ཨ་མདོའི་སྐད།
ཨ་མདོ་སྐད་
ཨ་མདོའི་ཡུལ་གྱི་མངའ་ཁོངས་དང་འདི་བསྟན་གྱི་སྐད་ཆའི་འབྱུང་ཡུལ།
རྩོམ་སྒྲིག“སྤྱིར་ཡུལ་སྐད་ཅེས་པའི་ཐ་སྙད་འདིའི་ཐོག་མའམ་ཆེས་གལ་ཆེ་བའི་བསྟན་དོན་ནི་ཡུལ་ཁམས་ཀྱི་འགྱུར་བ་དེ་ཡིན་པས་”②ཨ་མདོའི་ཡུལ་སྐད་བཤད་པ་ལ། ཐོག་མར་ཨ་མདོའི་མངའ་ཁོངས་ཤེས་དགོས་ཏེ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་མཆོག་གིས། ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཞེས་གྲགས་ཤིང་། ཁམས་ནི་ས་མཐའ་ལ་བྱས་པ་སྟེ། མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟ་བུའི། ③ཞེས་གསུངས་པ་ལྟར། བོད་ཀྱི་ཡུལ་དབུས་ཀྱི་ཆ་ལ་དབུས་དང་། ཡར་ཀླུང་གཙང་པོའི་འབབ་རྒྱུན་གྱི་ཡུལ་གྲུ་རྒྱ་ཆེན་པོ་དེ་ལ་གཙང་པོའི་མིང་ཟུར་ལས་དྲས་ཏེ་གཙང་དུ་བཏགས། ཤར་ཕྱོགས་ཀྱི་ཡུལ་མཐར་མཆིས་པའི་ཡུལ་བྱིངས་ལ་མདོ་ཁམས་ཞེས་འབོད་པ་ལའང་སྟོད་སྨད་ཀྱི་ཆ་གཉིས་ཏེ། སོག་ལ་སྐྱ་བོ་མན་ཆད་ནས་རྨ་ཆུའི་ཁུག་པ་ཡན་ལ་མདོ་སྟོད་མིའི་ཆོལ་ཁ་དང་། དེ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ལ་མདོ་སྨད་རྟའི་ཆོལ་ཁར་བྱེད་པ་ལས། མདོ་སྨད་ཀྱི་ཆ་འདི་ལ་ཨ་མདོ་ཞེས་ཀྱང་བྱ་བ། དུང་དཀར་རིན་པོ་ཆེས། མདོ་སྨད་ཅེས་པའི་མདོ་སྔོན་འཇུག་སྒྲ་དག་པོར་ཀློག་སྐབས་ཨ་སྒྲ་ཞིག་སྔོན་ལ་རང་ཤུགས་ཀྱིས་ཐོན་པ་ཙམ་ཡིན་④ཞེས་དང་། མདོ་སྨད་ཆོས་འབྱུང་དུ། འབྲི་ཆུའི་སེ་བོའི་ལུང་རིང་བརྒལ་བའི་བ་ཡན་ཧ་རིའི་རྒྱབ་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་། མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོ་ཟེར།⑤ཞེས་གསུངས་པ་ལྟར། སྔོན་གྱི་དུས་སུ་ཚོང་ཁ་བདེ་ཁམས་སུ་གྲགས་པ་ལ་ད་ལྟར་ཨ་མདོ་ཞེས་བྱ་མོད།⑥ དེ་ནི་འདིར་བསྟན་གྱི་སྐད་ཆའི་ཁྱབ་ཁོངས་ཀྱི་དབང་དུ་བྱས་པའི་ཡུལ་རིས་དང་ཅུང་ཟད་མི་འདྲ་སྟེ། མི་རིགས་ཤིག་གི་སྤྱི་མཐུན་གྱི་སྐད་ཆ་ལ་དུས་ཀྱི་འཕེལ་འགྱུར་དང་ས་གཤིས་གནས་བབས་ཀྱི་དབང་གིས། ཡི་གེའི་བཀླག་གདངས་དང་། ཐ་སྙད། སྒྲའི་སྦྱོར་ཚུལ་སོགས་ཀྱི་ཆ་ལ་ཡུལ་གྱི་ཁྱད་པར་ཅུང་ཟད་རེ་བྱུང་བ་དེ་ལ་ཡུལ་སྐད་ཅེས་བྱ་ཕྱིར། འདིར་དེའི་དབང་དུ་བསྟུན་ན། རང་རེའི་བོད་འདིར་ཡུལ་སྐད་ཆེན་པོ་གསུམ་དུ་བྱེད་པ་སོ་སོའི་ཁྱབ་ཡུལ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ཁོངས་ཡུལ་གྲུ་ཕལ་ཆེ་བ་ནི་དབུས་གཙང་སྐད་ཀྱི་ཁྱབ་ཡུལ་དང་། བོད་ལྗོངས་ཀྱི་ཆབ་མདོ་དང་། སི་ཁྲོན་གྱི་དཀར་མཛེས། ཡུལ་ནན་གྱི་བདེ་ཆེན། མཚོ་སྔོན་གྱི་ཡུལ་ཤུལ། ཀན་སུའུའི་ཅོ་ནེ། ཐེ་བོ། འབྲུག་ཆུ་བཅས་ཡུལ་ཁོར་རྒྱ་ཆེན་པོ་རུ་ཁམས་སྐད་འཆད་པ་དང་། མཚོ་སྔོན་གྱི་བོད་རིགས་ས་ཁུལ་ཕལ་ཆེ་བ་དང་། སི་ཁྲོན་རྔ་བ་ཁུལ་གྱི་ཡུལ་གྲུ་ཁག་ཅིག་དང་། ཀན་སའུའི་ཀན་ལྷོ་དང་དཔའ་རིས་སོགས་ཀྱི་ཡུལ་གྲུ་རྣམས་ནི་ཨ་མདོའི་སྐད་ཀྱི་དབང་རིས་སུ་བྱེད་པས།⑦སྐབས་འདིར་ཨ་མདོའི་ཡུལ་སྐད་གྱི་ཁྱབ་ཡུལ་དུ་གཏོགས་པའི་མགོ་ལོག་དང་། མཚོ་ལྷོ། རྨ་ལྷོ། ཀན་ལྷོ་སོགས་ཀྱི་སྐད་ལ་གཞིར་བརྟེན་ཏེ། ཡུལ་གྲུ་འདིའི་བོད་སྐད་ཀྱི་ཁྱད་ཆོས་རིགས་ཙམ་བརྗོད་པ་ལ་འཇུག་གོ།
ཨ་མདོའི་ཡུལ་སྐད་སྤྱིར་བཤད་པ།
རྩོམ་སྒྲིགདེ་ཡང་སི་ཏུ་པཎ་ཆེན་གྱི་ཞལ་ནས། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱི་མཚོན་ནུས་སོ།⑧ཞེས་གསུངས་པ་ལྟར། ཨ་མདོའི་མི་རྣམས་ཀྱི་སྐད་ལ་འཕུལ་རྟེན་མགོ་འདོགས་ཀྱི་སྒྲ་ཟུར་དག་པར་ཐོན་པ་དང་། ཁྱད་པར་དུ་ཐ་སྙད་ཁག་ཅིག་གི་མིང་རྗེས་སོ་སོར་ཕྲལ་ཏེ་ཀློག་གིན་ཡོད་པ། འུ་ཅག་ལ་འུ་ཅ་གའམ་འུ་ཆ་ག་དང་། བུག་གའི་དོན་གྱི་མྱིག་ལ་མྱི་ག་ཟེར་བ་ལྟ་བུས་མཚོན་ཞིང་། སྤྱིར་བཏང་དུ་སྒྲ་རྩོལ་དྲག་ཅིང་གྱོང་བར་འབྱིན་གྱིན་ཡོད་པས། དབུས་གཙང་བ་དག་གིས་རྩེད་མཚར་གྱི་ཚུལ་དུ། གལ་ཏེ་བོད་རིགས་བུད་མེད་རྣམས་ཀྱིས་དབུས་གཙང་སྐད་དང་། སྐྱེས་པ་རྣམས་ཀྱིས་ཨ་མདོའི་སྐད་བཤད་པ་ཡིན་ན། ཕོ་མོའི་ཁྱད་པར་དང་བོད་མི་རིགས་ཀྱི་གཤིས་ཀ་མངོན་པར་མཚོན་ཐུབ་ཟེར་བའང་མཆིས་ཀྱང་། ཨ་མདོའི་སྐད་རང་སྟེང་ནས་བལྟས་ན། ཀ་དང་ག། ཅ་དང་ཇ། ཏ་དང་ད། ཙ་དང་ཛ་སོགས་ཀྱིས་མཚོན་པའི་ཡི་གེ་རྣམས་ལ་བྱེད་རྩོལ་དང་སྒྲ་དྲག་ཞན་གྱི་ཁྱད་པར་གསལ་བར་མཆིས་ཤིང་། ཡུལ་གྲུ་ཕལ་མོ་ཆེའི་སྐད་ལ་ཨི་སྟེང་དུ་བཀུག་པ་དང་། ཨུ་འོག་ཏུ་སྨད་པའི་ཚུལ་གྱིས་འབྱིན་པས། དེ་གཉིས་ཀྱི་གདངས་ལ་ཁྱད་པར་གསལ་བར་སྣང་བ་དང་། ཐ་ན་ཡིག་ཐོག་ཏུ་སྔ་མོ་ནས་དོར་ཟིན་པའི་ད་དྲག་ཀྱང་གསལ་བར་ཐོན་གྱིན་ཡོད་པའི་ཐོག བརྡ་རྙིང་མང་བ་དང་ཞེ་ཚིག་མང་པོ་མེད་པས། ཐོས་ཙམ་ཉིད་ལ་གནའ་བོའི་ཁྱད་ཆོས་མང་པོ་བྱུར་བུར་གཏམས་པའི་བོད་སྐད་རྙིང་གྲས་ཤིག་ཡིན་པའི་སྣང་བ་བཅོས་མིན་དུ་སྟེར་མོད། དངོས་པོ་གང་ཡིན་ཀྱང་འདུ་ཤེས་ཀྱི་དབང་གིས་སྣང་ཚུལ་དུ་མ་འབྱུང་བ་ལྟར། ཡི་གེའི་གདངས་ལའང་ས་ཁུལ་གྱི་དབང་གིས་ཡི་གེ་གཅིག་ལ་ཀློག་ཚུལ་དུ་མ་ཡོད་དེ། ཨ་མདོའི་འབྲོག་ཁུལ་དུ་ཤ་ལ(Ja)ཟེར་པས་ཤ་དང་ཞ་གཉིས་བཀླག་གདངས་གཏན་ནས་མི་འདྲ་ཡང་། རོལ་ཁུལ་དུ(Xa)བཀླགས་པས་ཞ(a)དང་ཅུང་ཟད་ཉེ་བར་སྣང་བ་དང་། ས་ཆ་འགའ་ཞིག་ཏུ་ཉ་ལ་ན་སྒྲར་ཀློག་པས། ཉི་མ་ལ་ནི་མ་དང་། བྱེད་མི་ཉན་ལ་བྱེད་མི་ནན་ཟེར་ཞིང་། མདོ་སྨད་ཁྲི་ཀའི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་སྡེ་དག་གི་སྐད⑨ལ་ན་རོ་དང་ཞབས་ཀྱུའི་སྒྲ་ཡོངས་སུ་ཉམས་ཏེ། སྒོག་པ་ལ་སྒག་པ། འབྲོག་པ་ལ་འབྲག་པ། ཡོང་བ་ལ་ཡང་བ། ཆུ་འཐུང་བ་ལ་ཆུ་འཐང་བ། བྱེད་མི་རུས་ལ་བྱེད་མི་རང་ཟེར་རོ། དེར་མ་ཟད་ཨ་མདོ་སྤྱིའི་སྐད་ལ་རྗེས་འཇུག་ད་དང་ལ་གཉིས་ཀྱི་ཁྱད་པར་ཆེར་མི་ཕྱེད་པས། ཚིག་ཕྲད་སྦྱོར་བའི་ཚེ་ད་མཐའ་ཅན་ལའང་ལ་ཡིག་ལས་གྲུབ་པའི་ཚིག་ཕྲད་སྦྱོར་བ་སྟེ། ཐང་ལ་བསྡད་ལས(དེ་)ཟ་མ་ཟོས། སྡོང་བོ་བཅད་པས(དེ)འགྲོ། ཤ་ལྡོད་ལ་མྱིད(མིད)ཡི་གེ་འ(ལ)འཁོད་ལ་ཞོག་ཟེར་རོ།།
ཚིག་ཕྲད་སྦྱོར་ཚུལ་གྱི་ཆ་ནས་བལྟས་ན། ཕྱི་ནས་བཤད་འགྱུར་ལྟར་མིང་སྔ་མའི་རྗེས་འཇུག་ཉིད་ཚིག་ཕྲད་དུ་བྱས་ཏེ་སྦྱོར་གྱིན་ཡོད་པར་མ་ཟད། བྱེད་སྒྲའི་ཕྲད་སྦྱར་དགོས་པའི་སྐབས་སུ་འ་མཐའ་ཅན་དང་མཐའ་མེད་ཀྱི་མཐར་སྐབས་འགར་ས་ཡིག་སྦྱོར་བ། ཁྱོས(ཁྱོད་ཀྱིས་)བཤད། ཁོ་མོ་དགའ་འས(ཡིས་)བྲོ་རྩེ། ངས་རིག་མ་མྱོང་ལྟ་བུ་ལས་གཞན་དུ་བྱེད་སྒྲ་ལའང་འབྲེལ་སྒྲ་སྦྱོར་ཞིང་། དེ་ཡང་གི་ཉིད་གཙོ་ཆེ་བ་ལས་ཀྱི་གྱི་ཡི་གསུམ་སྦྱོར་གྱིན་མེད་དེ། སྟག་གི(གིས་)མཆེ་བ་བསྟན། དགེ་རྒན་གི(གྱིས)སློབ་ཁྲིད་ཡེད(བྱེད)ཨ་ཁུ་གི(ཡིས)སྒོར་མོ་བྱིན། ཚོང་བ་གི་(ཡིས)པགས་པ་ཉོས། གཡག་གི(གིས)རྩྭ་ཟ་གི་ཡོད། ལྟ་བུས་མཚོན་ཞིང་། སྤྱིར་ཚིག་ཕྲད་གང་ཡིན་ཀྱང་རང་དབང་ཅན་དང་རྗེས་འཇུག་རང་འདྲའི་ཕྲད་ཉིད་སྦྱོར་བ་རྒྱུགས་ཆེ་ཕྱིར། ཡི་གེ་གང་ཡང་མི་ཤེས་པའི་འབྲོག་མང་ཚོགས་ཕལ་བའི་སྐད་ལ་ལྷག་བཅས་ཀྱི་ཏེ་སྟེ་དང་། ལ་དོན་གྱི་སུ་རུ་དུ་ཏུ་དང་། བྱེད་སྒྲ། གམ་སོགས་སྦྱོར་གྱིན་མེད་པ་མངོན་སུམ་གྱིས་གྲུབ་པ་ཡིན། དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། སློབ་དཔོན་ཐོན་མིས་ལུང་སྟོན་པ་སུམ་ཅུ་པ་ཞེས་པ་རུ་ཚིག་ཕྲད་ཀྱི་རྣམ་བཞག་སྟོན་སྐབས། ཐོག་མར་རྫོགས་ཚིག་དང་། དེ་ནས་ལ་དོན། འབྲེལ་སྒྲ། བྱེད་སྒྲ། རྒྱན་སྡུད་སོགས་རིམ་པར་བསྟན་པ་ཚིག་གི་སྦྱོར་བ་ལ་ཐོན་པའི་ནུས་པ་དང་ཚིག་འགྲུབ་བྱེད་ཀྱི་རྐྱེན་ལ་གང་ཞིག་གཙོ་བོའི་ཁྱད་པར་ལྟར་བསྟན་པ་ཙམ་དུ་མ་ཟད། ད་དུང་ཚིག་ཕྲད་གང་ལ་བརྟེན་ནས་གང་བྱུང་བའི་རིག་པ་ཞིག་ཀྱང་གསལ་བར་མངོན་པ་སྟེ། དེ་རུ། རྗེས་འཇུག་ཡི་གེ་བཅུ་བོ་ལ། ། ཨི་དང་མཐུན་ལུགས་འདི་ཞེས་བྱ། དང་པོ་གཉིས་ལ་དང་པོ་མཐུན། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། བདུན་པ་ཉིད་ལ་བདུན་པ་སྟེ། ལྷག་མ་རྣམས་ལ་གྱ་སྦྱར་བ། དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་པ་སྦྱར། བྱེད་པ་པོ་རུ་ཤེས་པར་བྱ། ⑩ཞེས་འབྲེལ་སྒྲ་བསྟན་པའི་མཇུག་དེ་མ་ཐག་ཏུ་བྱེད་སྒྲ་བསྟན་པ་ཡིས། རང་རེའི་མེས་པོ་རྣམས་ཀྱིས་ཐོག་མར་མིང་དང་མིང་ལྷན་དུ་སྦྱོར་བའི་རྟོག་པ་རྒྱུད་ལ་སྐྱེས་ཏེ། མིང་སྔ་མའི་སྒྲ་ཟུར་རིང་དུ་བསྲིངས་པས་གི་འི་འབྲེལ་སྒྲའི་ཕྲད་བྱུང་བ། རིམ་གྱིས་ལྷན་དུ་སྤྲེལ་བྱའི་མིང་དང་དེ་དག་གི་བསྟན་དོན་ལ་ངེས་པ་ཇེ་ཟབ་ཏུ་སོང་བར་བརྟེན། འབྲེལ་སྒྲའི་ཕྲད་དེ་དག་གི་སྒྲ་ཕྱིར་བསྲིངས་པས་བྱེད་སྒྲའི་ཕྲད་བྱུང་བའི་ངེས་དོན་གསལ་བར་བྱས་འདུག་སྟེ། སའི་གོ་ལ་འདིའི་མི་རྣམས་ཀྱི་སྐད་ལས་ཚིག་ཕྲད་ཀྱི་ཐོག་མ་འབྲེལ་སྒྲ་ཡིན་པས་དེ་མེད་པ་སྤྱིར་བཏང་དུ་མེད་མོད། བྱེད་སྒྲ་སོགས་ཕྲད་གཞན་མེད་པ་ཡོད་པའི་གནད་ཀྱང་འདི་ལ་ཐུག་པར་གསུངས་ཕྱིར། བོད་སྐད་ལ་ཐོག་མར་རྗེས་འཇུག་ལས་གི་དང་འི་སོགས་འབྲེལ་སྒྲའི་ཕྲད་དུ་བྱས་པ་ལ། རིམ་གྱིས་ཡི་གེ་ལྕི་ཡང་གི་སྡེབ་སྦྱོར་གྱི་དབང་གིས་རྗེས་འཇུག་ལ་བལྟོས་དགོས་པའི་ཕྲད་གཞན་དབང་ཅན་གཏན་ལ་ཕབ་པ་ཡིན་ནོ།།
