང་དང་། ཡུན་ནན། འཇང་ཡུལ་བཅས་སུའང་ཞབས་ཀྱིས་བཅགས། རྒྱ་དཀར་ནག་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན། ཐུན་མོང་གི་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན། སློབ་མ་མཁས་པ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་། རི་བོ་ཆེ་པ་ཚེ་དབང་ཀུན་ཁྱབ། དབོན་ངེས་ལེགས་བསྟན་འཛིན་སོགས་བྱུང་། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་༡༧༧༤ལོར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་དཀར་མཛེས་སུ་བད་མཁྲིས་ཀྱི་སྙུན་གཞི་བཞེས་ནས་སྐུ་གཤེགས། གསུང་ཆོས་སྡེ་དགེའི་བཀའ་འགྱུར་དཀར་ཆག་དང་། སྐར་རྩིས་རིག་པ་སོགས་དང་། ཚན་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་དང་། ཁྱད་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐབས་སུ་བསྒྱུར་བའི་རྒྱ་རྩིས་གསར་འགྱུར་དང་། འབྲུམ་བཅོས་སོགས་གསར་འགྱུར་སྨན་གྱི་སྐོར་སྣ་ཚོགས། སྒྲ་པཱ་ཎི་པ་དང་དབྱངས་ཅན་སྒྲ་མདོ། མངོན་བརྗོད་འཆི་མེད་མཛོད་བཅས་གསར་དུ་བསྒྱུར་བའམ་འགྱུར་བཅོས་མཛད་པ་སོགས་མཛད་རྗེས་ཤིན་ཏུ་ཆེ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།