སེང་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར་

རྫེ་འདི་ནི་ཉང་སྟོད་འབྲོང་རྩེ་གསེར་ཕུ་སྤེལ་ཞེས་པར་ཡབ་ཚེ་རིང་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་(༡༧༨༤)ལོར་སྐུ་འཁྲུངས་། དགུང་ལོ་དྲུག་ལ་ཕེབས་སྐབས་བཀྲ་ཤིས་ལྷུན་པོ་དགོན་དུ་ཞབས་སོར་འཁོད་། བློ་བཟང་ཚེ་བརྟན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་། མཚན་བློ་བཟང་བསྟན་འཛེན་དཔའ་འབྱོར་དུ་གསོལ་། ཀ་ཁ་ཀློག་སྡེབ་དང་ཆོས་སྤྱོད་ལྗགས་འཛིན་གྱི་དབུ་ཚུགས་། དགུང་ལོ་བདུན་པརའདུས་འཛིན་ཆོས་འཕེལ་དོན་གྲུབ་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་། དགུང་ལོ་བཅུ་དགུའི་ཐོག་དཀའ་ཆེན་གྱི་མཚན་བཏགས་བཞེས་། དགུང་ལོ་ཉེར་གཉིས་ལ་བཀྲས་ལྷུན་སྔགས་པ་གྲྭ་ཚང་དུ་ཞུགས་། དགུང་ལོ་ཉེར་གསུམ་མེ་སྟག་ལོར་པ ཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་། རྫེ་འདིས་ཡོངས་རྫོགས་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་དང་། ཡོངས་འཛིན་བློ་བཟང་བསྟན་འཛིན་། པཎ་ཆེན་བསྟན་པའི་ཉི་མ་སོགས་ མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆེས་མཐའ་ཡས་པ་གསན་། དགུང་ལོ་སུམ་ཅུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་བྱ་(༡༨༡༣)ལོར་རྒྱུད་པ་གྲྭ་ཚང་གེ་ཁྲི་ཐོག་ཉེར་གཅིག་པའི་མཚན་བཞེས་ནས་ལོ་བཅུའི་རིང་ཁྲི་སྐྱོང་གནང་མཛད་། དགུང་ལོ་ཞེ་གཅིག་ནས་ང་གསུམ་བར་སྐལ་ལྡན་གྱི་སྐྱེ་བོ་དུ་མར་མདོ་སྔགས་ཟབ་ཆོས་རྒྱ་ཆེར་བསྐོར་། 《དཔའ་རྡོ་རྗེ་འཇིགས་བྱེད་ལ་བསྟོད་པའི་ཚིག་དོན་རྣམ་པར་བཤད་པ་འཇམ་དཔའ་ཞི་ཁྲོ་དགྱེས་བྱེད་ལེགས་བཤད་གསལ་བའི་མཆོད་སྤྲིན་》《ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་དབང་ལུང་མན་ངག་སོགས་ཀྱི་ཐོབ་ཡིག་བདུད་རྩིའི་ཆུ་རྒྱུན་》《དུས་འཁོར་ལ་བརྟིན་པའི་བླ་མའི་རྣལ་འབྱོར་གྱི་དོན་འགྲེལ་དངོས་གྲུབ་འབྱུང་གནས་》《གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་འབྲེལ་ཚོགས་མཆོད་བྱ་ཚུལ་འཕོ་བའི་དམིགས་རིམ་》སོགས་མདོ་སྔགས་ཀྱི་བསྟན་བཅོས་མང་དུ་བརྩམས་། རྟ་ནག་ཏུ་སྨན་ཐང་གསར་བཞེངས་མཛད་། དགོན་པའི་ནང་དུ་ཐ་མི་ཁ་དང་། ཆང་རག་སོགས་བཀག་སྡོམ་ནག་པོ་གནང་། དགུང་ལོ་དྲུག་ཅུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་ཡོས་(༡༨༤༣)ལོར་དགོངས་པ་རྫོགས་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།