སྤྱིར་ངག་གི་སྦྱོར་བ་ནི་ཡིག་ཐོག་གི་སྐད་ཆ་ལ་བལྟོས་པས་ཚགས་ལྷོད་ཅིང་འཆད་ཉན་གྱི་གནས་སྐབས་དང་བསྟུན་ནས་ཚིག་སྟེགས་རེ་གང་དགར་སྦྱར་ཆོག་པ་ནི་སྐད་ཆ་ཀུན་ལ་གཅིག་འདྲ་ཡིན་པ་ལྟར། ཨ་མདོའི་ཡུལ་སྐད་ལ་སྤྱི་ལྡོག་ནས་ཁྱད་པར་ཆེན་པོ་མེད་ཀྱང་། ཁ་དཔེ་ལ། ལུང་བ་རེ་ལ་སྐད་ཆ་རེ། སྡེ་བ་རེ་ལ་བརྗོད་ལུགས་རེ། ཞེས་པ་ལྟར། ཚིག་གི་རྐྱེན་ལ་ཡུལ་ལུང་གི་ཁྱད་པར་ཅུང་ཟད་རེ་ཡོད་པ།ཁྱོད་ཡུལ་ལ་ཡོང་ངམ་ཞེས་པའི་ཡིག་སྐད་ཀྱི་ཚིག་འདི་ལ། ཁྱོ་ཡུལ་འ་ཡོང་ང་དང་། ཁྱོ་ཡུའུ་འ་ཡོང་ང་དང་། ཁྱོད་ཡུའུ་འ་ཡོང་ནིས།ཁྱོད་ཡུའུ་འ་ཡོང་ནི་ཟེར་བའི་བརྗོད་ལུགས་དུ་མ་ཡོད་པ་ལས། ཚིག་དང་པོའི་ང་ནི་ཡོང་གི་རྗེས་འཇུག་ལས་དྲངས་པས་ཚིག་ཕྲད་སྤྱིའི་བྱུང་ཚུལ་དང་མཐུན་པ་དང་། ཕྱི་མ་གཉིས་ནི་ཡུལ་སྐད་རང་སྟེང་གི་རྐྱེན་ཙམ་དུ་ངེས་ཀྱང་། གཞིའི་གདངས་མཐུན་པར་གདའ་བས་སྒྲའི་ཤུགས་འདོན་ལུགས་མི་འདྲ་བ་ཙམ་དུ་ཟད་པས་དོན་ལ་གནོད་པ་གང་ཡང་མི་འབྱུང་ངོ་།། དེ་འདྲ་གཞན་ཡང་། སྟ་རེ་དེས་ཨེ་ཆོད་ཀི་དང་། ཆོད་ཀི། ལྟ་རེ་དེས་ཨེ་ཆོད་ཀིད་དང་། ཆོད་ཀིད། ཁྱིམ་ན་མྱི་(མི་)ཨེ་ཡོད་ཀི་དང་།ཁྱིམ་ན་མྱི་ཨེ་ཡོད་ཀིད་སོགས་བྱུང་བ་ནི། ཡུལ་ལུང་གི་བརྗོད་ལུགས་ཙམ་དུ་སོང་བས་དེ་འདྲ་བ་ནི་ཨ་མདོའི་ཡུལ་སྐད་ཀྱི་ཁྱད་ཆོས་ཐ་དད་དུ་འཛིན་མི་རུང་ངོ་། གཞན་དུ་ན། ཨ་མདོའི་ཡུལ་སྐད་དུ་ར་དང་ལ་གཉིས་གཅིག་འདྲར་སྦྱོར་བ་དང་། ཧ་ཡིག་ཉིད་ལ་བརྗོད་དོན་གྱི་དབང་གི་སྒྲ་དུ་མར་ཀློག་པ་ལ་བལྟས་ན། ལུང་སྟོན་པ་རྟོགས་ཀྱི་འཇུག་པ་རུ། ར་ལ་ཧ་ཨ་བཞི་མོ་གཤམ་དུ་བྱས་པ་ནི། སྒྲ་དུ་མ་ཡི་གེ་གཅིག་གིས་མཚོན་པའམ། ཡི་གེ་གཅིག་ལ་སྒྲ་དུ་མར་བཀླག་རུང་བའི་དོན་གྱིས་ཨེ་ཡིན་སྙམ་སྟེ།དཔེར་ན།འདིར་སྡོད་ར་ཟ་མ་ཟོ་ཞེས་དང་། ཁྱེད་རང་ཁྲིར་བཞུགས་ར་(དང)ཞེས་པ་ལ། ཁྱེད་རང་ཁྲིར་བཞུགས་ལ་ཟེར་བ་དང་། ཧ་ཡིག་གཅིག་པུར་ཡང་། རུས་པའི་ཧ་(ha)དང་།ཧཱ་སག་(xa)གི་ལྭ་བ་དང་། ཧ་(xa)མེད་(ཐབས་མེད)ཧ(ha)ཡང་གི་བ་མ་ལྟ་བུས་མཚོན་པ་ལྟར་སྒྲ་དུ་མ་ཡོད་པས། དེ་ནི་ར་ལ་ཧ་གསུམ་མོ་གཤམ་དུ་བཞག་པའི་རྒྱུ་མཚན་ཨེ་ཡིན་མཁས་པ་རྣམས་རྟགས་པར་བྱ་ཞིང་། ཨ་ནི་དབྱངས་གསལ་གཉིས་ཀར་འགྲོ་བས་རྟོགས་སླའོ།
ཨ་མདོའི་ཡུལ་སྐད་དུ་བརྡ་རྙིང་མང་བ་དང་དེའི་འབྱུང་རྐྱེན།
རྩོམ་སྒྲིགབོད་ཀྱི་སྐད་ཆ་འདི་ལ་ལོ་རྒྱུས་སྟེང་དུ། ཐོན་མི་སམ་བྷོཊ་ནས་བཙན་པོ་ཁྲི་སྲོང་བཙན་གྱི་བར་ལ་བཀས་བཅད་དང་པོ་དང་། དེ་ནས་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་ལོ་ཙྭ་བ་སྐ་ཅོག་ཞང་གསུམ་སོགས་ཀྱིས་བཀས་བཅད་གཉིས་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ནས་ལོ་ཆེན་ངྷརྨ་པཱ་ལ་བྷ་རའི་བར་དུ་བཀས་བཅད་གསུམ་པ་བྱས་ཏེ།⑾བོད་སྐད་ཀྱི་བརྡའི་བརྗོད་ལུགས་མི་འདྲ་བ་དང་། བརྡ་རྙིང་དཀྱུས་སུ་ཤོར་བ། ཡུལ་སྐད་ཀྱི་ཤན་ཞུགས་པ། ལོ་ཙཱ་བས་བསྒྱུར་ཚུལ་མི་འདྲ་བ་སོགས་མཐུན་པར་བཅོས་ནས། “ཐེགས་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས།”⑿ ལོ་ཙྭ་བ་ལྷན་རྒྱས་ཀྱིས་གཅིག་ཏུ་བསྡུས་ཏེ་བཀས་ཁྱབ་བསྒྲགས་མཛད་ཀྱང་། དེ་ནི་བཀའ་དང་བསྟན་བཅོས་ཀྱི་བསྒྱུར་ཚུལ་དང་དེར་འབྱུང་བའི་བརྡ་ཉིད་གཙོ་བོར་བཟུང་ཞིང་། མངའ་འབངས་སྤྱི་དང་སྒོས་སུ་ཡུལ་དབུས་དང་ཡུལ་གྱིས་བསྐལ་པའི་འབངས་བྱིངས་ཀྱི་སྐད་ཆའི་ཆ་ལ་རྔོ་པོ་མ་ཐོགས་ཕྱིར། ཨ་མདོའི་ཡུལ་སྐད་དུ་ད་ལྟའང་སྔོན་བཙན་པོའི་དུས་ཀྱི་བརྗོད་ལུགས་འགའ་རེ་རྒྱུན་འབྱམས་སུ་གནས་པ། མདོར་བསྡུས་ན་འདི་ལྟ་སྟེ།
1.ད་ལྟའང་བརྡ་རྙིང་མང་པོ་སྤྱོད་མུས་སུ་མཆིས་པ། དག་ཡིག་ལི་ཤིའི་གུར་ཁར་དུ། མྱེད། མྱིན་སོགས་ཡ་བཏགས་པ་དང་། རལ་གྱི་སོགས་ནི་ལོ་ཙྭ་བ་ཁ་གཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ།།⒀ཞེས་མྱེད་དང་། མྱིན། རལ་གྱི་སོགས་ནི་ཡུལ་སྐད་ཅིག་ཡིན་པར་གསུངས་ཀྱང་། སྔོན་གྱི་རྡོ་རིང་ཡི་གེ་སོགས་སུ། བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟགས་ལོ་དགུ་(བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་P32)ཞེས་དང་། ཆབ་སྲྀད་ནྀ་ཕྱིར་ཞིང་ཆེ་དབུ་རྨོག་ཎྀ་སླར་ཞིང་བརྩན་པ་ནམ་ཞར་མི་འགྱུར། བྱིན་མྱི་ཉམས་པའི་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ཎི་ཆེ་(གོང་མཚུངས་P28)ཞེས་དང་།བླར་མྱི་བཞེས་མྱི་དབྲྀ་གཞན་གྱིས་མྱི་དཕྲོགས་ཁོང་ཏ་བཏག་མྱྀ་དགའ་ན་ཉེ་རིང་དང་བཟང་ངན་མྱི་བརྗེ་བར་གནང་ངོ་(གོང་མཚུངས་P62--63)ཞེས་པ་སོགས་མང་དུ་འབྱུང་བ་ལ་བལྟས་ན། གོང་གི་ཐ་སྙད་དེ་ནི་བོད་ཡུལ་བྱེ་བྲག་པ་ག་གེ་མོ་ཞིག་ཡུལ་སྐད་མ་ཡིན་སྙམ་སྟེ། དེ་ནི་བསྟན་བཅོས་ལ་གྲགས་པའི་སྐད་དང་། ཡུལ་སྐད་གཉིས་སུ་ཕྱེ་བའི་ཕྱི་མ་ཡིན་སྟབས། སྔོན་བཀས་བཅད་རིམ་པའི་སྐབས་སུ་བསྡུས་ཟིན་པའི་བླ་འོག་དང་། རིད་པ། མཐོང་ག།གནའ། ཐ་ཆན་པ། འཐུག་པོ། གཏིང་ཕྱིན་པ། སུག་པ། མི་ཡོགས་པ། འཆོས་པ། ཀླུབས་པ། རུམ། འཕྱོ་བ། གླེབས་པ། ཆ་མེད། ཤིད། རྨེག་མེད། སྨག། འགྱེད་པ། བྱེར་བྱ། དྲུབས་པ། ཚིག་གུ། ཇ་ཧོང་། དཀོར⒁ ལ་སོགས་པ་རྣམས་ཨ་མདོའི་ཡུལ་སྐད་དུ་ད་ལྟའང་རྒྱུན་དུ་སྤྱོད་ཀྱིན་ཡོད་པ། གནམ་ས་བླ་འོག་བསྒྱུར་རས་(ནས)ཐོན་ཐལ། ཁྱོའི་མཐོང་ག་(བྲང་ཁ)ན་ཆི་ཟིག་(ཅི་ཞིག་)ཡོད་ཀི། མྱི(མི)ཆ་མེད་ཟིག་(ཅིག)ཁྱིམ་མ་(ལ)འཛུལ་ཐལ། སྨག་ནས་ལུག་ཚང་མ་གཞན་ལ་བྱེར་སོང་། རྩག་པའི་རུམ་ནས་ཀ་ར་གླེབས་སོང་། གོན་རྒྱུ་འཐུག་པོ་གོན་པའི་མྱི་(མི)དེས་སེའུ་ཏོག་མང་པོ་འཆོས། མྱི་འདིའི་སྣང་བའི་དབུ་རྨོག་མཐོ། ཡུལ་བརྩན་ས་ན་ད་ལྟའང་རི་དྭགས་མང་གི་ཟེར། ལྟ་བུས་མཚོན་པ་ལྟར་བརྡ་རྙིང་མང་པོ་ཡོད་མོད། དགག་སྒྲའི་སྐབས་སུ་ཡ་བཏགས་མེད་པའི་མི་མིན་མེད་མ་གཏོགས་མྱི་མྱིན་མྱེད་གསུམ་སྦྱོར་གྱིན་མེད་པ། དཔེར་ན། སློབ་ཁང་ནང་ན་མྱི་(མི)སུ་ཡོད་ཀི་ཞེས་དྲིས་ཚེ། མྱི་སུ་ཡང་མེད་ཀི མྱི་ག་གི་(ཡི)མྱིང་ང་(མིང་ལ)ཆི(ཅི)ཟེར། ངས་མི་ཤེས་ཟེར་པ་ལས། ངས་མྱི་ཤེས་མི་ཟེར་པས། མིང་ཚིག་ཁོ་ན་ལ་ཡ་བཏགས་ཅན་བཀོལ་པ་ཨེ་ཡིན་ཞེ་ན། སེའུ་ཏོག་སྨྱིན་ནས་ས་ལ་ལྷུང་། ཟ་མ་མྱིད་ལ་སྐད་ཅ་ཤོད་ལྟ་བུའི་བྱ་ཚིག་ཀྱང་ཡོད་པས་དེ་འདྲ་མ་ཡིན་ནོ། ཚུལ་དེར་བལྟས་ན། ཨ་མདོའི་ཡུལ་སྐད་དུ་བརྡ་རྙིང་པ་དང་གསར་པ་གཉིས་ཀ་ཡོད་མོད། མིང་གཅིག་ལ་བརྡ་རྙིང་པ་བཀོལ་ཚེ་བརྡ་གསར་པ་མི་འཁོལ་བ་དང་། བརྡ་གསར་པ་འཁོལ་བའི་ཡུལ་དུ་བརྡ་རྙིང་པ་སྤེལ་མར་མི་སྤྱོད་པས། སྐད་ཆའི་བརྗོད་ལུགས་དང་དོན་ལ་ཉོག་དྲ་གཏན་ནས་མེད་དོ།། 2.ཨ་མདོའི་ཡུལ་སྐད་དུ་གསལ་བྱེད་ཀྱི་སྡེ་པའི་ཡི་གེ་དང་པོ་དང་གཉིས་པ་རེས་མོས་སུ་སྤྱོད་ཀྱིན་ཡོད་པ། གནའ་བོའི་བོད་སྐད་ཀྱི་ནང་དུ་མིང་གཞི་ཀ་ཅ་ཏ་པ་ཙ་ལྔ་རིམ་བཞིན་རང་སྡེའི་ཡི་གེ་གཉིས་པ་ཁ་ཆ་ཐ་ཕ་ཚ་དང་ཕན་ཚུན་རེས་མོས་སུ་སྤྱོད་སྲོལ་ཡོད་པ་ནི། ཉིན་ཆིག་ལ་དགས་པོ་མྱི་བརྒྱའ་བསད་ཆེས་འུང་སྐད་དོ(བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས།P42)ཞེས་པ་དང་། བྱ་ཅིག་མ་ཚང་ན(གོང་མཚུངས། P35)ཞེས་པ་དང་། དཀུ་ལ་གཐོགས་ཏེ་(གོང་མཚུངས། P40)ཞེས་པ་དང་། བློན་པོ་གཙྀགས་འཛིན་པ་ལ་གཏོགས་པ་རྣམས་ཀྱྀ་ནི་ལག་ཡྀག་ཏུ་བྲིས་ཏེ་(གོང་མཚུངས། P218)ཞེས་པ་དང་། ལྷ་ཟུང་བཀྱོན་ཕབ་ནས་(གོང་མཚུངས་། P35)ཞེས་པ་དང་། འ་ཞ་མང་པོ་པྱག་འཚལ་ཏེ(གོང་མཚུངས་། P63)ཞེས་པ་དང་། མདོ་སྨད་ཀྱི་མཁོས་.