(汉明帝刘庄)ཏུང་ཧན་རྒྱལ་རབས་ཀྱི་གོང་མ་གཉིས་པ་ཡིན་ཅིང། ཧན་ཀོང་ཨུ་རྟིའི་(汉光武帝)བུ་ཡིན་(སྤྱི་ལོ་༥༨ནས་༧༥)བར་ལོ་བཅོ་བརྒྱད་རིང་སྲིད་དབང་བཟུང་རིང་རང་ཉིད་ཀྱི་་ལག་ཏུ་སྲིད་དབང་དམ་པོར་བཟུང་ཐུབ་སྟབས། བློན་པོ་དང་ཉུག་རུམ་པ་སོགས་ཀྱིས་སྲིད་དབང་བེད་སྤྱོད་བྱས་ནས་ཁྲིམས་ལུགས་དང་འགལ་བའི་ལས་ཀ་མངོན་གསལ་དོད་པའི་ངང་བྱེད་ནུས་ཀྱི་མེད་སྟབས། དུས་སྐབས་དེར་སྤྱི་ཚོགས་བདེ་འཇགས་ཆེན་པོ་བྱུང་ཞེས་ཟེར་སྲོལ་ཡོད། གོང་མ་འདིས་སྲིད་དབང་བཟུང་ནས། ཡུང་ཕིང་ཁྲི་ལོ་བརྒྱད་པའི་ལོར་བང་ཆེན་པ་ཝང་ཙུན་ཞེས་པ་ཞིག་རྒྱ་གར་དུ་ཆོས་འཚོལ་དུ་བཏང་ཞིང། ཁོང་རྒྱ་གར་དུ་མ་སླེབས་ཙམ་ལ་དགྲ་བཅོམ་པ་མ་ཏང་གེ་(འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་མ་ཏང་གེ་ཟེར་བ་དེཡིན་མིན་བརྟག་)དང་པཎྜི་ཏ་ཧྥན་ལན་གཉིས་རྟ་དཀར་པོ་ཞིག་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་བྲིས་སྐུ་ཞིག་དང་གསུང་རབ་འགའ་ཞིག་བཀལ་ཏེ་ཚུར་བྱོན་པ་དང་མཇལ་ཏེ་རྒྱ་ནག་ཏུ་གདན་དྲངས། སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བས། དེ་གའི་སྔར་ཡོད་གདོལ་མའི་ཆོས་ལུགས་པ་རྣམས་ཀྱིས་ངོ་རྒོལ་བྱས་མཐར་བོན་པོ་ཕམ་ཉེས་བྱུང། ཧོ་ནན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བའི་(ད་ལྟའི་ལོའོ་དབྱང་གྲོང་ཁྱེར་)ནུབ་ངོས་སུ་པེ་མཱ་སི་(རྟ་དཀར་དགོན་པ་)ཟེར་བའི་དགོན་པ་བཞེངས། དེ་ནས་བཟུང་མེས་རྒྱལ་ནང་ཁུལ་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བའི་འགོ་ཚུགས་པ་ཡིན་ཞེས་མི་བཟང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》ལས་བཤད།


དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།