སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་། རྣམ་པར་ཤེས་པ་དང་ལྡན་པའི་དངོས་པོ་ཞིག་ལ་སྲོག་ཆགས་ཟེར་བ་དང་། སྲོག་དང་རྣམ་ཤེས་གཉིས་འབྲེས་བ་དམ་པོ་ཡོད་ཅིང་། རྣམ་པར་ཤེས་པ་དང་མི་ལྡན་པའི་དངོས་པོ་རྩི་ཤིང་མེ་ཏོག་སོགས་སྐྱེ་ལྡན་གྱི་དངོས་པོ་ཡིན་ཀྱང་སྲོག་ཆགས་མིན་པས་དེ་ཚོར་བ་གང་ཡང་མེད་། སངས་རྒྱས་ཆོས་ལུགས་ཀྱི་མངོན་པ་མཛོད་དང་འདུལ་བའི་ནང་གསུངས་པ་ལྟར་ན་སྲོག་ཟེར་བ་ནི་དྲོད་དང་རྣམ་ཤེས་གཉིས་ཀྱི་རྟེན་གཞི་ཡིན་པ་དང་དེ་གཉིས་གནས་པར་བྱེད་ཐུབ་པའི་སྲོག་འཛིན་གྱི་རླུང་དེ་ལ་སྲོག་ཟེར་་ཡིན་། སྲོག་འཛིན་གྱི་རླུང་དེ་སྙིང་གང་གནས་པ་དང་། དེ་དང་ལྟེ་བར་གནས་པའི་མེ་རླུང་གཉིས་ཁ་སྤྲོད་བྱས་ཏེ་རླུང་བཟུང་ཐུབ་ན་མི་དེ་ཚེ་རིང་པོར་སྡོད་ཐུབ་པ་དང་། སྲོག་ཆད་པ་ཟེར་བ་ནི་། རྣམ་པར་ཤེས་པ་གཉིས་བར་གྱི་འབྲེལ་བ་ཆད་ན་རྣམ་ཤེས་དང་ལུས་པོའི་འབྲེས་བ་ཆད་འགྲོ་བས་། དེ་ནས་རྣམ་པར་ཤེས་པ་དེ་སླར་ཡང་སྐྱེ་བ་ཕྱི་མར་སྐྱེ་བ་ལེན་གྱི་ཡོད་ཅིང་། དེ་སྐབས་ཀྱི་ལུས་ཕུང་གསར་པ་དང་། རྣམ་ཤེས་གཉིས་ཀྱི་བར་འབྲེལ་བ་མཚམས་སྦྱོར་བྱེད་མཁན་ནི་སྲོག་འཛིན་གྱི་རླུང་ཕྲ་མོ་ཞིག་ཡོད་པ་དེས་འབྲེལ་མཐུད་བྱེད་ཀྱི་ཡོད་པའི་དབང་གིས་རིམ་བཞིན་དབང་པོ་ལྔ་འགྲུབ་བྱེད་ཀྱི་རླུང་དང་། སེམས་རགས་པ་གཞན་དག་སྐྱེ་བར་བྱེད་ཀྱི་ཡོད་ཟེར་། དེང་སང་གི་ཚན་རིག་མཁས་པ་རྣམས་ཀྱིས་སྲོག་ཡོད་ན་རྣམ་ཤེས་ཡོད་མི་དགོས་ཤིང་། སྐྱེ་འཕེལ་གྱི་ནུས་པ་ཡོད་པའི་དངོས་པོ་ཚང་མར་སྲོག་ཡོད་པ་མ་ཟད་། སྲོག་མེད་པའི་དངོས་པོ་ལས་སྲོག་ཡོད་པའི་དངོས་པོ་མང་པོ་བྱུང་བ་དཔེར་ན་། འཇིག་རྟེན་ཐོག་མར་ཆགས་སྐབས་རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་ཐོག་མ་ལོ་མའི་དབྱིབས་ཅད་དེ་ཡང་སྲོག་མེད་པའི་