ཆེན་པོ་བགྱྀས་པར ལོ་གཆྀག(ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།P23.)ཞེས་པ་དང་། ཁྲོམ་གྱྀ་མཀོས་ཆེན་པོ་བགྱྀས་(གོང་མཚུངས། P28)ཞེས་པ་ལྟ་བུ་སྔོན་གྱི་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་སོགས་སུ་མང་པོ་འབྱུང་བའི་སྔོན་གྱི་སྐད་ཆའི་བརྗོད་སྟངས་དེ་ཨ་མདོའི་ཡུལ་སྐད་དུ་ད་ལྟའང་འགའ་རེ་ཡོད་པ། དཔེར་ན། གཅིག་སྟོང་ལ་ཆིག་སྟོང་། བཅུ་གཅིག་ལ་བཅུ་ཆིག ཨ་ཕ་ལ་ཨ་པ། པགས་ཚག་ལ་པགས་རྩགཀ་ཅ་ལ་ཀ་ཆ། ཅི་ལ་ཆི། བཏོག་པ་ལ་འཐོག་པ་ཟེར་བ་མ་ཟད། ཞའི་དོད་དུ་ཟ་སྤྱོད་པའང་ཡོད་པ། མྱི་འདིས་ཆི་ཟིག་ཟེར། ཕ་ཀི་ཟིག་རེད། ལུག་ཟིག་རེད་ལྟ་བུ་ཞིག་དང་ཅིག་གི་དོད་དུ་ཟིག་སྒྲ་རྗེས་འཇུག་ལ་མི་ལྟ་བར་གང་དགར་སྦྱོར་བ་མ་གཏོགས། མིང་གཞི་ཞ་ཡིག་ཅན་གྱི་མིང་གཞན་ལ་སྦྱོར་བ་མ་མཐོང་ངོ་།། 3.ཨ་མདོའི་ཡུལ་སྐད་དུ་ཀ་ཁ་ག་གསུམ་ལ་ར་བཏགས་པ་ཕལ་ཆེར་ཡ་བཏགས་ལྟར་ཀློག་པ། ཏུན་ཧོང་གཏེང་ཡིག་ཏུ། བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས……སྲས་གཉིས་ཀྱང་ཤ་ཁྱྀ་དང་ཉ་ཁྱྀར་བཏག་སྟེ་རྐོང་ཡུལ་དུ་སྤྱུགསྟེ་བཀྱེའོ⒂ ཞེས་གྲི་གུམ་བཙན་པོའི་སྲས་ལ་ཤ་ཁྱི་དང་ཉ་ཁྱི་དང་ཉ་ཁྱི་ཟེར་བ་ལ། དེབ་ཐེར་གཞན་དུ་བྱ་ཁྲི་དང་། ཤ་ཁྲི། ཉ་ཁྲི་ཞེས་བྲིས་འདུག་པ་དང་། རལ་གྲི་ལ་རལ་གྱི་(དག་ཡིག་ལི་ཤིའི་གུར་ཁང་། P2)ཞེས་སྣང་བ་ལྟར། ཨ་མདོའི་ཡུལ་སྐད་ཀྱི་ནང་དུ་ཀ་ཁ་ག་གསུམ་ལ་ར་བཏགས་སྦྱར་པ་ཕལ་ཆེར་ཡ་བཏགས་ལྟར་ཀློག་བཞིན་ཡོད་དེ། སྐྲ་ལ་སྐྱ།བཀྲུ་བ་ལ་བཀྱུ་བ། སྐྲང་བ་ལ་སྐྱང་བ།དཀྲིགས་པ་ལ་དཀྱིགས་པ།དཀྲི་བ་ལ་དཀྱི་བ། བཀྲུས་པ་ལ་བཀྱུས་པ། སྐྲན་ལ་སྐྱན། གྲུ་ག་ལ་གྱུ་ག སྒྲུང་ལ་སྒྱུང་། འགྲོ་ལ་འགྱོ། གྲོད་པུ་ལ་གྱོད་པུ། བྱ་སྒྲོ་ལ་བྱ་སྒྱོ། སྒྲིག་པ་སྒྱིག་པ། སྒྲོམ་བུ་ལ་སྒྱོམ་བུ། གྲིམ་པ་ལ་གྱིམ་པ། ཁྲིད་པ་ལ་ཁྱིད་པ། ཁྲི་ཀ་ལ་ཁྱི་ཀ། འཁྲུག་པ་ལ་འཁྱུག་པ། ཁྲག་ལ་ཁྱག ཁྲལ་ལ་ཁྱལ། ཁྲོགས་སེ་ལ་ཁྱོགས་སེ། ཁྲུས་ཤིག་ལ་ཁྱུས་ཤིག། ཁྲབ་ལ་ཁྱབ། ཁྲ་ཁྲ་ལ་ཁྱ་ཁྱ་ཞེས་པ་ལྟ་བུ་མང་པོ་ཡོད་པའི་ཚུལ་འདི་ཤེས་ན། ལབ་གླེང་སོགས་ཀྱི་སྐབས་སུ་དོན་ལ་རྨོངས་པར་མི་འགྱུར་རོ།། གོང་དུ་བསྟན་པ་ལྟར་ཨ་མདོའི་སྐད་དུ་ད་ལྟའང་བརྡ་རྙིང་དེ་འདྲ་མང་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མདོ་སྨད་ཆོས་འབྱུང་དུ། མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་།⒃ ཞེས་བྱུང་བ་དང་། དེབ་དཀར་དུའང་། ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མོངན་ཞིང་། གནའ་དུས་ཀྱི་དབུས་གཙང་གི་རུས་རྙིང་སྐྱི་དང་ཉང་དང་ཁྱུང་བོ་ལ་སོགས་པའི་མིང་ཅན་གྱི་མི་སྡེ་ཡང་མང།⒄ ཞེས་སོགས་གསལ་བར་གསུངས་པ་དེར་མ་ཟད། བོད་ཁམས་ཀྱི་ཡུལ་མཐར་གནས་པའི་ཨ་མདོའི་ཡུལ་བྱིངས་རི་ཀླུང་ཕྲེང་བསྟར་བ་དང་། དབུས་ཁུལ་དང་ལམ་ཐག་ཆེས་ཆེར་རིང་བ། མི་སྡེ་ཕལ་ཆེར་འབྲོག་ཁྱིམ་དུ་སོང་གཤིས་ཁ་ཐོར་དུ་གནས་པ་བཅས་ཀྱི་དབང་གིས། སྐད་གསར་བཅད་དང་བཅས་པའི་བཙན་པོའི་བཀའ་ལུང་གྲ་མ་ཞིག་གྲུ་མ་ཉམས་པར་འབངས་བྱིངས་ལ་ཕྲོད་དཀའ་བ། སྔོན་གྱི་དུས་ལ་སྤུ་རྒྱལ་བཙན་པོས་སྲིད་ལ་མངའ་བརྙེས་པའི་སྐབས་སུ། བོད་སྤྱིར་ལོ་རེར་དབྱར་དགུན་གྱི་འདུན་མ་རེ་སྐོང་ཚོགས་བྱེད་པའི་སྲོལ་ཡོད་པ་ལ། མདོ་སྨད་ཀྱི་ཡུལ་འདི་ཐག་རིང་ཞིང་དུས་ཐོག་ཏུ་འབྱོར་དཀའ་བ་སོགས་ཀྱིས། བར་སྐབས་ཤིག་ནས་མདོ་སྨད་ཀྱི་འདུན་མ་ལོགས་སུ་བསྡུ་བའི་སྲོལ་ཆགས་པ། “མདོ་སྨད་ཀྱི་དབྱར་འདུན་དབུ་ལེ་ལམ་ནག་ཏུ། བློན་ཁྲི་སྒྲ་དང་མང་རྩན་འཕན་གང་དང་། བློན་མདོ་བཞེར་ལས:སྩོགས་:པས་:བསྡུ་སྟེ་།”⒅ཞེས་པའི་དོན་ལས་ཀྱང་ར་སྤྲོད་བྱུང་བ་ལྟར། ཨ་མདོའི་ཡུལ་སྐད་དུ་སྔོན་གྱི་བརྡའི་བརྗོད་ལུགས་མང་པོ་ཉར་འཇོག་བྱེད་ཐུབ་པ་བྱུང་བ་ནི་གཙོ་བོ་ཡུལ་གྱི་དབང་གིས་ཡིན་ཏེ། ཡུལ་གང་དུའང་ཐར་དཀའ་ཞིང་མི་ཁྱིམ་ཁ་ཐོར་དུ་གནས་པ་ཕྱིའི་འབྲེལ་འདྲིས་ཉུང་བའི་ཆར། གཞན་སྐད་ཀྱི་བསྲེས་བསླད་ཉུང་ཞིང་སྔོན་གྱི་རྣམ་པ་མང་དུ་གནས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ།
ཨ་མདོའི་ཡུལ་སྐད་ཀྱི་ཚིག་ཕྲད་སྦྱོར་ལུགས་དང་དེའི་འབྱུང་རྐྱེན།
རྩོམ་སྒྲིག1.རྗེས་འཇུག་ཉིད་ཚིག་ཕྲད་དུ་སྦྱོར་བ།
ཨ་མདོའི་ཡུལ་སྐད་ཀྱི་ཚིག་ཕྲད་ནི།ད་ལྟ་བོད་བྱིངས་ཀྱིས་སྤྱོད་བཞིན་པའི་ཡིག་ཐོག་གི་ཚིག་ཕྲད་དག་དང་མི་འདྲ་བར།མིང་སྔ་མའི་རྗེས་འཇུག་ཉིད་ཚིག་ཕྲད་ཀྱི་དོད་དུ་སྦྱོར་བ་ཤོས་ཆེ་ཞིང་། དེ་ཡང་བསྡུས་ན་གཤམ་གསལ་གྱི་དོན་འགར་འདུའོ།། (1)ལ་དོན་གྱི་དོན་ལ་སྦྱོར་བ། ལ་དོན་ལ་ནང་གསེས་ཐུན་མོང་གི་འཇུག་ཡུལ་ལྔ་ཡོད་པའི་དོན་རྣམས་ཨ་མདོའི་ཡུལ་སྐད་དུ་གང་ལ་སྦྱར་བའི་མིང་སྔ་མའི་རྗེས་འཇུག་ཉིད་རྗེས་འཇུག་རང་འདྲའི་མཐར་སྦྱོར་ཞིང་། དམིགས་བསལ་རྗེས་འཇུག་ད་དང་ལ་གཉིས་སྒྲ་གཅིག་འདྲར་བཀླགས་པའི་དབང་གིས་ད་མཐར་ཡང་ལ་ཡིག་སྦྱོར་བ། རྣམ་གསལ་གྱི་དཔེས་གསལ་བར་བྱས་ན། ཀ ལས་སུ་བྱ་བ་ལ་སྦྱོར་བ། རྟའི་གཞུགས་ག་དེད། ཁང་བའི་ནང་ང་སོང་། རི་སྟོད་ལ་འགོས། ཕ་སྤུན་ན་སྐད་ཆ་ཤོད། རྒྱབ་བ་ཁུར་པོ་འཁུར། ཁྱིམ་མ་འཛུལ། རྒྱ་སྒོ་འ་བུད། བྲག་གཏེར་ར་སྦས། ནང་ཁུལ་ལ་ཟས་སྐལ་བྱིན། བུ་མོ་གནས་འ་བསྐྱལ། ལྟ་བུ་སྟེ། རྗེས་འཇུག་སའི་མཐར་ཡུལ་ལ་ལར་ཡ་དང་། ས་ཆ་འགའ་རེར་འ་ཡ་གཉིས་ཀ་ཁྱད་མེད་དུ་སྦྱོར་བ་དང་། མཐའ་མེད་ཀྱི་མཐར་ར་སྒྲ་སྦྱོར་བའང་ཡོད། ཁ དགོས་ཆེད་ཀྱི་དོན་ལ་སྦྱོར་བ། དགྲ་འགོག་ག་བོའུ་ཉོ། ནང་ཧྲུང་(སྲུང་)ང་གླ་བ་བཅོའུ་(བཅོལ)གཅོད་བྱེད་ལ་སྟ་རེ་ཁྱེར། རྒྱན་ན་བྱུ་རུ་ཉོས། ལྟོ་རྒྱབ་བ་འབད་པ་ཡས་(བྱས)བྲག་ག་སྒོམ་མ་འགྱོ་(འགྲོ་)ངོ་དགའ་འ་བསྟོད་པ་ཡེད་(བྱེད)མཇལ་སྐོར་ར་འགྱོ(འགྲོ)མཆོད་མཇལ་ལ་སོང་། ཟས་འ་(ཡ)ཤ་འཐག ཤ་འ་ལུག་བཤའ། ལྟ་བུའོ།། གནས་གཞིའི་དོན་ལ་སྦྱོར་བ། མགོ་ཐོག་ག(ན)གནམ་ཡོད། འདི་བ་ཚང་(ན)མྱི་མང་། མྱིག་(མིག)མདུན་ན་ཅི་ཡང་མེད། ལུས་སྟོད་ལ་ཚ་རུ་གོན་ཡོད། ཀྲུང་གོའི་རྒྱལ་ཁབ་བ་མྱི་གྲངས་མང་། གནམ་མ་(ན)སྐར་མ་ཤར་འདུག དགོ་འ་རྭ་ཅོ་ཡོད། མདའ་འ་སྒྱོ་(སྒྲོ)བཙུགས་ཡོད། སྒེར་ར་རྒྱུ་ནོར་མང་། ལུག་བལ་ལ་དྲོད་ཆེ། གོས་འ་(ཡ)རི་མོ་མང་། ལྟ་བུས་མཚོན་ཏེ། གནས་གཞིའི་དོན་ལ་ན་སྒྲའང་རྒྱུགས་ཆེའོ།། ང་། དེ་ཉིད་ཀྱི་དོན་ལ་སྦྱོར་བ། ཇེ་འཐུག་ག་བཏང་། སྲང་ང་མཇལ། ཇེ་ལྷོད་ལ་སོང་། ཕན་ཚན་གཉེར་ན་འགྱུར། མི་གཤིས་ཇེ་རྩུབ་བ་སོང་། ལྷོད་འཇམ་མ་བཏང་། སྨྱུག་གསར་གདའ་འ་གཞོག ལྕགས་ལེབ་གྲི་འ་བརྡུང་། ཁ་དོག་ཇེ་དམར་ལོག། ཞི་དུལ་ལ་གྱུར། སྲན་མ་རྟ་ཆས་འ་(ཡ)བྱིན། ལྟ་བུའོ།། ཅ། ཚེ་སྐབས་ཀྱི་དོན་ལ་སྦྱོར་བ། ཚེས་གཅིག་ག་ལས་འགོ་ཚུགས། ཉིན་གང་ང་ཤོ་བརྒྱབ། ནམ་སྟོད་ལ་གཉིད་སད། ཟླ་བདུན་ན་སློབ་སྦྱོང་ཡས་(བྱས)དུས་སྐབས་བ་བསྟུན། ཉིན་གསུམ་མ་གྲ་སྒྲིག་ཚར། ལོ་འགའ་འ་དགེ་རྒན་ཁུར། འོ་གསར་ར་སྟོན་མོ་བཤམས། ས་སྲོས་འ་འགྲུའུ་(འགྲུལ)བ་ཡོང་། ཕྱེད་ཡོལ་ལ་ཆོས་ཚོགས་གྲོའུ་(གྲོལ་)ལྟ་བུའོ།། (2)ལྷག་བཅས་ཀྱི་དོན་ལ་སྦྱོར་བ། ལྷག་བཅས་ཀྱི་ཕྲད་ལ་རྗེས་འཇུག་སྦྱོར་སྐབས། སྐུལ་ཚིག་གི་དོན་ཅན་ལ་རྗེས་འཇུག་རྐྱང་བ་དང་། བྱ་བ་སྔ་ཕྱི་མཚམས་སྦྱོར་བ་ཙམ་ལ་རྗེས་འཇུག་རང་འདྲའི་མཐར་ས་ཡིག་སྦྱར་པ་ཅན་སྦྱོར་བ་རིགས་གཉིས་ཡོད། ཀ སྐུལ་བའི་དོན་ཅན་གྱི་བྱ་བ་གཉིས་མཚམས་སྦྱོར་བ། ཁྱོ(ཁྱོད)སྒུགས་ག་སྡོད། ཁ་སྐོང་ང་ཕྲིས། ཟས་ལྡོད་ལ་མྱིད་(མིད)ཐག་པ་འཐེན་ན་སྡོམས། མགོར་རྒྱོབས་བ་སོད། སྐད་ཆ་སོམས་མ་ཤོད། ཤ་ཟོ་འ་ཆང་ཐུངས། མ་ཎིའི་འཁོར་ལོ་སྐོར་ར་སོང་། ཆུ་རྒོད་སྐོལ་ལ་ལྭ་བ་ཁྱུས་(ཁྲུས་)ས་རྐོས་འ་སྦོས་ལྟ་བུའོ།། ཁ་བྱ་བ་སྔ་ཕྱི་མཚམས་སྦྱོར་བ་ཙམ་ལ་སྦྱོར་བ། དཀར་ཡོལ་བཅག་གས་བཞག ཆང་འཐུང་ངས་བཟི། ཤིང་བཅད་ལས་ཆད། ལམ་བསྟེན་ནས་ཤེས། ཉལ་ཐུའུ་(ཐུལ)བལྟེབས་བས་སོང་། ཐག་པས་བསྡམས་མས་བཀྱིགས། སེམས་དགའ་འས་བཤད། ས་ཁུར་རས་བསྐྱལ། ཅ་ག་བཀལ་ལས་ཚར། ཧྲུབས་(སྲུབས)ཀ་གས་ལས་ལྷུང་། ལྟ་བུའོ།། (3)རྫོགས་ཚིག་གི་དོན་ལ་སྦྱོར་བ། མེར་བསྲེགས་ག ཆུ་བཀང་ང་། སྐུད་པ་ཆད་ལ། ཐག་པ་འཐེན་ན། རྒྱབ་ཁེབས་པ། དོན་བསམ་མ། ད་དགའ་འ། སེམས་སོ་(སྤྲོ)ལ། འཁོར་ལོ་བསྐོར་ར། ཁལ་བཀལ་ལ། ནང་དོན་ཤེས་འ། ལྟ་བུས་མཚོན་ཏེ། གོང་གི་དཔེར་བརྗོད་འདི་རིགས་ཕ་རོལ་པོ་ལ་དྲན་སློང་དང་། དྲི་བ་ལ་ལན་འདེབས་སྐབས་བཀོལ་པ་ཤོས་ཆེའོ།། (4)དྲི་བའི་དོན་ལ་སྦྱོར་བ།
