སྤྱི་མཁན་དཔལ་ལྡན་དོན་གྲུབ་

མདོ་སྨད་མུ་ལི་ནས་ཡིན་པའི་དགའ་ལྡན་ཤར་རྩེའི་གྲྭ་པ་དཔལ་ལྡན་དོན་གྲུབ་ཅེས་པ་སྒེར་བཤད་སྒྲ་བ་དང་འབྲེལ་འདྲིས་ཆེ་ཁར་ལྷག་པར་བཤད་སྒྲ་དབང་ཕྱུག་རྒྱལ་པོས་སྲིད་སྐྱོང་རྭ་སྒྲེང་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་བྱས་རྗེས་ཆེ་ཙམ་བཞག་པས་བཤད་སྒྲ་སྡེ་སྲིད་ཀྱིས་དཔལ་ལྡན་དོན་གྲུབ་གཞུང་ཞབས་སེར་མོ་བའི་ཁོངས་སུ་བཅུག་ཐོག་ལས་གནས་གལ་ཆེ་འགའ་ཤས་འཁུར་རིང་གཞུང་དོན་སེམས་རྩ་འཁོལ་ཞིང་། ཞིབ་ཁང་ལས་ཁུངས་གསར་བཙུགས་དང་། གཞུང་རྩིས་ཆད་ལུས་གཙང་བཤེར་སོགས་བྱས་། དེ་ནས་དར་ཧན་མཁན་པོ་དང་། སྤྱི་ཁྱབ་དང་། མཁན་པོའི་འགན་འཁུར་སྐབས་ཧམ་སེམས་ཇེ་ཆེར་སོང་ནས་བོད་ཀྱི་སྲིད་དབང་ཡོངས་རྫོགས་རབ་ལག་ཏུ་ཐོབ་རེས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་ཕ་བོང་ཁ་རི་ཁྲོད་དུ་བཞུགས་སུ་བཅུག་རྒྱུ་དང་། སྲིད་སྐྱོང་སྡེ་དྲུག་གི་ཕྱག་ནས་སྲིད་འགན་འཕྲོག་སྟེ་དཔལ་ལྡན་དོན་གྲུབ་རང་ཉིད་ནས་སྲིད་དབང་བཟུང་རྒྱུ་སོགས་ཀྱི་འཆར་གཞི་བཀོད་ཐོག་སྡེ་དྲུག་ཛ་སག་གྲགས་པ་ཤེས་རབ་དང་། ཚ་བ་ཨ་ཏན་སོགས་དང་ངན་འབྲེལ་གྱིས་བྱ་སྤྱོད་ལག་བསྟར་བྱེད་བདེ་ཡོང་ཆེད་བཀའ་བློན་མཚོ་སྒོ་མིག་དམར་ཚེ་རིང་དང་ཕུ་ལུང་པ་ཚེ་བརྟན་རྡོ་རྗེ་། མདའ་དཔོན་ཁྲི་སྨོན་འཆི་མེད་རྡོ་རྗེ་སོགས་གཞུང་ཞབས་འགའ་ཞིག་སྔ་རྗེས་སུ་ཐབས་རྣམ་པ་འདྲ་མིན་གྱིས་བཀྲོངས་པ་སོགས་ཀྱི་གནས་ཚུལ་འབྲས་སྤུངས་བློ་གསལ་གླིང་གི་ཚ་བ་ཕྱག་མཛོད་ནས་ཤེས་པ་དང་། དོན་དེ་མཁན་པོ་དར་མདོ་སྤྲུལ་སྐུ་བརྒྱུད་སྡེ་དྲུག་སྲིད་སྐྱོང་ལ་ཞུས་སྟབས་སྡེ་དྲུག་ཛ་སག་དང་ཚ་བ་ཨ་ཏན་སོགས་འཛིན་བཟུང་བྱས་རྗེས་དཔལ་ལྡན་དོན་གྲུབ་འཛིན་བཟུང་བྱེད་ཉེར་ཁོ་པས་བཀའ་བློན་བཤད་སྒྲ་ཚེ་རིང་དབང་ཕྱུག་འཁྲིད་དེ་དགའ་ལྡན་དགོན་པར་བྲོས་ནས་དེ་གའི་གྲྭ་པ་དོན་དངོས་མི་ཤེས་པ་ཁག་ཅིག་ལ་ངན་སྐུལ་གྱིས་རྗེས་འདེད་མཁན་གཞུང་དམག་ལ་འགོག་རྒོལ་བྱས་སྟབས་དགའ་ལྡན་དུས་ཟིང་ཟེར་བ་བྱུང་མཐར་དཔལ་ལྡན་དོན་གྲུབ་བྲོས་འགྲོ་སྐབས་རྒྱ་མའི་ཕུར་རང་ཉིད་ཀྱི་དགེ་ཕྲུག་མགོན་པོས་བསད་། དུས་དེར་དགའ་ལྡན་དགོན་པར་གཏོར་བཤིག་ཕྲན་བུ་བྱུང་བ་དང་། བཤད་སྒྲའི་བཀའ་བློན་ཚེ་རིང་དབང་ཕྱུག་གནས་དབྱུང་གིས་རྒྱང་འབུད་ཐོག་བཤད་སྒྲའི་མཁར་དབང་གཞུང་བཞེས་སོགས་བྱས་། དེ་ནས་བཟུང་དགའ་འབྲས་དྲུང་སྤྱི་ཞེས་པའི་ཚོགས་འདུ་ཡང་འཐོར་འདུག།།།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།