དངོས་པོ་ནས་རིམ་འགྱུར་བྱུང་བ་ཡིན་པར་ཁས་ལེན་། སངས་རྒྱས་ཆོས་ལུགས་པ་དང་ཚན་རིགས་སྨྲ་བ་རྣམས་ཀྱི་བར་འགའ་བ་ཐུག་ས་གཙོ་བོ་གཅིག་ནི་། སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཐུག་ཅིང་། དེ་ཡང་སྲོག་ཟེར་བ་གང་ལ་ངོས་འཛིན་གྱི་ཡོད་མེད་ལ་ཐུག་ཡོད་། ཨེན་ཀེ་སིས་། མིའི་རིགས་ཀྱི་ཚེ་སྲོག་ལྟ་ཚུལ་གྱི་གྲུབ་འབྲས་ཡོངས་རྫོགས་ཕྱོགས་བསྡོམས་གནང་སྟེ་། ཚེ་སྲོག་ནི་སྤྲི་དཀར་ཕུང་པོའི་གནས་སྟངས་ཡིན་པ་དང་། ཕུང་པོ་དེ་རྒྱུན་མི་ཆད་པར་རྙིང་ཚབ་གསར་བརྫེས་བྱེད་པའི་གོ་རིམ་ནང་གནས་ཐུབ་། རྙིང་ཕུང་གསར་ཐོན་གྱི་འཕེལ་རྒྱས་དེ་མཚམས་ནས་ཆད་པ་ན་སྲོག་དེ་ཆད་ནས་སྲོག་ཆགས་དེ་ཤི་འགྲོ་གི་རེད་ཅེས་གསལ་བཤད་གནང་པ་རེད་། དེ་འདྲའི་སྤྲི་དཀར་ཕུང་པོ་དེ་ནི་སྤྲི་དཀར་དང་ཧོ་སོན་ཟེར་བའི་ཧྥུན་ཙི་ཆེན་པོ་རིགས་གཉིས་ལས་གྲུབ་པ་དང་། རྙིང་ཚབ་གསར་བརྗེས་ཀྱི་གོ་རིམ་ནང་གི་ཕན་ཚུན་ནུས་པ་ཐོན་པ་དེ་དང་པ་བྲལ་ཐབས་མེད་པ་དང་། ལོ་རབས་ལྔ་བཅུ་པའི་ནང་རང་རྒྱལ་་གྱི་ཚན་རིག་མཁན་པ་མང་པོས་སྤྲིན་དཀར་མ་བཅོས་རྒྱུ་ཆ་ཨན་ཆི་སོན་འདྲེན་སྦྱོར་བྱས་རྗེས་། སླར་ཡང་མིའི་ཐབས་ཤེས་ལ་བརྟེན་ནས་དབྱི་ཏའོ་སུའོ་འབདྲེས་སྦྱོར་བྱེད་རྒྱུའི་ཚོད་ལྟ་བྱས་། རབ་བྱུང་བཅུ་དྲུག་པའི་ཤིང་སྦྲུལ་(༡༩༦༥)ལོར་རང་རྒྱལ་གྱི་ཚན་རིག་མཁས་ཅན་ཚོས་འཛམ་གླིང་ཐོག་ཐེངས་དང་པོར་མི་ཡི་ཐབས་ཤེས་ལ་བརྟེན་ནས་སྐྱེ་དངོས་ཀྱི་གསོན་ཤུགས་ལྡན་པའི་སྤྲི་དཀར་ལྟེ་བ་གླང་གི་སྙིང་བསྡུས་དབྱེ་ཏའོ་སུའོ་འདྲེས་སྦྱོར་བྱེད་ཐུབ་པ་བྱུང་ང་རེད་། ཚན་རིག་གི་ཚོད་ལྟའི་གྲུབ་འབྲས་དེས་སྲོག་དང་རྣམ་ཤེས་གཉིས་ཀྱི་བར་ལ་འབྲེལ་བ་ཇི་འདྲ་ཡོད་མེད་ཐད་གནད་དོན་གསར་པ་བཏོན་ཡོད་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།