ཡིག་ཐོག་ཏུ་གམ་སོགས་དྲི་བའི་དོན་ལ་འཇུག་པ་ལ། ཨ་མདོ་བའི་ངག་ཐོག་ཏུ་རྗེས་འཇུག་རང་འདྲ་དྲི་བའི་དོན་ལ་སྦྱོར་བ་སྟེ། དཔེར་ན། ཁྱོས་བཞག་ག་མ་བཞག། ཁ་སང་ཆུ་འཐུངས་ང་། འདབ་ཆགས་བསད་ལ་མ་བསད། དགེ་རྒན་ན་བསྟེན་ན། ལྗང་མྱུག་གླེབས་པ་མ་གླེབས། གཞན་གི་(གྱིས་)ཁོ་འདེམས་མ། དེ་ལྟར་བཤད་ན་དགའ་འ་མི་དགའ། བལྟ་འ་མི་བལྟ། འགན་དེ་འཁུར་ར། བློ་ཁེལ་ལ་མི་ཁེལ། འདི་འ་བསྟས་འ། ལྟ་བུས་མཚོན་ཏེ། ཚིག་མཐའ་ལ་དྲི་བའི་སྒྲ་སྦྱར་ཚེ་ཚིག་གི་མཐའ་མཐོ་བ་སྐད་རིགས་ཀུན་ལ་མཚུངས་པས་འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ།། 2.ཨ་མདོའི་ཡུལ་སྐད་དུ་ར་སྒྲ་ལ་དོན་སོགས་མ་གཏོགས་པའི་དོན་གཞན་ལ་འཇུག་ཚུལ། གོང་དུ་བསྟན་པའི་དོན་དེ་དག་ལས་གཞན་ཡང་ར་སྒྲ་དོན་དུ་མ་ལ་འཇུག་པ་གཤམ་གསལ་ལྟར་ཏེ། (1)ཀྱང་འང་ཡང་གསུམ་གྱི་ཚབ་ཏུ་སྦྱོར་བ། ཨ་མདོའི་ཡུལ་སྐད་དུ་ཚིག་སྔ་ཕྱིའི་བསྟན་དོན་འགལ་བ་ཅན་འང་དང་ཡང་སྦྱོར་བ་སྐབས་འགར་སྣང་བ་མ་གཏོགས། ཀྱང་འང་ཡང་གསུམ་སྤྱིར་བཏང་དུ་མཐོང་རྒྱུ་མེད་པས། དེ་དག་གི་ཚབ་ཚིག་ཕྲད་གང་གིས་བྱེད་ཅེ་ན། ར་ཡིག་གིས་བྱེད་པ་དང་། དེ་ཡང་ཀྱང་སོགས་གསུམ་ལྟར་དོན་དུ་མ་ལ་འཇུག་གོ། ཀ མཐུན་པའི་ཚིག་རྒྱན་ལ་འཇུག་པ། ཡག་ར་ཡག བལྟས་ར་བལྟས། མཐོ་ར་མཐོ། རྩུབ་ར་རྩུབ། ཡི་གེ་བྲིས་ར་བྲིས། སྐད་ཆ་གོ་ར་གོ། མྱིག་གི་(གིས་)རིག་ར་རིག གཞན་ན་བསྟན་ར་བསྟན། ལྟ་བུ་དང་། ཁ མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ། ཁ་འཇམ་ར་ཁོག་རྩུབ། ཕྱི་ཡག་ར་ནང་བཙོག ཡོན་ཏན་ཡོད་ར་ང་རྒྱལ་ཆེ། གཟུགས་ཆེ་ར་སྟོབས་ཞན། ཟ་མ་ཞིམ་ར་ལས་ཀ་མང་། ས་རྒྱ་ཆེ་ར་རྩི་ཤིང་ཉུང་། ལྟ་བུ་དང་། ག སྡུད་པའི་དོན་ལ་འཇུག་པ། ཁོས་ཇ་ར་འཐུང་། སློབ་མ་འདིས་ཕྱི་ཡིག་ར་ཡག་པོ་ཤེས། ཆི་ཟིག་ར་ཉོ། མེ་ཏོག་གི་དྲི་ར་ཞིམ། དཔེ་ཆའི་རིན། གོང་ར་མཐོ། ལྟ་བུས་མཚོན་ཏེ།ར་སྒྲས་དོན་གཞན་ཤུགས་ལ་སྡུད་པར་བྱེད་དོ།། (2)དང་སྒྲའི་ཚབ་ལ་སྦྱོར་བ། སུམ་ཅུ་བའི་གཞུང་དུ། དང་ནི་སྡུད་དང་འབྱེད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའི།(19)ཞེས་པ་ལྟར། དང་སྒྲ་དོན་ལྔ་ལ་འཇུག་པར་བསྟན་ཀྱང་། ཨ་མདོའི་ཡུལ་སྐད་དུ་དང་སྒྲ་ཧ་ཅང་ཉུང་བའི་ཐོག འཇུག་ཡུལ་ཡང་དེ་འདྲ་མང་པོ་མེད་པས། ར་ཡིག་དང་སྒྲའི་ཚབ་ཏུ་འཇུག་པ་འདི་ལྟ་སྟེ། ཀ། སྡུད་པ་ལ་འཇུག་པ། ལུས་ར། ངག་ར། ཡིད་ནི་སྒོ་གསུམ་མོ། གཟུགས་ར། སྒྲ་ར། དྲི་ར། རོ་ར། རེག་བྱ་ལྔ་ལ་དོན་ལྔ་ཟེར། ཁ འབྱེད་པ་ལ་འཇུག་པ། བོད་ཀྱི་མཁས་པ་མྱི་གསུམ་ཟེར་བ་ནི། གཡོ་དགེ་འབྱུང་ར། དམར་ཤཱཀྱ་མུ་ནེ་ར། གཙང་རབ་གསལ་གསུམ་ཡིན། རྩ་བའི་རོ་དྲུག་ནི། མངར་བ་ར་སྐྱུར་བ་ར། ལན་ཚྭ་ར། ཁ་བ་ར། ཚ་བ་ར། བསྐ་བའོ། ལྟ་བུ་དང་། ག གདམས་ངག་ལ་འཇུག་པ། རི་མོ་ཕྲིས་ར། ལས་ཀ་རེམ་མ་ལས་ར། ནང་དོན་བློར་ཟུངས་ར། བློ་སྒྲིམས་མ་ཉོན་ར། སྐད་ཆ་ཤོད་ར། གཞན་ན་སྦྱིན་པ་ཐོངས་ར། ལྟ་བུའོ། 3.ཨ་མདོའི་ཡུལ་སྐད་དུ་མིང་སྔ་མར་དབྱངས་ཡིག་ཨི་ཨུ་ཨེ་ལྡན་ཞིང་རྗེས་འཇུག་མེད་པའི་ཚེ་ལ་དོན་གྱི་དོན་ལ་eསྒྲ་སྦྱོར་བ། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས། ཨ་ཨི་ལ་ཨེའོ། །⒇ཞེས་གསུངས་པ་ལྟར། ཨེ་ནི་ཨ་དང་ཨི་འདུས་པ་ལས་གྲུབ་ཅིང་། ཨི་དང་ཨེ་གཉིས་སྐྱེ་གནས་མཚུངས་པའི་ཕྱིར། མིང་སྔ་མར་རྗེས་འཇུག་མེད་པ་ལ་དབྱངས་ཡིག་ཨི་ཨེའི་སྒྲ་རིང་དུ་བསྲིངས་ཏེ་ཚིག་ཕྲད་ཀྱི་དོད་དུ་སྦྱར་པ་དང་། ཨིའི་ཞོར་ལ་ཨུའང་ཐོན་པས། དེ་གསུམ་གྱི་མཐའ་ལྡན་ལས་སུ་བྱ་བའི་དོན་ཅན་ལ་eསྒྲ་སྦྱོར་བ་ཡོད་དེ། དཔེར་ན། ཁྱི་eལྟོ་ལྡུད་(ཁྱི་འ་ལྟི་ལྡུད)ཨ་ཁུ་eརྒྱ་མཚན་བཤད་(ཨ་ཁུ་འ་རྒྱུ་མཚན་བཤད་)ཨ་ནེ་eགནས་ཚུལ་དྲིས་(ཨ་ནེ་འ་གནས་ཚུལ་དྲིས)གོ་རེ་eསོ་བཏབ་(གོ་རེ་འ་སོ་བཏབ)ཐག་པའི་སྣེ་eའཇུས་(ཐག་པའི་སྣེ་འ་འཇུས་)ལུག་ཁྱུ་eཡང་བལྟས་(ལུས་ཁྱུ་འ་ཡང་ཡང་བལྟས)ཆུ་eབསྐུར་(ཆུ་འ་བསྐུར་)ལྟ་བུས་མཚོན་ཏེ། ཨ་ཇོ་འ་བྱིན། ཁུང་ཁ་འ་བུད། རྟ་འ་ཆས་སྟེར་ལྟ་བུར་eསྒྲ་སྦྱོར་བ་མ་མཐོང་བས། དབྱངས་ཨ་བསྲིངས་པས་འ་དང་། ཨོ་eརུ་བསྒྱུར་ཐབས་མེད་པས་འ་ཉིད་སྦྱར་པ་ཨེ་ཡིན་སྙམ་སྟེ་བརྟག་པར་ཞུ་ཞིང་། གོང་ལྟར་eསྒྲ་གནས་གཞིའི་དོན་ལ་སྦྱར་པའང་ཡོད། གོང་དུ་བསྟན་པ་ལྟར། མིང་སྔ་མའི་རྗེས་འཇུག་ཉིད་ཚིག་ཕྲད་ཀྱི་དོད་དུ་སྦྱར་པ་ནི། ཚིགས་ཕྲད་བྱུང་འཕེལ་དང་འབྲེལ་བའི་དོན་གལ་ཆེན་ཞིག་ཡིན་ཏེ། སྐད་ཆ་གང་ཡིན་ཀྱང་ཐོག་མར་མིང་ཉུང་ཤོས་ཤིག་བྱུང་ཞིང་། སྐད་ཆའི་སྦྱོར་བ་ཐབས་ཆག་རེ་བཟོས་པ་ལག་པའི་བརྡ་དང་ལུས་ཀྱི་ཉམས་དང་བཅས་ཏེ། ཕ་རོལ་པོ་ལ་བརྡ་ཙམ་སྟོན་པ་ལས་རིམ་གྱིས་བརྡ་སྤྲོད་བྱུང་ཞིང་། སྐད་ཆའི་སྦྱོར་བ་ཅུང་གཏན་ཆགས་སུ་གྱུར་པར་བརྟེན། མི་རྣམས་ཀྱི་མིང་སྔ་ཕྱིའི་དོན་ལ་ཞིབ་ཏུ་བརྟགས་ཤིང་ངེས་ཤེས་རྗེ་ཟབ་ཏུ་སོང་སྟབས། མིང་སྔ་ཕྱིའི་མཚམས་སུ་ལག་བརྡ་སོགས་ཀྱི་རམ་འདེགས་ལ་མ་བལྟོས་པའི་སྒྲའི་རྐྱེན་ཞིག་སྦྱར་དགོས་པ་ཤེས་ཤིང་། སྐད་ཆ་སོ་སོར་རང་སྟེང་གི་ཁྱད་ཆོས་ལྟར་ཚིག་ཕྲད་རྣམས་རིམ་གྱིས་བཟོས་ཤིང་བྱུང་བ་ཡིན་ལ། བོད་ཀྱི་སྐད་ལ་མིང་སྔ་མའི་རྗེས་འཇུག་གི་སྒྲ་རང་ཤུགས་ཀྱིས་རིང་དུ་བསྲིངས་པ་མཐོ་འདེགས་དམའ་འབེབས་ཀྱིས་ཅུང་ཟད་རེ་བསྒྱུར་པ་ཡིས་རྟེན་གཞི་རྗེས་འཇུག་ལ་བརྟེན་པའི་ཕྲད་ཀྱི་རྣམ་གྲངས་གཞན་རྣམས་གྲུབ་པའི་ཚུལ་བོད་སྐད་ཀྱི་ཚིག་ཕྲད་ཕལ་ཆེར་རྗེས་འཇུག་ལས་གྲུབ་པ་དང་། རྗེས་འཇུག་མ་ཡིན་པ་རྣམས་ཀྱང་རྗེས་འཇུག་གི་སྒྲ་དང་མཐུན་པའི་ཡི་གེ་གཞན་གྱི་གྲུབ་པས་ངེས་ཤེས་འདྲོང་ངོ་།།
ཨ་མདོའི་ཡུལ་སྐད་ཀྱི་མིང་མཐའི་སྒྲ་འགྱུར་ལུགས་དང་དེའི་འབྱུང་རྐྱེན།
རྩོམ་སྒྲིགག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ། ཞེས་པ་ལྟར། པ་དང་བ་ནི་མིང་སྤྱི་འགྲུབ་བྱེད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ཀྱང་། ཨ་མདོའི་ཡུལ་དུ་པ་སྒྲ་སྦྱར་པ་རྣམས་སྤྱིར་བཏང་དུ་སྒྲ་གཞན་དུ་འགྱུར་བ་དང་། པ་དང་བ་མི་སྦྱོར་ཚེ་ཡུལ་སྐད་རང་སྟེང་གི་ཆ་ཤས་གཞན་ཞིག་སྦྱར་སྲོལ་ཡོད་པ། འདིར་མདོར་བསྡུས་ཏེ་བཤད་པར་བྱའོ། 1.ར་ཡིག་གི་ཆ་ཤས་ཅན། ཨ་མདོའི་ཡུལ་སྐད་དུ་ར་ཡིག་མིང་གི་ཆ་ཤས་ཕྱི་མར་སྦྱོར་བ་ལ་རིགས་གསུམ་ཡོད་པ་འདི་ལྟ་སྟེ། (1)མིང་སྔ་མའི་རྗེས་འཇུག་ར་ཡིག་ཉིད་མིང་མཐར་སྦྱར་པ། དར--བ----དར་ར། ཕྱར་བ-ཕྱར་ར། ཆུར་བ-ཆུར་ར། སྐོར་བ་--སྐོར་ར། སེར་བ-སེར་ར། སྟེར་བ་---སྟེར་ར། ངར་བ--ངར་ར། ངུར་བ-ངུར་ར། ཁྱེར་པ-ཁྱེར་པ། འདར་བ་---འདར་ར། ཞར་བ-ཞར་ར། ཟོར་བ--ཟོར་ར། འཕར་བ--འཕར་ར། ལྟ་བུས་མཚོན་ཏེ། མིང་འདི་རིགས་ཀྱི་ཆ་ཤས་བ་དང་པོའི་དོད་དུ་རྗེས་འཇུག་ར་ཡིག་ཉིད་སྦྱར་པ་སྒྲ་དག་པར་བཀླགས་པའི་དབང་གིས། ཆ་ཤས་སྔོན་མའི་རྗེས་འཇུག་གི་སྒྲ་བག་ལ་ཞ་ཞིང་ཉམས་པར་གྱུར་པས་གསལ་པོར་མི་ཐོན་ན་ཡང་། རྗེས་འཇུག་མེད་པ་མ་ཡིན་པ་ཁྱེར་ར། སྐོར་ར། སེར་ར་སོགས་ཀྱིས་མཚོན་པས། གཞན་དང་གཞན་གྱིས་ཕྱར་ར་ལ་ཕྱ་ར་དང་། དར་ར་ལ་ད་ར། ཆུར་ར་ལ་ཆུ་ར་ཞེས་བྲིས་འདུག་པ་ནི་མ་དག་གོ། (2)མིང་སྔ་མའི་རྗེས་འཇུག་ར་ཡིག་ལ་ཆ་ཤས་དངོས་ཀྱི་དབྱངས་ཡིག་སྦྱར་ཏེ་མིང་གི་ཆ་ཤས་སུ་བྱེད་པ། དཀར་པོ་--དཀར་རོ། དམར་པོ--དམར་རོ། སེར་པོ--སེར་རོ། སྐྱུར་པོ་--སྐྱུར་རོ། ནོར་བུ་--ནོར་རུ། སྟར་བུ་--སྟར་རུ། ཕུར་བུ--ཕུར་རུ།། འཛེས་བུ--འཛེར་རུ།། ལྟ་བུས་མཚོན་ཏེ། མིང་འདི་རིགས་ཀྱི་ཁྱད་གཞི་དངོས་སམ་ཁད་ཆོས་དེ་ལྡན་གྱི་ཁྱད་གཞིའི་དངོས་པའི་དོན་ལ་གཞོལ་ནས་དབྱངས་ཡིག་ངེས་པར་སྦྱོར་ཡང་། ས་ཆ་ལ་ལའི་སྐད་ལ་འཛེར་ར་དང་། ཕུར་ར་ལྟ་བུ་གསལ་པོར་མི་ཐོན་པ་འགའ་རེ་སྣང་ངོ་།། (3)མིང་སྔ་མའི་རྗེས་འཇུག་ར་ཡིག་མ་ཡིན་ཀྱང་མིང་མཐར་ར་སྒྲ་སྦྱོར་བ། བསྟོད་པ་--བསྟོད་ར། འཕག་པ-འཕག་ར། སྨད་པ--སྨད་ར། ཚགས་པ--ཚགས་ར། སྡིགས་པ--སྡིགས་ར། བསྐངས་པ--བསྐངས་ར། འགོངས་པ--འགོངས་ར། འབག་པ་-འབག་ར། དམོད་པ--དམོད་ར། བཀུག་པ་--བཀུག་ར། འཁྱོག་པ--འཁྱོག་ར། ལྟ་བུས་མཚོན་ཏེ། མིང་སྔ་མའི་རྗེས་འཇུག་ར་ཡིག་མ་ཡིན་ཀྱང་མིང་མཐའི་པ་བའི་ཚབ་ཏུ་ར་སྒྲ་སྦྱར་པས་མ་གཞི་བྱ་བ་དང་ཁྱད་ཆོས་སྟོན་པའི་མིང་དེའི་ངོ་བོ་འགྱུར་ཏེ་ཁྱད་གཞི་དངོས་པོའི་དོན་ལ་གཞོལ་ཡང་། པ་དང་བའི་མཐའ་ཅན་གྱི་བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་ཡོད་ཚད་ལ་དེ་ལྟར་སྦྱར་མི་རུང་བའི་རྒྱུ་མཚན་ནི་མིང་རང་ངོས་ནས་བདག་པོ་སོགས་ཀྱིས་མཚོན་པའི་ཁྱད་བཞི་བརྗོད་པའི་མིང་(མིང་ཚིག་)དང་། བྱ་བ་དང་ཁྱད་ཆོས་ཁོ་ན་ལས་ཁྱད་གཞི་དངོས་པོའི་མིང་དུ་མི་འཇུག་ཅིང་བསྒྱུར་དུ་མི་བཏུབ་པ་རྣམས་ལ་ར་སྒྲ་སྦྱར་སྲོལ་མེད་པ། འབག་པ། འབག་པོ། འབག་མོ་ཞེས་པ་འབག་ར་ཞེས་པར་བསྒྱུར་ཚེ་ཁྱད་ཆོས་དེ་ལྡན་གྱི་དངོས་པོའི་དོན་ཉིད་སྟོན་པས་ཀྱང་གསལ་བར་ཤེས་སོ། 2.བྱ་ཚིག་གི་མཐར་རྗེས་འཇུག་རང་འདྲ་མིང་མཐར་སྦྱོར་བ། ཨ་མདོའི་ཡུལ་སྐད་གྱི་ནང་དུ་ད་ལྟའང་ད་དུང་མིང་མཐའ་ཐོག་མར་བྱུང་དུས་ཀྱི་རྣམ་པ་ལྟར། བྱ་ཚིག་གི་རྗེས་སུ་རྗེས་འཇུག་རང་འདྲའི་མིང་མཐའ་སྦྱོར་གྱིན་ཡོད་པ། དཔེར་ན། ཡི་གེ་འདི་གཞན་ན་སྟོན་ན། དོན་དེར་འདང་བརྒྱབ་བ། ཟ་མ་ཟ་འ།། འགྲུའུ་(འགྲུལ)བས་ཆང་འཐུང་ང་། ཨ་ཕ་ཧ་ཅང་དགའ་འ། གནས་ཚུལ་གསལ་པོར་བཤད་བཏང་ང་། རྟ་རྒྱུག་ག དཔེ་ཆ་ལྟ་འ། ལྟ་བུས་མཚོན་ཏེ། བྱ་ཚིག་རྗེས་སུ་པ་དང་བའི་ཆ་ཤས་སྦྱར་རུང་བས་ཁྱབ་པ་དང་། དེ་དག་སྦྱར་ཀྱང་དོན་ལ་ཁྱད་པར་ཆེན་པོ་མི་འབྱུང་བ་ནི། བྱ་ཚིག་མཐའ་ཅན་གྱི་ཚིག་སྦྱོར་དག་སྐབས་བབ་ཀྱི་བསྟན་དོན་རེ་ཞིག་མ་རྫོགས་པའི་དབང་གིས་ཚིག་དོན་ཕྱི་མ་དང་སྦྲེལ་དགོས་པ་ལས་བྱུང་བ་ཡིན་མོད། འདིར་རྗེས་འཇུག་རང་འདྲ་བྱ་ཚིག་གི་མཐར་སྦྱར་པ་ནི་བསྟན་དོན་ཕྱི་མ་འདྲེན་པའི་ཕྱིར་མ་ཡིན་པས། མིང་གི་ཆ་ཤས་ཙམ་དུ་ཟད་དོ། 3.བྱ་ཚིག་གི་མཐར་ནོ་སྒྲ་སྦྱོར་བ། ཨ་མདོའི་ཡུལ་སྐད་དུ། བྱ་ཚིག་ད་ལྟ་བ་དང་འདས་པའི་མཐར་ནོ་སྒྲ་སྦྱར་ཏེ། བྱ་ཚིག་དེའི་བསྟན་བྱའི་དོན་གྱི་དངོས་པོའམ། བྱ་བ་དེ་ལྡན་གྱི་བདག་པོ་ཉིད་གསལ་བར་སྟོན་པ། དཔེར་ན། ཕ་ཀིའི་སྐད་ཆ་བཤད་ནོ་སུ་རེད། སྐེད་རགས་དམར་རོ་འཆིང་ནོ་དགེ་རྒན་ཨེ་རེད། ངས་བསྟན་ནོ་ཨེ་རིག་ཐལ། ཁྱོད་བྱིན་ནི་ང་ལ་འབྱོར་སོང་། ཡི་གེ་འབྲི་ནོ་ཀན། ངའི་གྲོགས་པོ་རེད། དགའ་སྟོན་ལ་མགོ་འཛིན་ནོ་ང་ཡིན། ཞེས་པ་ལྟ་བུས་མཚོན་ཏེ། ནོ་སྒྲ་སྦྱར་པའི་བྱ་ཚིག་དེས་གང་ཟག་གི་དོན་སྟོན་ཚེ་བདག་པོ་དང་། བྱ་བའི་དོན་སྟོན་ན་བསྟན་བྱའི་དངོས་པོ་ཉིད་གསལ་བར་བྱེད་དོ།། 4.བྱ་ཚིག་ད་ལྟ་བའི་མཐར་གོ་སྒྲ་སྦྱོར་བ། བྱ་ཚིག་ད་ལྟ་བའི་མཐར་གོ་སྒྲ་སྦྱར་པས། བྱ་བ་དེ་ཉིད་ད་ལྟ་བྱེད་བཞིན་པའི་དོན་གསལ་བར་བྱེད་པ་སྟེ། དཔེར་ན། སློབ་སྦྱོང་ཡེད་(བྱེད)གོ ལས་ཀ་ཧུར་བརྩོན་གི་(གྱིས)སྒྲུབ་གོ་གི ད་ལྟ་དཔེ་ཆ་ཟིག་རྩོམ་གོ་ཟེར། ཨ་མས་ཟ་མ་ལས་གོ་བཙུན་པས་ཆོས་འདོན་གོ། ལྟ་བུས་མཚོན་ཏེ། གོ་སྒྲའི་མཐར་གི་སྒྲ་སྦྱར་ན་སྐད་ཆ་དེ་གཞན་ཞིག་གིས་བཤད་པའི་ཚུལ་གསལ་བར་བྱེད་གོ།། 5.བྱ་ཚིག་གི་མཐར་རྒྱུའོ(རྒྱུ་བོ)སྦྱོར་བ། བྱ་ཚིག་ད་ལྟ་བའི་མཐར་རྒྱུའོ་(རྒྱུ་བོ)ཞེས་པའི་སྒྲ་སྦྱར་པས་བྱ་བའི་ཡུལ་གྱི་དངོས་པོ་གསལ་བར་བྱེད་པ་དང་། དེ་ནི་ཡིག་ཐོག་གི་བྱ་ཡུལ་གསལ་བྱེད་ཀྱི་བྱ་སྒྲ་དང་ཕལ་ཆེར་མཚུངས་ཏེ། དཔེར་ན། ཟ་རྒྱུའོ་བཟའ། སྦྱིན་རྒྱུའོ་སྟེར། འཁྱེར་རྒྱུའོ་རང་རང་གི་(གིས)བཟུང་། ཉོ་རྒྱུའོ་བརྗེད་དུ་མཇུག སྟོན་རྒྱུའོ་གཞན་ན་བསྟན། བྲི་རྒྱུའོ་མྱུར་དུ་བྲིས། ལྟ་བུ་སྟེ། ད་ལྟ་བ་དང་སྒྲ་མཚུངས་པའི་བྱ་ཚིག་མ་འོངས་པའི་མཐར་སྦྱར་པ་ཡོད་ཀྱང་། བྱ་ཚིག་མ་འོངས་པ་དང་ད་ལྟ་བའི་སྒྲ་ཐ་དད་པའི་མ་འོངས་པའི་མཐར་མི་སྦྱོར་རོ།། དེ་ནི་ཨ་མདོའི་ཡུལ་སྐད་དུ་བྱ་ཚིག་མ་འོངས་པའི་སྤྱོད་སྒོ་རིམ་གྱིས་ཉམས་པའི་རྟགས་ཡིན་ནོ།། 6.མིའི་མིང་མཐར་སྦྱོར་བའི་ཆ་ཤས་རྒྱུགས་ཆེ་བ་འགའ། དབུགས་འབྱིན་རྔུབ་བྱེད་པ་ནས་ཚེ་སྲོག་གི་འགོ་བརྩམས་ཤིང་། མིང་ཞིག་གསར་དུ་བཏགས་ཤིང་དེ་ལ་བརྟེན་ནས་མི་དེ་འབོད་པ་ནི། དེ་ཉིད་འཇིག་རྟེན་དུ་དངོས་སུ་ཚུད་པའི་རྟགས་སུ་བྱེད་ཕྱིར། མི་ཞིག་སྐྱེས་མ་ཐག་པ་ནས་གཟའ་སྐར་དང་། འབྱུང་བ། ལྷ་སྐལ། ཕ་མའི་མིང་སོགས་ལ་བརྟགས་ཏེ། མིང་རེ་འདོགས་པའི་སྲོལ་ནི་ས་ཆ་གང་དུའང་ཡོད་ཀྱང་། ཨ་མདོ་བ་ལ་མིང་བཏགས་པ་ནས་གཅེས་མིང་འབོད་པ་རྒྱུན་འབྱམས་སུ་གནས་པས། གཅེས་མིང་མ་གཏོགས་དངོས་མིང་གཞི་ནས་བརྗེད་པའང་སྲིད་ལ། གཅེས་མིང་ནི་ཕལ་ཆེར་རང་མིང་གི་ཆ་ཤས་ཐོག་མའི་མཐར་གཅེས་འབོད་ཀྱི་ཆ་ཤས་སྦྱར་ཏེ་གྲུབ་པ་ཡིན་ཞིང་། དེ་ཡང་གཙོ་བོ་ཀེ་ཀོ་ཁོ། ཏོ་ཐོ་དྲིས་ནེ། བྷ་བྷེ་བྷོ་མེ། ལེ་ལོ་རྣམས་ཡིན་པ་མ་ཟད། གཟུགས་བྱད་ཆེ་ཆུང་སོགས་ལ་བརྟགས་ཏེ་ཕྲུག་དང་རིལ་དང་ལོག་སོགས་སྦྱར་པའང་ཡོད་དེ། དཔེར་ན། བསོད་ནམས་རྒྱལ་དང་བསོད་ནམས་སྐྱིད། བསོད་ནམས་ཚེ་རིང་། བསོད་ནམས་རྡོ་རྗེ་ལྟ་བུར་བསོད་བྷ། བསོད་བྷེ། བསོད་བྷོ།བསོད་ཀེ། བསོད་ཀོ བསོད་ཁོ། བསོད་ཏོ། བསོད་དྲིས། བསོད་ནེ། བསོད་ལེ། བསོད་ལོ། བསོད་ཕྲུག་བསོད་རིལ། བསོད་ལོག་ལྟ་བུར་གང་དགར་སྦྱར་པས་གཅེས་མིང་བྱུང་ཞིང་། གཅེས་མིང་ལ་ཕོ་མོའི་ཁྱད་པར་མེད་སྟབས་ཨ་མདོ་བའི་མིང་མཐར་བྷ་བྷེ་སོགས་དང་ལྡན་པ་ནི་དེའི་གཅེས་འབོད་དུ་ཤེས་པར་བྱའོ།།
ཨ་མདོའི་ཡུལ་སྐད་ལས་ཐ་སྙད་ཁག་ཅིག་གི་སྒྲ་འགྱུར་ལུགས།
རྩོམ་སྒྲིགསྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བརྟེན་ནས་མི་དང་འབྲེལ་བའི་ཆོས་ཇི་སྙེད་རིམ་གྱིས་འགྱུར་གྱིན་ཡོད་པ་ནི་ཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་འཁུམས་ཀྱང་། “མི་རིགས་ཤིག་གི་རིག་གནས་ཀྱིང་ནང་དུ་ཕྱིའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་ཆེས་དཀའ་བ་ནི། མི་རིགས་དེ་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་། སྐད་ཆའི་སྒྲ་གདངས་དང་སྒྲིག་གཞི་རྣམས་ཡིན་པས།”(21)སྐད་ཆའི་འགྱུར་བ་ཧ་ཅང་དལ་ཞིང་དེ་ལས་ཀྱང་སྒྲ་གདངས་དང་བརྡ་སྤྲོད་ཀྱི་ཆ་གཉིས་ཕལ་ཆེར་སྔར་ལྟར་སོ་ན་གནས་སྟབས། གོང་དུ་བསྟན་པ་ལྟར་གནའ་བོའི་བོད་སྐད་ཀྱི་ཐ་སྙད་ཁག་ཅིག་གི་སྒྲའི་བརྗོད་ལུགས་མང་པོ་ཞིག་ཨ་མདོའི་ཡུལ་སྐད་དུ་ད་ལྟའང་ཉར་འཇོག་བྱས་ཡོད་མོད། ཐ་སྙད་ཁག་ ཅིག་གི་བརྗོད་ལུགས་སླ་ཆོས་སུ་ཁྱེར་པའི་དབང་གིས། འགྱུར་བ་ཨེན་ཙམ་བྱུང་ཡོད་པ་དཔེར་མཚོན་ཏེ་ངོ་སྤྲོད་རགས་ཙམ་ཞུའོ།
1.མིང་གཞི་ཉུང་ཤས་ཤིག་གི་སྒྲ་ཡོངས་སུ་ཉམས་ནས་འདོགས་ཅན་གྱི་སྒྲ་མ་གཏོགས་འབྱིན་གྱིན་མེད་པ། བླ་བྲང་-བླ་རང་། བླ་བྲེས་--བླ་རེས། བྱེད་པ-ཡེད་པ། བྱས་པ་---ཡས་པ། བཅུ་དྲུག--བཅུ་རུག སྦྲིད་པ--རིན་པ། སྦྲ--ར། སྦྲུལ་--རུའུ། ཞེས་པ་ལྟ་བུའོ།། 2.མིང་གཞི་ཉུང་ཤས་ཤིག་གིས་སྒྲ་ཉམས་ནས་མགོ་ཅན་མིང་གཞི་ལྟར་ཀློག་པ། ད་ལྟའི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་ཡུལ་འདིར་གནའ་སྔ་མོའི་དུས་སུ་སྤྱང་ཁོག་གམ་སྤྱང་ཆུ་བྱ་བ་རིམ་གྱིས་སྤང་ཁོག་གམ་སྤང་ཆུ་དང་། དེ་ནས་སང་ཁོག་གམ་སང་ཆུར་འགྱུར་བ་(22)ད་ལྟ་བསང་ཁོག་གམ་བསང་ཆུར་འབྲི་ཞིང་ཀློག་པ་ལྟར། སྤང་ལྗོངས་--སང་ལྗོངས། སྤང་ཁུག--སང་ཁུག སྤྲིན---སིན། སྤྲིངས---སིངས། སྤྲེའུ---སེའུ། སྤྲོ་མོ---སོ་མོ། སྤྲོ་བ--སོ་བ། སྤྲུགས---སུགས། སླེ་བོ--སེ་བོ། ལྟ་བུས་མཚོན་ཏེ། སྤ་དང་སྤྲ་ཡི་མིང་གཞི་ཅན་ཕལ་ཆེར་མགོ་ཅན་མིང་གཞིའི་ཚུལ་དུ་ཀློག་ཅིང་། སླེ་བོ་ལ་སེ་བོ་ཟེར་བ་ལྟ་བུ་རེ་གཉིས་ཙམ་དུ་ཟད་དོ།། 3.མིང་གཞི་ཕ་ཡིག་ཧ་རུ་ཀློག་པ། ཨ་མདོའི་ཡུལ་སྐད་ཀྱི་ནང་དུ་ཕ་ཡིག་ཕལ་ཆེར་ཧ་[ha]རུ་ཀློག་པ་སྟེ། ཕ་རོལ---ཧ་རོལ། ཕ་མ་--ཧ་མ། རྡོ་རྗེ་ཕག་མོ--རྡོ་རྗེ་ཧག་མོ། མོ་ཕག---མི་ཧག ཕག་ཤ--ཧག་ཤ། ཕུན་ཚོགས---ཧུན་ཚོགས། ཕུར་བ---ཧུར་བ། ཕོ་མོ--ཧོ་མོ། ཕུང་བོ---ཧུང་བོ། ཟས་ཕུད---ཟས་ཧུད། ཟླ་ཕོགས---ཟླ་ཧོགས། ཕོད་པ---ཧོད་པ། ཕེབས་པ་---ཧེབས་པ། ཕིགས་---ཧིགས། ལྷ་བུས་མཚོན་ཏེ། ཕ་ཡིག་འདོགས་མེད་མིང་གཞི་རྐྱང་བ་ཅན་ཕལ་ཆེར་ཧ་རུ་ཀློག་གོ། 4.ལ་ཡིག་མཐའ་ཅན་གྱི་སྒྲ་འགྱུར་ལུགས། ཨ་མདོའི་ཡུལ་སྐད་ཀྱི་ནང་དུ་རྗེས་འཇུག་ལ་ཡིག་ཕལ་ཆེར་འུ་རུ་ཀློག་གིན་ཡོད་པ། དཔེར་ན། འགྲུལ་བ---འགྲུའུ་བ། ཡུལ--ཡུའུ། རི་སུལ---རི་སུའུ། ཚོགས་འདུ་གྲོལ---ཚོགས་འདུ་གྲོའུ། ཁྲོལ---ཁྲོའུ།ནོར་ཁུལ--ནོར་ཁུའུ། ཇ་སྐོལ---ཇ་སྐོའུ། གྱོལ་བོ---གྱོའུ་བོ། འགུལ་བ---འགུའུ་བ། ཐུལ་བ---ཐུའུབ། རྟོལ་ཤ---རྟོའུ་ཤ། ལྟ་བུས་མཚོན་ཏེ། ལ་ཡིག་མཐའ་ཅན་ཀྱི་མིང་གཞི་དེ་ལ་ཨུ་ཨོ་སྦྱར་པ་མ་གཏོགས་པའི་ཨི་ཨེ་ཅན་དེ་ལྟར་མི་འགྱུར་བ་ལ་བལྟས་ན། ཨུ་ལ་ཨོའོ།(23)ཞེས་ཨོ་ཡིག་ཨ་དང་ཨུ་འདུས་པ་ལས་གྲུབ་པས་ཨུ་ཨོ་གཉིས་ཀྱི་གདངས་ལ་མཐུན་ཆ་ཡོད་སྟབས།མིང་གཞིའི་དབྱངས་ཡིག་ཨོའི་སྒྲ་འུ་རུ་བསྒྱུར་པ་རྗེས་འཇུག་ཏུ་བྱས་ཤིང་། རྗེས་འཇུག་དངོས་ཀྱི་སྒྲ་ཉམས་པ་ལས་དེ་ལྟར་བྱུང་བ་ཨེ་ཡིན་སྙམ་པ་དང་། དེ་དང་གུ་ངུ་བུ་འུ་བཞིའི་འུ་སྒྲ་ཆུང་དུ་ངུའི་དོན་ལ་སྦྱོར་བ་གཉིས་གཅིག་ཏུ་མི་གཟུང་སྟེ། དེ་ནི་ཨི་ཨེ་ཅན་ལའང་སྦྱོར་བར་མ་ཟད། འུ་སྦྱར་ཚེ་སྔོན་གྱི་དབྱངས་ཡིག་དེ་ངེས་པར་ཨེ་རུ་བསྒྱུར་དགོས་པ། དཔེར་ན། སིལ་ཏོག--སེའུ་ཏོག སྤྲེལ--སྤྲེའུ། བྱ--བྱེའུ། ཟོ--ཟེའུ། བུ--བེའུ། ལྟ་བུས་མཚོན་པས་ཕན་ཚུན་འཁྲུལ་བར་མི་བྱའོ། 5.སྲ་ཡིག་གི་སྒྲ་འགྱུར་ལུགས། སྐབས་འདིར་འཆད་བཞིན་པའི་སྐད་འདིའི་ནང་དུ་སྲ་ཡིག་གི་སྒྲ་ཕལ་ཆེར་ཧྲ[sa]རུ་ཀློག་གིན་ཡོད་དེ། སྲ--ཧྲ། སྲང་གང་--ཧྲང་གང་། སྲན་མ--ཧྲན་མ། སྲམ་--ཧྲམ། སྲི--ཧྲི། སྲིང་མོ---ཧྲིང་མོ། སྲུང་བ--ཧྲུང་བ། སྲུབ་ཀ--ཧྲུབ་ཀ། སྲེ་མོ---ཧྲེ་མོ། སྲེག་པ---ཧྲེག་པ། སྲོག---ཧྲོག མེར་སྲོ---མེར་ཧྲོ། ལྟ་བུས་མཚོན་ཏེ། སྲ་ཡིག་གི་སྒྲ་སྤྱིར་བཏང་དུ་ཧྲ་རུ་འགྱུར་ཡང་། གོམས་སྲོལ་དང་། ས་སྲོད། སྲས་ལྟ་བུ་འགའ་རེར[sa]རུ་ཀློག་པས། སྐད་ཆའི་སྦྱོར་བ་དངོས་ལས་ཤེས་པར་བྱའོ། 6.མིང་མཐའི་པ་ཡིག་གི་སྒྲ་འགྱུར་ལུགས། པ་ཡིག་ནི་བོད་སྐད་ཀྱི་ནང་དུ་སྤྱོད་སྒོ་ཡངས་པའི་མིང་གི་ཆ་ཤས་གལ་ཆེན་ཞིག་ཡིན་ན་ཡང་། ཨ་མདོའི་ཡུལ་སྐད་ཀྱི་ནང་དུ་སྐབས་ལ་ལར་མིང་སྔའི་རྗེས་འཇུག་དང་བསྟུན་ཏེ་ར་རུ་འགྱུར། མ་འགྱུར་བ་རྣམས་ཕལ་ཆེར་དཔའ[kwa,hua]སྒྲ་རུ་ཀློག་གིན་ཡོད་པ། དཔེར་ན། ཕྱུག་པོ---ཕྱུག་དཔོའ། འབྲོག་པ---འབྲོག་དཔའ། སྒོག་པ---སྒོག་དཔའ། མགྱོགས་པོ---མགྱོགས་དཔོའ། གྲགས་པ---གྲགས་དཔའ། རྩོག་པ---རྩོག་དཔའ། དཀྲིགས་པ--དཀྲིགས་དཔའ། སྲེག་པ--སྲེག་དཔའ། ཤུག་པ--ཤུག་དཔའ། ལྟ་བུས་མཚོན་ཏེ། རྗེས་འཇུག་ག་མཐའ་ཅན་ཕལ་ཆེར་དེ་ལྟར་ཀློག་ཀྱང་། རྗེས་འཇུག་གཞན་དག་གི་མཐར་པ་སྒྲ་རང་དུ་ཀློག་པ། སྲིད་པ། བསྐྱོན་པ། གས་པ། འགམ་པ། བཀབ་པ། ཕམ་པ། ལྟ་བུས་མཚོན་ཞིང་། ཁྱད་པར་དུ་རྗེས་ནས་བྱུང་བའི་ཐ་སྙད་རྣམས་ཏེ། དགོན་པ། མཁྱེན་པ། ཆོས་པ། སྟོན་པ། བསྟན་པ། བཙུན་པ་ལྟ་བུར་པ་སྒྲར་ཀློག་པས། དཔའ་ཞེས་པ་ནི་རྗེས་འཇུག་ག་ཡིག་གིས་བསྐྱེད་པའི་གནའ་བོའི་ཀློག་ཚུལ་ཞིག་ཡིན་ནམ་སྙམ་མོ། 7.སྦྲ་ཡིག་གི་སྒྲ་འགྱུར་ལུགས། སྦྲ་ཡིག་གི་ཀློག་ཚུལ་ལ་ཨ་མདོའི་ཡུལ་གྲུ་སོ་སོར་གཅིག་འདྲ་མ་ཡིན་པར། ལ་ལའི་སྐད་དུ་སྦྲ་རང་དུ་ཀློག་པ་དང་། འགའ་ཞིག་གི་སྐད་ལ་འབྲོག་པའི་སྦྲ་ཞེས་པར་ར་རུ་ཀློག་ཅིང་། གཞན་ཞིག་ཏུ་སྦྲ་ལ་སྦ་རུ་ཀློག་པས། འདིར་སྦ་རུ་ཀློག་པའི་ཐ་སྙད་འགའ་ཞིག་ངོ་སྤྲོད་ཞུའོ། དེ་ནི་དཔེར་ན། སྦྲང་རྩི--སྦང་རྩི། སྦྲང་མ-སྦང་མ། སྦྲ་ནག--སྦ་ནག སྦྲུལ--སྦུལ་སྦུའུ། སྦྲིད་--སྦིད། སྦྲད་པ--སྦད་པ། ལྟ་བུས་མཚོན་ནོ།། གོང་བསྟན་དེ་དག་ཏུ་མ་ཟད། ཟླ་ལ་ཟླ་བ་སྟེ་ནམ་མཁའི་ཟླ་བ་དང་། དུས་ཀྱི་ཟླ་བ་དབྱར་ཟླ་ལྔ་བ་ལྟ་བུའི་སྐབས་སུ་རྫ་རུ་ཀློག་པ་དང་སྐབས་གཞན་དུ་ཟླ་སྒྲ་རང་དུ་ཀློག་པ་དང་། རྦ་ལ་ལྭ་ཟེར་བ་ལྟ་བུ་ནི་ཡི་གེ་དེ་དག་གི་སྒྲ་ཟུར་ཉམས་ཏེ་དེ་ལྟར་བཀླགས་པ་མ་ཡིན་ཞིང་། དེ་འདྲ་བ་ནི་སྐད་ཆ་དང་ཡུལ་སྐད་གང་དུའང་མཆིས་ཤིང་། ཨ་མདོའི་ཡུལ་སྤྱི་ལ་ཁྱབ་པའི་ཀློག་ཚུལ་ཞིག་མ་ཡིན་པས་འདིར་དེ་འདྲ་བ་རྣམས་རེ་ཞིག་བཏང་སྙོམས་སུ་བཞག་གོ། 8.ཆ་ཤས་སྔ་མར་རྗེས་འཇུག་མེད་པ་ལ་ཕྱི་མའི་མགོ་ཅན་ནམ་སྔོན་འཇུག་ཡར་སྦྲེལ་ཏེ་ཀློག་པ། མིང་སྔ་ཕྱི་གཉིས་ལས་གྲུབ་པའི་མིང་འདུས་མ་དག་གི་ཆ་ཤས་སྔོན་མར་རྗེས་འཇུག་མེད་ཚེ། ཆ་ཤས་ཕྱི་མའི་མགོ་ཅན་ནམ་སྔོན་འཇུག་ཉིད་ཡར་སྦྲེལ་ཏེ་རྗེས་འཇུག་ལྟར་ཀློག་པ་དང་། སྔོན་ལ་སྦྲེལ་བྱ་དེ་མགོ་ཅན་ཡིན་ན་སྒྲའི་ཁྱད་པར་མི་ཕྱེ་བར་ཀུན་ཀྱང་ར་སྒྲར་ཀློག་པ། དཔེར་ན། བཅུ་བཞི--བཅུབ་བཞི། བཅོ་བརྒྱད---བཅོབ་བརྒྱད། རྒྱ་མཚོ--རྒྱམ་མཚོ། སྲ་བརྟན--སྲབ་བརྟན། སྒྱུ་རྩལ---སྒྱུར་རྩལ། ང་རྒྱལ---ངར་རྒྱལ། ས་གཞི---སག་གཞི། ཞེ་ལྔ--ཞེར་སྔ། བློ་བརྟན---བློབ་བརྟན། རྒྱུ་མཚན---རྒྱུམ་མཚན། ལྟ་བུས་མཚོན་ཏེ། ཆ་ཤས་ཕྱི་མ་ས་མགོ་ཅན་ཡིན་ཚེ་ཡར་སྦྲེལ་བ་མ་མཐོང་ཞིང་། བླ་བྲང་ལ་བླབ་རང་ཟེར་བ་ལྟ་བུ་མིང་གཞི་སྔོན་ལ་སྦྲེལ་ཏེ་བཀླགས་པ་ནི། མིང་གཞི་བའི་སྒྲ་ཉམས་ཏེ་ཆ་ཤས་ཕྱི་མའི་འདོགས་ཅན་མིང་གཞི་ལྟར་བཀླགས་པས་མིན་གྱི། དེ་འདྲ་བ་གཞན་དུ་ཧ་ཅང་ཉུང་ངོ་།
ཨ་མདོའི་ཡུལ་སྐད་རང་སྟེང་གི་ཚིག་སྦྱོར་སྤེལ་ལུགས།
རྩོམ་སྒྲིགདེ་ཡང་རྟགས་ཀྱི་འཇུག་པའི་རྩ་བ་ལས། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། མིང་གི་ཁོངས་ནས་ཚིག་ཕྱུང་སྟེ། ཚིག་གིས་དོན་རྣམས་སྟོན་པར་བྱེད།།(24)ཞེས་བསྟན་པ་ལྟར། མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བའི་སྒོ་ནས་ཚིག་གི་སྦྱོར་བ་སྦེལ་སྐབས། ཨ་མདོའི་ཡུལ་སྐད་འདི་ལ་རང་སྟེང་གི་ཐུན་མོང་མ་ཡིན་པའི་སྒྲའི་སྦྱོར་ལུགས་དུ་མ་ཡོད་པ་འདིར་མདོར་བསྡུས་ཙམ་ཞུ་བར་བྱའོ།
1.དབུས་གཙང་སྐད་ལྟར་ཞེ་ཚིག་མང་པོ་མེད་པ། དབུས་གཙང་གི་ཡུལ་ནི་གནའ་དུས་ནས་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ལྟེ་བར་གྲུབ་ཅིང་། སེ་འབྲས་དགེ་གསུམ་གྱིས་གཙོས་པའི་ཆོས་སྡེ་ཆེན་པོ་རྒྱུ་སྐར་ས་ལ་བཀྲམ་པ་ལྟར་སྣང་བས། ཐོག་མར་རྒྱལ་པོ་ཡབ་ཡུམ་སྲས་བཅས་དང་། གྲྭ་བཙུན་སྐུ་དྲག་དཔོན་རིགས་དག་ལ་ཞེ་ས་སྦྱོར་བ་རིམ་གྱིས་ཀུན་ལ་འཕེལ་ཏེ། མིའི་རྒན་གཞོན་དང་འབྲེལ་བ་ལ་མ་བལྟས་པར་སྤྱིར་བཏང་དུ་ཕན་ཚུན་ཀུན་ལ་ཞེ་ཚིག་སྦྱོར་ཡང་། ཨ་མདོའི་ཡུལ་འདིའི་མི་རྒྱུད་ཕལ་ཆེ་བ་ནི་སྔོན་དུས་དམག་མིའི་རྒྱུད་དུ་ངེས་ཤིང་། དམག་གི་སྒྲིག་འཛུགས་ལྟར་ནང་ཁུལ་གྱི་མཐུན་སྒྲིལ་ལ་དམིགས་ཏེ། རུས་ཀྱི་མིང་ནས་འབོད་པའི་སྲོལ་སྔར་ནས་དོར་པས་མཚོན་ཕན་ཚུན་ལ་ཞེ་ས་ཆེན་པོ་མི་སྦྱོར་བའི་ཐོག། རྗེས་སུ་ཡུལ་ཁམས་བདེ་འཇགས་སུ་སོང་ཙ་ན། སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པའི་འབྲོག་སྡེ་རྣམས་ནི།(25)རྩྭ་ཆུ་བསྙེགས་ཏེ་རི་ལུང་ཡངས་པོར་གནས་བཅས་པར་བརྟེན། སྔོན་གྱི་སྐད་ཆའི་རྣམ་པ་ད་ལྟའི་བར་དུ་ཉར་འཇོག་བྱས་ཤིང་། ད་ལྟའང་བླ་མ་གྲྭ་བཙུན་དག་མ་གཏོགས་པའི་འབངས་དཀྱུས་མ་ལ་ཞེ་ཚིག་མང་པོ་སྦྱོར་བའི་གོམས་སྲོལ་མེད་ན་ཡང་། སྐད་ཆའི་བརྗོད་ལུགས་དང་། ཡ་ལན་བརྩི་སྒོའི་ཆ་ལ་གོམས་སྲོལ་བཟང་པོ་གཤིས་སུ་གྲུབ་གདའ་བས། ཨོ་ཡ་དང་། ཁ་བྲོ། བཀྲ་ཤིས། ཚེ་རིང་། བདེ་སྐྱེད་ཤོག། ཚེ་རིང་ལོ་བརྒྱ། སྐུ་ཚེ་བརྟན་ལྟ་བུའི་ཚིག་སྐད་ཆ་རེ་རེའི་མགོ་རྔ་ན་མང་དུ་འདུག་ཕྱིར། ཨ་མདོ་བ་ཞིག་དང་ལབ་གླེང་བྱས་པའི་མོད་ལ་ཡུལ་དེའི་མི་རྣམས་བརྩི་སྒོ་ཆེ་བ་ངང་གིས་ཤེས་སོ།། 2.རྒྱུན་བཀོལ་གྱི་ཚིག་འགའི་སྦྱོར་བ་སྤེལ་ཐབས། (1)དྲི་བ་སྟོན་པའི་ཚིག། ཨ་མདོའི་ཡུལ་སྐད་ཀྱི་ནང་དུ་སྤྱིར་བཏང་དུ་གམ་སོགས་ཀྱི་ཚིག་ཕྲད་མེད་ཕྱིར། རང་གིས་མ་ཤེས་པའི་དོན་ཞིག་ཕ་རོལ་པ་ལ་འདྲི་བར་བྱེད་ཚེ། གང་ཅི་(ཆི་)ཇེ་སུ་དུ་ནམ་ཨེ་བཅས་གང་བདེར་སྦྱར་པའི་སྟེང་། གི་ནིས་སོགས་ཀྱི་སྒྲ་སྦྱར་ཏེ་དྲི་བ་གསལ་བར་སྟོན་པ། དཔེར་ན། ནམ་མཁའ་ན་ལྷབ་ལྷུབ་འཕུར་གོ་ནོ(འཕུར་བ)ཀན་ཆི་ཟིག་(ཅིག་ཞིག)རེད། ངས་དེ་རིང་བཤད་ནོ་(བཤད་པ)དེ་གསལ་བོ་ཟིག(ཞིག)ཨེ་གོ་གི སྡེར་མའི་ནང་ན་སེའུ་ཏོག་དུ་ཡོད་ཀི། ཁྱེད་ཚང་གི་བུ་ཚ་སློབ་གྲྭ་ནས་ནམ་ཡོང་ནིས་(ང)ལྟ་བུའོ། (2)མ་གཏོགས་སྒྲ་ཅན་གྱི་ཚིག དེ་ཁོངས་སུ་མ་འདུས་པ་དང་ཕུད་པའི་དོན་ཅན་གྱི་ཚིག་ལ་མིན་ནས་ཞེས་པའི་སྒྲ་ཞིག་སྦྱར་ཏེ། དེ་མ་གཏོགས་པའི་དོན་གསལ་བར་བྱེད་པ། དཔེར་ན། ང་འ་(ལ)བོད་ཡིག་གི་དཔེ་ཆ་འདི་གཅིག་གོ(པོ)མིན་ནས(མ་གཏོགས)མེད། ཨ་མས་ཁོ་མོ་འ་(ལ)བྲོ་ཁ་མིན་ནས་(མ་གཏོགས)ཅང་ར(ཅིང་ཡང)མ་བྱིན་ཐལ། དོན་དག་འདི་ཁོ་མིན་ནས(མ་གཏོགས)གཞན་གསུམ་གི་ར། (གྱིས་ཀྱང་)ཤེས་འདུག ད་ཐེངས་ང་མིན་ནས(མ་ཏོགས)གཞན་སུ་འགྱོ(འགྲོ)གོ ལྟ་བུའོ།། (3)གཞན་ལ་དྲན་སྐུལ་བྱེད་པའི་ཚིག ཕ་རོལ་པོའི་དྲན་པ་གསོ་བའམ་ལས་ཀ་གང་ཞིག་མྱུར་དུ་བྱེད་པར་དྲན་སྐུལ་བྱེད་པའི་ཚེ། ཚིག་གི་མཐར་རེ་སྒྲ་སྦྱོར་བ། དཔེར་ན། ད་དུས་ཚོད་མང་ངོ་(པོ)མེད་ཀི་རེམ་མ་(རེམ་པར)ལམ་མ(ལ)ཆས་རེ། རྩམ་པ་རྫི་མི་ཤེས་ན་ངས་རྫི་རེ། ཁྱོ་དགེ་རྒན་གྱི(གྱི)རྩིབ་བ་(ལ)འགྱོ་(འགྲོ)སྐབས་དཔེ་ཆ་འདི་ཁྱེར་ར་(ལ)སོང་རེ། སྐུ་འབུམ་དགོན་པའི་ལྷ་འཆམ་མ(ལ)བལྟ་གི(བར)འགྱོ་རེ། ལྟ་བུའོ། (4)གཞན་ལ་གྲོས་འདེབས་པའི་ཚིག གཞན་ལ་དྲི་བའི་སྒོ་ནས་ལས་ཀ་ཞིག་བྱེད་པར་གྲོས་འདེབས་པ་ལ། རྒྱུས་ན་ཞེས་པའི་སྒྲ་ཚིག་མཐར་སྦྱོར་བ། དཔེར་ན། ཁ་སང་གི་ལས་ཀ་དེ་ཁྱོ་མི་ཁོམ་ན་ངས་བསྒྲུབ་རྒྱུས་ན། ཁྱེད་ཅ་ག (ཅག)སློབ་གྲྭ་ཆེན་མོར་སློབ་སྦྱོང་ང་(ལ)ཕེབས་རྒྱུས་ན། ཉི་མ་ནུབ་བས(ནས)ས་རུབ་ཐལ་ད་ནུབ་ཇ་འཐུང་རྒྱུས་ན། མར་འདི་ཁྱོས་ཡུའུ་འ་(ཡུལ་ལ)འཁྱེར་རྒྱུས་ན། ཞེས་པ་ལྟ་བུའོ།། (5)ནན་ཏན་དུ་བརྣན་པའི་ཚིག ནི་སྒྲ་དགར་དང་བརྣན་པའི་སྒྲ། ཞེས་པ་ལྟར་ཡིག་སྐད་དུ་ནི་སྒྲ་བརྗོད་བྱའི་དོན་དེ་ནན་ཏན་དུ་བརྣན་པའམ་ངེས་བཟུང་བའི་དོན་ལ་འཇུག་པ་ལ། ཨ་མདོའི་ཡུལ་སྐད་དུ་གཙོ་བོ་ཚོ་སྒྲ་སྦྱོར་བ། དཔེར་ན། དཀོན་མཆོག་དཔང་བྱས་མནའ་ཚོ་སྐྱེལ།། སྡེ་དཔོན་ཞིག་གི་གོ་ཡང་ཆོད(P66)།། ཅེས་དང་། གྲོང་དགེ་རྣམས་ཚོ་བྱ་བ་བཙོག།། ཨ་ཁུ་(གྲྭ་པ)རྣམས་ཚོ་སྤོ་ཁ་ཚ་(ཁོང་ཁྲོ་ཆེ)།།(P67)ཞེས་དང་། ཤ་འཐག་ཁྲག་དང་གཡོས་ཚོ་ལྡུག།(P67)(26)ཞེས་པ་ལྟ་བུས་མཚོན་ཏེ། ཚོ་སྒྲ་ཨ་མདོའི་ཡུལ་སྐད་དུ། དེ་ཚོ།འདི་ཚོ་ལྟ་བུ་མང་ཚིག་དང་། ཕྱི་ཚོ(ཕྱི་རོལ)ལྟ་བུ་མིང་གི་ཆ་ཤས་ལའང་འཇུག་པ་མ་ཟད། སྐབས་འདིར་མི་ཟད་པའི་དོན་དུ་བཟུང་ཡང་ཆོག་མོད། ནན་ཏན་གྱི་དོན་གཙོ་བས་དེ་ལྟར་བྱས་པ་ཡིན། (6)འབོད་ངག་སྟོན་པའི་ཚིག སེམས་ཀྱི་དགའ་བ་དང་སྐྱོ་བ་དྲག་ཏུ་བརྟས་པ་ངག་ཏུ་བརྗོད་པའི་ཚིག་ལ་ཡིག་ཐོག་ལྟར་ཀྱེ་དང་། ཨེ་མ། ཀྱི་ཧུད་སོགས་སྤྱིར་བཏང་དུ་མི་སྦྱོར་བར། དགའ་བ་ལ་ཨ་དང་ཨོ། སྐྱོ་བ་ལ་ཕ་བོ(ཧ་བོ)དང་ཨ་ཧོ་ལྟ་བུ་སྦྱོར་བ། དཔེར་ན། ཕ་བོ་ང་ཡི་ལས་འདི་ཚོ།། སྔོན་གྱི་བསགས་རྒྱབ་ཅི་ཞིག་ཡིན། ཟེར་ནས་བྲང་ལ་ལག་པས་རྡུང་།། ཁྱིམ་མཚེས་རྣམས་ཚོ་དུས་ལོག་ནས། ཕ་བོ་མ་བཟང་ཅི་རེད་ཟེར། (P73)ཞེས་དང་། ཨ། ངོ་མ་ས་ཆ་སྐྱིད་པོ་ཟིག(ཞིག)རེད་ལ། ལྟ་བུས་མཚོན་ཏེ། གོང་དུ་བསྟན་པ་མ་གཏོགས་པའི་ཚིག་གི་སྦྱོར་བ་སྤེལ་ལུགས་གཞན་ཡང་ཡོད་མོད། དེ་དག་མཐའ་བདས་ན་མིང་གི་སྦྱོར་ཚུལ་ཙམ་ལས་སྤྱི་ལྡོག་ནས་བོད་སྐད་ཐུན་མོང་བ་དང་འདྲ་ཕྱིར། འདིར་གཅིག་ཤེས་ཀུན་གྲོལ་གྱི་རིག་པས་གཞན་རྣམས་ཤེས་པར་བྱ་ཕྱིར་དེ་ཙམ་གྱིས་ཆོག་པར་ཞུའོ། 3.བརྡ་སྤྲོད་ཀྱི་ཆ་ལ་བོད་སྤྱིའི་སྐད་དང་མི་མཐུན་པ་གང་ཡང་མེད་པ། “འགྲོ་བ་མིའི་སྐད་ཆའི་སྦྱོར་བ་ལ་ཁྱད་པར་སྣ་ཚོགས་མཆིས་པ་ནི། མི་རིགས་སོ་སོའི་བསམ་བློའི་འདུ་ཤེས་མི་འདྲ་བའི་གནད་ལ་ཐུག་པས།”(27)མི་རིགས་གང་གི་སྐད་ཆ་ལའང་མི་རིགས་རང་ཉིད་ཀྱི་བསམ་བློའི་འཛིན་སྟངས་དང་མཐུན་པའི་བརྡ་སྤྲོད་ཀྱི་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་སྨོས་མ་དགོས་ཤིང་། བརྡ་སྤྲོད་ཅེས་པ་ནི་མི་རྣམས་ཀྱིས་སྐད་ཆའི་སྦྱོར་བ་སྤེལ་བ་དང་། གཞན་གྱི་སྐད་ཆ་ལ་གོ་བ་ལེན་སྐབས་ངེས་པར་བརྩི་དགོས་པའི་གཏན་སྲོལ་ཞིག་ལ་བྱ་ཕྱིར། བོད་སྐད་ལའང་བོད་མི་སྤྱིའི་འདུ་ཤེས་དང་མཐུན་པའི་བརྡའི་སྦྱོར་ལུགས་ཤིག་མཆིས་པ་ནི། བྱ་ཚིག་བྱ་ཡུལ་(宾语)གྱེ་རྗེས་སུ་སྦྱོར་བ་དང་། གྲངས་ཀ(数词)དང་ཁྱད་ཆོས་བརྗོད་པའི་མིང་(形容词)ཁྱད་གཞིའི་མིང་(名词)གི་རྗེས་སུ་སྦྱོར་བ། འཇལ་བྱེད་ཀྱི་མིང་(量词)གི་གྲངས་ཀ་དང་། ཤུགས་འདོན་པའི་མིང་(副词)གིས་བྱ་བ་དང་ཁྱད་ཆོས་གསལ་བར་བྱེད་པ་དང་། བྱེད་པ་པོའམ་བྱེད་པའི་དོན་ལ་བྱེད་སྒྲ་དང་། བྱ་བའི་ཡུལ་དང་རྟེན་གཞིའི་དོན་ལ་ལ་དོན། མིང་དང་མིང་གི་བར་སྦྲེལ་བ་ལ་འབྲེལ་སྒྲའི་ཕྲད་སྦྱོར་བའི་སྤྱི་ལུགས་ལྟར། ཨ་མདོའི་ཡུལ་སྐད་ཀྱི་ཚིག་སྦྱོར་སྤེལ་ཚུལ་ལ། ཡུལ་སྐད་རང་སྟེང་གི་ཚིག་ཕྲད་དང་། ཚིག་གྲོགས་འགའ་ཞིག་ཡོད་པ་མ་གཏོགས། ཚིག་ཕྲད་དེ་དག་གང་ལ་སྦྱར་བྱའི་ཡུལ་དང་། དེ་དག་གིས་གསལ་བྱའི་དོན་ནི་བོད་སྐད་སྤྱིའི་སྦྱོར་བ་དང་མི་མཐུན་པའི་ཆ་གང་ཡང་མ་མཆིས་ལ། བོད་ཀྱི་བརྡ་སྤྲོད་སྤྱི་སྲོལ་ལས་གོམ་གང་ཡང་བརྒལ་དུ་མེད་པ་གོང་དུ་བཀོད་པའི་དཔེར་བརྗོད་དག་ལས་གསལ་པོར་ཤེས་ཕྱིར། འདིར་ཨ་མདོའི་ཡུལ་སྐད་ཅེས་པ་ཞིག་ལོགས་སུ་ཕྱེ་བ་ཡང་། ཐ་སྙད་ཁག་ཅིག་དང་། ཚིག་ཕྲད། ཚིག་གྲོགས་མི་འདྲ་བའི་དབང་དུ་བྱས་པའི་སྒྲའི་སྦྱོར་ལུགས་མི་འདྲ་བའི་ཆ་ལ་བལྟས་ཀྱི། བརྡ་སྤྲོད་ཀྱི་སྒྲིག་གཞི་མི་འདྲ་བ་ལས་ཕྱེ་བ་མ་ཡིན་པ་ཤེས་པར་བྱའོ།།
ཨ་མདོའི་ཡུལ་སྐད་རང་སྟེང་གི་རྒྱུན་བཀོལ་ཐ་སྙད་འགའ་ངོ་སྤྲོད་ཞུ་བ།
རྩོམ་སྒྲིགཨ་མདོའི་ཡུལ་སྐད་ཀྱི་ཁྱད་ཆོས་གཙོ་བོ་ནི་ཚིག་ཕྲད་དང་ཐ་སྙད་ཀྱི་ཆ་ན་ཡོད་ཅིང་། གོང་དུ་རྒྱུན་བཀོལ་གྱི་ཚིག་ཕྲད་རྣམས་ངོ་སྤྲོད་ཞུས་ཟིན་ནས། ད་ནི་ཐ་སྙད་འགའ་ཞིག་ངོ་སྤྲོད་ཞུ་བ་ལ། ཁུངས་གཙིགས་པའི་ཕྱིར་དུ་《སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས》(28)དང་།《ཞབས་དཀར་པའི་རྣམ་ཐར》(29)གཉིས་ཁོ་ན་ལས་འདྲེན་པར་བྱའོ།། སྐམ་ལུག(ནོར་ལུག)ཕྱི་ཚོ་(ཕྱི་རོལ)ཁྲོ་ལྡང་(དྲིལ་ཆུང)སྐྱ་རིང་བ་(སྐྲ་རིང་བ)རྔ་མཛུག་(རྔ་མའི་གཞུག་གུ)ཐོ་ཐུག(དངོས་ཐུག)གཡག་(དྲི་མ་ཚ་བོ)རེ་གཏོང་རྒྱུ་མ་གཏོགས་པ། ནོམ་པ(རས་དང་གོས་རིགས་སྤྱི)ཁ་ཚེགས་(ཁ་སྡིགས)གཡོས་(རྒྱུ་མའི་ནང་ལ་ཤ་བརྫངས་པའི་ཤ་རྒྱུ)སྤོ་ཁ་ཚ་(ཁོང་ཁྲོ་ཆེ)ཁ་ཐུར་འགྲོ(མར་འགྲོ་བ)ཁ་དཀྱུ(ཚུར་དགུག་པ)རིལ་ཆ་(ཁྲལ་སོགས)གཉོམ་ཆུང(ཉམ་ཐག་ཅན)འུ་གོ་(འུ་ཚང)དུས་ལོག་(འཚུབ་ཆ་ལངས་པ)ཧབ་ཆ་(གད་མོ་ཤོར་པ)ཤོ་ཕོབ། (ཐང་ཆད་ནས་དབུགས་འཚང་བའི་སྒྲ)ཕ་བོ(ཀྱི་ཧུད་དང་འདྲ་སྟེ་སྨྲེ་ངག་འདོན་པའི་སྒྲ)བསད་ཙིག་འདོད་(བསད་པར་འདོད)ཧོར་ལོག་(དྲན་རིག་མི་གསལ་བའི་རྒན་པོ)ཞི་མོ(བུ་མོ་སྟེ་བྱི་མོའམ་བྱིས་མོ་བྲིས་པའང་ཡོད)ཨ་རྒྱ་(ཨ་ཕའམ་ཕུ་བོ)བཟའ་ཉོག་(བཟའ་མི)དགོང་ཙིག་(མཚན་མོ་ཞིག)ངན་ན་འགྲོ་གི་མ་འཇུག(ཤ་ཤེད་ཇེ་ངན་དུ་འགྲོ་རུ་མ་འཇུག་)བདེན་པ་ཏག་ཏག་རེད། (བདེན་པ་ཤ་སྟག་རེད)ཤིང་ཙེ་(ཤིང་བྲེ)ཆུར་རྗིས། (སྐྱུར་མེད་པའི་ཆུ་རྐྱང་བས་བརྫིས་པའི་གོ་རེ)རྩམ་པ་ནག་ཐོ(མར་ཆུར་མེད་པའི་རྩམ་པ་རྐྱང་བ)ཨ་དིར་(ཧ་ཅང་)མཆོད་མེ་དི་ར་མ་འཇོག(མཆོད་མེ་མང་པོ་མ་འཇོག)གོ་ཁ་(ཐབ་ཀའི་འགྲམ)བྱིའུ་ཏི་(བྱེའུ)ཀུ་རེ་གཏོམས(ཀུ་རེ་ཤོད)ཤི་རེ་གྱིས་(འབད་པ་གྱིས)རྩམ་ཐང་(རྩམ་ཁུ)ཁྭ་སྐྱག་(ཁྭ་ཏ་དང་སྐྱ་ཀ)རྐང་ཐོ་ལག་ཐོ(རྐང་རྡོག་ལག་རྡོག)གཅུ་ལོག་རྒྱག(མདུན་པ་རྒྱག་པའམ་ཟང་ཟིང་བཟོ་བ)མནོལ་(དྲི་མས་སྒྲིབ་པ)ལག་ཆགས་(ནར་སོན་པ)མར་གསོལ་བ(མར་སློང་མཁན)རྩག་ཆད་(པགས་ཚག་ཧྲུལ་པོ)ཧེབ་ལངས། (ཧམ་པ་ལངས་པ)དགའ་ལྡན་པོ་(གཤིན་པོ)གྱོང་དོ་(གྱོང་བོ)ཆག་པོ(ཆག་ཧྲུལ)དར་ཆགས་(ཆབ་རོམ་ཆགས་པ)ཕྱིད(གྲང་ནས་ཁེངས་པ)བོ་ཅོ་(དབྱུ་གུ)བྲོ་ཁ་(ལམ་རྒྱགས)སྐུ་གཞོགས་(སྐུ་ཞབས)བོ་ཏི་(ཞིང་ནང་གི་ས་ཕག)བོ་བརྡུང་(བོ་ཏི་རྡུང་བྱེད་ཀྱི་ཡོ་བྱད་ཅིག) སྲ་ལོག་ཉིས་ལོག་(ས་ཞིང་ཐེངས་དང་པོར་སློག་པ་དང་ལན་གཉིས་པ་སློག་པ)བྱ་བ་ལས་དོན་བསྒྲུབས་ཀྱང་ངོ་མེད་ཀ(ཁ་ངོ་མེད་པའམ་བྱས་པ་མི་ཤེས་པ། སྤྲོ་ལངས(ཁོང་ཁྲོ་ལངས་པ)ཅང་ར(ཅི་ཡང་)ཅང་མེད་(ཅི་ཡང་མེད་པ)ཁྲིགས་ཁྲིགས་མེད་(ཕལ་ཆེར་དེ་ལྟར་ཡིན་ལོས་ཆེ་བ)ཁོ་ཐག་ཆོད་(ཐག་ཆོད་པའམ་བློ་ཐག་བཅད་པ)གསུས་པ་(ཕོ་བ)བོའུ་(མེ་མདའ)ཞེས་པ་ལྟ་བུས་མཚོན་ཏེ། ཨ་མདོའི་ཡུལ་སྐད་རང་སྟེང་གི་ཐ་སྙད་མང་ཤོས་མིང་ཚིག་ཏུ་གཏོགས་ཤིང་། བྱ་ཚིག་གི་ས་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་བསྟན་དགོས་ན། བྱ་ཚིག་གི་མཐར་ནོ་དང་རྒྱུའོ་ལྟ་བུའི་སྒྲ་སྦྱོར་བ་དང་། ཁྱད་ཆོས་བརྗོད་པའི་མང་གི་ཡུལ་སྐད་ཀྱི་ཁྱད་ཆོས་ཤིག་ནི་རྗེས་འཇུག་རང་འདྲ་མིང་མཐར་སྦྱར་བ་དང་། སྨད་པའི་དོན་གཙོར་སྟོན་ཚེ། ནག་ཐོ། གྱོང་དོ། གུག་དོ། འཁྱོག་དོ་ལྟ་བུ་ཐོའམ་དོ་སྒྲ་སོགས་སྦྱོར་བ་དང་། གྲངས་ཀའི་མིང་ལ་རེ་གཉིས་མ་གཏོགས་བོད་སྐད་སྤྱི་དང་ཁྱད་པར་མེད་པ་དང་། འཇལ་བྱེད་ཀྱི་མིང་ནི་བོད་སྐད་སྤྱི་ལ་ཕྱིས་སུ་བྱུང་བའི་རྐྱེན་གྱིས་ཡུལ་སྐད་ཀྱི་ཁྱད་རྟགས་གསལ་བོ་མ་མཆིས་པ་དང་། ཤུགས་འདོན་པའི་མིང་གི་གྲངས་ཀ་ཧ་ཅང་ཉུང་ཕྱིར། ཨ་མདོའི་ཡུལ་སྐད་ཀྱི་ཐ་སྙད་ཤེས་པར་བྱ་ན་མིང་ཚིག་ལ་དོ་སྣང་བྱོས་ཤིག།
མཇུག་བསྡུ་བའི་གཏམ། ཨ་མདོའི་ཡུལ་སྐད་ཀྱི་ཚིག་ཕྲད་དང་དེའི་སྦྱོར་ཚུལ་གྱི་ཆ་ནས་བལྟས་ན། མིང་དང་མིང་གི་བར་མཚམས་ལ་ཚིག་ཕྲད་སྦྱོར་བའི་རིག་པ་རྙེད་ཅིང་། མིང་སྔ་མའི་སྒྲ་ཟུར་རིང་དུ་བསྲིངས་ཏེ་ཚིག་ཕྲད་དུ་སྤྱོད་པའི་སྐབས་ཙམ་ནས་ཡུལ་འདིར་བོད་མའི་རྒྱུད་པ་བྱུང་ཞིང་གནས་པ་གོར་མ་ཆག་པས། ཨ་མདོའི་ཡུལ་གྲུ་རྒྱ་ཆེན་པོ་འདི་གནའ་སྔ་མོ་ནས་བོད་ཀྱི་མི་རྒྱུད་ཀྱིས་བདག་གིར་བཟུང་བའི་བོད་ཡུལ་གྱི་བྱེ་བྲག་གལ་ཆེན་ཞིག་ཡིན་པ་ལ། བོད་གཅིག་གྱུར་གྱི་བཙན་པོའི་རྒྱལ་རབས་དབུ་བརྙེས་པ་ནས། ཆབ་སྲིད་ཀྱི་གདུགས་གཅིག་གི་འོག་ཏུ་གནས་མྱོང་ཤིང་། ཡུལ་འདི་མུ་མཐུད་དུ་འཛུགས་སྐྲུན་གསར་སྐྱེད་བྱེད་པའི་མུར། མཐའ་ཡི་སོ་མཚམས་སྲུང་བའི་ཆེད་དུ་བོད་ཡུལ་དབུས་ནས་དམག་མི་ཕོན་ཆེན་པོ་དྲངས་པ། སྔར་ནས་སྡོད་པའི་བོད་ཀྱི་མི་རྒྱུད་དང་ལྷན་དུ་འདུས་ཤིང་། མི་གྲངས་ཧར་གྱིས་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་མཚུངས་སུ། སྔར་ནས་འཆད་བཞིན་པའི་སྐད་ཆ་དེ་རི་ཀླུང་སྤང་ཐང་ཀུན་ལ་ཁྱབ་སྟེ། སྐད་ཆ་མིག་འབྲས་ལྟར་བསྲུངས་ཤིང་ཅི་ནུས་ཀྱིས་བསྲེས་བསླད་ཞུགས་སུ་མ་བཅུག་པའི་ཐོག། ཡུལ་གྱི་གནས་བབས་དང་འཚོ་ཚིས་སྤེལ་ལུགས་གང་ཅིའི་ཐད་ནས་ཕྱིའི་འདུ་འགོད་དྲག་པོའི་ཕོག་ཐུག་ཆེན་པོ་མ་བྱུང་བས། སྔོན་གྱི་ཐ་སྙད་དང་ཚིག་ཕྲད་ཀྱི་སྦྱོར་ཚུལ་མང་པོ་ཉར་འཇོག་བྱེད་ཐུབ་པར་གྱུར་ཏོ།། སྐད་ཆའི་འཕེལ་རྒྱས་ནི་གཙོ་བོ་ཐ་སྙད་ཀྱི་གྲངས་འབོར་དང་བསྟན་དོན་གྱི་འགྱུར་བ་ལ་ལྟ་ཞིང་། མིང་གི་བསྟན་དོན་ལ་སྤྱི་ཚོགས་དང་རིག་གནས་འཕེལ་འགྲིབ་ཀྱི་རྣམ་པ་ངང་གིས་ཐོན་ཕྱིར། “མི་རིགས་ཤིག་གིས་རང་ཉིད་ཀྱི་བསམ་བློའི་འཚོ་བའི་རྗེས་ཤུལ་མཐའ་དག་སྐད་ཆ་རུ་ཉར་ཚགས་བྱེད་པ་དང་།”(30)ཐ་སྙད་དང་སྐད་ཆའི་སྡེབ་ལ་ཡོད་ན་ནི་དོན་དེ་འདྲ་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ལ་བྱུང་ངེས་པ་ཐག་ཆོད་པས་ན། ཨ་མདོའི་ཡུལ་སྐད་དུ་ཞེ་ཚིག་མང་པོ་མེད་པ་དང་། མི་ཀུན་ལ་ཞེ་ཚིག་སྦྱོར་བ་རྒྱུག་མི་ཆེ་བ་ལ་བལྟས་ན་ཡང་། བོད་ཀྱི་སྐད་དུ་ཞེ་ཚིག་བྱུང་བ་ཡང་ལོ་རྒྱུས་ཀྱི་དུས་རིམ་རིང་བོའི་རིག་གནས་འཕེལ་རྒྱས་ཀྱི་བདག་འབྲས་སུ་ངེས་པ་གདོན་མི་ཟ་སྟེ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་ལས།(31)དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཀྱི་མགོ་མཇུག་ཀུན་ཏུ་ཞེ་སའི་མིང་220ཡོད་པ་ཐམས་ཅད་བཙན་པོ་དང་བཙན་མོ། མ་འོངས་པར་སྲིད་ཁྲི་བསྐྱང་འགྱུར་གྱི་རྒྱལ་སྲས་ཁོ་ན་ལ་སྦྱར་པའི་བཞུགས། གཤེགས། བལྟམས།(བལྟམ)བསྩལ(སྩལ)གསོལ། བཞེས། སྤྱན་དྲངས།མཛད། བཀའ་སྩལ་བཅས་བཅུ་ཙམ་ལས་མ་འདས་པ་དང་། དེབ་དེའི་རྒྱལ་ཕྲན་རིམ་བྱུང་གི་མིང་གི་སྐབས་སུ། མཐའ་མ་འོ་སྡེ་སྤུ་རྒྱལ་གྱྀ་དབུ་རྨོག་མ་ཐུབ་སྟེ། ཞེས་པའི་ཞེ་ས་ཅན་ཚིག་གཅིག་ལས་མེད་པ་དང་། ཡང་དེབ་དེའི་རྒྱལ་རབས་རིམ་བྱུང་གི་མིང་ཞེས་པའི་ཐང་དུ། ཞེ་སའི་མིང་69བྱུང་བ་མཐའ་དག་ཀྱང་རྒྱལ་པོ་དང་རྒྱལ་སྲས་ཁོ་ནར་སྦྱར་པའི་གཤེགས། སྲས། གསོལ། གཟིགས། བཀའ་གྲོས་ལྟ་བུ་ཧ་ཅང་ཉུང་ངུ་མ་གཏོགས་མ་བཀོལ་པ་བཅས་ལས། སྤུ་རྒྱལ་བཙན་པོའི་སྐབས་སུ་བོད་ཀྱི་མི་སྣའི་མཐོ་གྲས་བཙན་པོ་དང་དེའི་ཁྱིམ་རྒྱུད་ལས་གཞན་ལ་ཞེ་ཚིག་སྦྱར་སྲོལ་མེད་པ་ལ། སངས་རྒྱས་ཆོས་ལུགས་བོད་དུ་འཕེལ་བ་དང་།ཁྱད་པར་དུ་གྲྭ་བཚུན་རིམ་གྱིས་བྱུང་ཞིང་འཕེལ་བའི་དུས་མཚུངས་སུ།བཙན་པོ་རིམ་བྱོན་གྱིས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་སོགས་ཁྲིམས་ཡིག་མང་པོ་གཏན་ཕབ་དང་ལག་ཏུ་བསྟར་ཏེ། རྒན་གྲས་དང་། ཕ་མ། བཙུན་པ། ཡོན་ཏན་ཅན་ལ་གོང་བཀུར་བྱེད་པའི་སྲོལ་བཏོད་པ་དང་། འདུལ་བའི་གཞུང་ལས་བསྟན་པའི་ཞལ་སྔ་ནས་དང་། བདག་ཉིད་ཆེན་པོ། བཀའ་དྲིན་ཅན་ལྟ་བུའི་ཐ་སྙད་དག་འབངས་བྱིངས་ཀྱི་སྐད་ལ་རིམ་གྱིས་ཚུད་པ་ལས། བོད་ཀྱི་སྐད་ཆ་ལ་གཞི་ནས་ཞེ་ས་མིང་མང་པར་གྱུར་པས། ཨ་མདོའི་ཡུལ་དུ་བཙུན་པ་རྣམ་པ་ཀུན་ཏུ་ཞེ་ཚིག་སྦྱོར་ཡང་། འབངས་ཕལ་བ་ལ་ཞེ་ས་མང་པོ་མི་སྦྱོར་བའི་ངང་ཚུལ་འདི་བྱུང་ཨེ་ཡིན་སྙམ་ཞིང་། གལ་ཏེ་དེ་ལྟར་ཡིན་ཚེ། ཨ་མདོའི་ཡུལ་དུ་བཙུན་པ་རྣམ་པ་ཀུན་ཏུ་ཞེ་ཚིག་སྦྱོར་ཡང་།འབངས་ཕལ་བ་ལ་ཞེ་ས་མང་པོ་མི་སྦྱོར་བའི་ངང་ཚུལ་འདི་བྱུང་བ་ཨེ་ཡིན་སྙམ་ཞིང་། གལ་ཏེ་དེ་ལྟར་ཡིན་ཚེ།ཨ་མདོའི་ཡུལ་སྐད་འདི་བོད་བྱིངས་ལ་ཞེ་ཚིག་མང་པོ་མ་དར་པའི་གོང་རོལ་ནས་ཡུལ་གྲུ་འདིར་འཕེལ་ཅིང་། དེ་ལྟ་བུའི་གདོད་མའི་རྣམ་པ་དེ་ད་ལྟའི་བར་དུ་ཉར་འཇོག་བྱས་པར་བརྟེན། ཨ་མདོའི་སྐད་དང་། ཁམས་སྐད། དབུས་གཙང་སྐད་གསུམ་གྱིས་བོད་སྐད་ཀྱི་འཕེལ་རིམ་མི་འདྲ་བ་གསུམ་མཚོན་པ་ཡིན་ནམ་སྙམ་སྟེ་བརྟག་པར་ཞུའོ།། མདོར་ན། ཚིག་ཕྲད་ཀྱི་སྦྱོར་ལུགས་དང་། བརྡ་རྙིང་གི་གྲངས་འབོར། ཞེ་ཚིག་གི་སྦྱོར་ཚུལ་སོགས་ལས། ཨ་མདོའི་ཡུལ་སྐད་འདི་ནི་བོད་སྐད་ཀྱི་གདོད་མའི་རྣམ་པ་མང་པོ་མིང་དང་ཚིག་གི་སྦྱོར་བ་ལ་ཉར་པའི་སྐད་ཆ་རྙིང་གྲས་ཤིག་ཡིན་པར་ཤེས་ཤིང་། “སྐད་ཆས་མི་རིགས་ཀྱི་ད་ལྟའི་ཁྱད་ཆོས་མཚོན་པ་མ་ཟད། མི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཁྱད་ཆོས་ཀྱང་མཚོན་ཐུབ་པ་ཡིན”(32)ཞེས་པའི་དོན་ཉིད་དངོས་ར་འཕྲོད་སྟབས། འུ་ཅག་གིས་ཨ་མདོའི་ཡུལ་སྐད་ལ་གཏིང་ཟབ་ཀྱིས་ཞིབ་འཇུག་བྱེད་པ་བརྒྱུད། ཨ་མདོའི་ཡུལ་སྐད་དང་འབྲེལ་ཆེ་བའི་ལོ་རྒྱུས་དང་རིག་གནས་ཀྱི་གསང་བ་མང་པོ་དགྲོལ་བའི་ཐབས་ལ་བརྩོན་ཏེ། གནའ་ནས་ཡུལ་འདི་དང་འདིའི་མཐའ་འཁོར་དུ་གནས་པའི་མི་རིགས་དག་གི་མཛའ་བརྩེའི་འགྲོ་འོང་དང་། རིག་གནས་འབྲེལ་བ་སོགས་ལ་ཤེས་རྟོགས་ཟབ་མོ་བྱེད་པའི་དུས་མཚུངས་སུ། གནའ་བོའི་ཁྱད་ཆོས་མང་པོ་བྱུར་བུར་གཏམས་པའི་ཡུལ་སྐད་འདི་ལ་གཞན་སྐད་ཀྱི་བསྲེས་བསླད་མ་ཞུགས་པར་ངོས་གཙང་རྣམ་དག་ཡོང་བའི་ཐབས་ལ་བརྩོན་པར་ཞུའོ།