Talk:བོད་ཀྱི་རྩོམ་རིག
སྤྱིར་རྩོམ་རིག་གི་དམིགས་ཡུལ་ལམ་འགན་དབང་གང་ཡིན
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།བེ ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
རྩོམ་སྒྲིག།རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
བོད་ཀྱི་དཔེ་མཛོད་ཁང༌། © 2008 Library of Tibetan Works & Archives All rights reserved.
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།
བརྗོད་བྱ། རྟགས་ཀྱི་འཇུག་པའི་སྐོར།
ཕྱི་ལོ་ ༢༠༠༨ ལོར་དཔར་དུ་བསྐྲུན།
Volume title: rtags ‘jug rnam bshad mkhas p’i dgongs rgyan
Author: Be ri dge bshes ‘jigs med dbang rgyal
Subject: Tibetan Grammar
ISBN: 81-86470-64-6
Published by Library of Tibetan Works & Archives, Dharamsala and printed at VEE ENN PRINT-O-PAC, A-5, Flatted Factory Complex, Okhsla Industrial Estate, Ph-III, New Delhi-110020
རྩོམ་པ་པོའི་སྔོན་གླེང་མདོར་བསྡུས།
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། འཇིག་རྟེན་ཕལ་བའི་སྐད་ཡིག་དང་གསུང་རབ་ཀྱི་བརྡ་ཆད་གཉིས་ལས། གཙོ་བོ་གསུང་རབ་ཀྱི་བརྡ་ཆད་བཀྲོལ་བའི་ཆེད་ཁོ་ནར་དམིགས་ནས་བྲིས་པ་ཡིན། ཆུང་དུས་ནས་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་དང་དགེ་བཤེས་བསོད་ནམས་ཕུན་ཚོགས་གཉིས་ཀྱི་བཀའ་དྲིན་ལས་བརྡ་སྤྲོད་རིག་པའི་འགྲོ་སྟངས་རགས་ཙམ་ཆགས་པ་དང༌། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་རིགས་ལམ་ལ་ཐོས་བསམ་གྱི་སྐལ་བཟང་ལོ་ཤས་ཐོབ་པ་ནས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་རྟགས་གཉིས་ལ་དག་སྣང་ལྷག་པར་འཕེལ་ཏེ་ཞར་དང་ཞོར་ལ་མཁས་བླུན་ཅི་རིགས་ཀྱིས་བརྩམས་པའི་སུམ་རྟགས་ཀྱི་གཞུང་འགྲེལ་བཅུ་ཕྲག་ཁ་ཤས་མིག་སྔར་རེག་པར་གཏན་ཚིགས་རིག་པས་དཔྱོད་པ་དང་འགྲོགས་ནས་ལྟ་རྒྱུའི་བགོ་སྐལ་ཐོབ། ལྷག་པར་རྒྱ་གར་དུ་སླེབས་རྗེས་དེང་རབས་ཀྱི་འཛམ་གླིང་མཛེས་པའི་རྒྱན་གཅིག་དགེ་བཤེས་དཔལ་ལྡན་གྲགས་པའི་དྲུང་ནས་དབུ་ཚད་ཕར་གསུམ་གྱི་བཤད་ཁྲིད་ཞུས་སྐབས། གཞུང་ཆེན་པོའི་དཀའ་གནད་དུ་མའི་ནང་གི་བྱ་བྱེད་ལས་གསུམ་ལས་འཕྲོས་པའི་དྲི་རྨེད་དང་བགྲོ་གླེང་ཡང་ཡང་གནང་བ་མ་ཟད། གཞུང་ཆེན་མོའི་བརྡ་ཆད་ལས་བཏུས་པའི་དཔྱོད་གཞི་འགོང་ཆེ་བ་ཡང་མང་པོ་གནང་ནས་པྲ་སྟི་དགེ་བཤེས་རིན་པོ་ཆེའི་རྟགས་འགྲེལ་དང་མཐུན་པའི་འགྲེལ་བ་ཞིག་གསར་རྩོམ་དགོས་པའི་ནན་སྐུལ་གྱི་དཀའ་ཡི་མེ་ཏོག་གི་ཅོད་པན་སྤྱི་བོའི་རྒྱན་དུ་བཅིངས་པ་ལྟར། སྤྱི་ལོ་༢༠༠༤ལོར་ཤར་མར་རྩོམ་གདན་དང་པོ་ཟིན་བྲིས་སུ་བཏབ། ད་དུང་མཁས་པ་ཆེན་པོ་འདི་ཉིད་ཀྱིས་གཞུང་ཆེན་པོ་དང་ཚད་མ་རིག་པའི་འགྲོ་སྟངས་མ་ཆགས་པའི་རྟགས་འགྲེལ་མཁན་པོ་ཚོའི་སྨིག་རྒྱུ་དང་འཇའ་རིས་ལ་ཐེར་ཟུག་གིས་མཛུབ་ཀེར་གནང་ཐེངས་རེ་རེས་གཞུང་འགྲེལ་དེ་དག་གི་གཏད་སོ་སྦྲུལ་ཤུབས་ལྟར་ཞུས་འགྲོ། མོན་གྷོ་དུས་དབང་སྐབས་ཀྱི་སྔོན་འགྲོའི་ཆོས་བཀའ་དབུ་མ་རིན་ཆེན་ཕྲེང་བ་པར་སྐྲུན་ཞུས་དག་སྐབས། གསུང་རབ་ཀྱི་བརྡ་ཆད་འཁྲུལ་མེད་ཅིག་ཤེས་དགོས་ན་བརྡ་སྤྲོད་ཀྱི་གཞུང་འགྲེལ་གང་ཞིག་ལ་རྩ་འཛིན་དགོས་པའི་ངེས་ཤེས་གསལ་པོར་རྙེད། གནད་འགག་དེ་དག་གཞི་འཛིན་བྱས་ནས། རྟགས་ཀྱི་འཇུག་པའི་དཀའ་གནད་འགའ་ཞིག་གི་དོགས་སེལ་གཟུར་གནས་དགྱེས་པའི་གཏམ། ཞེས་པ་ཞིག་སྒོ་མང་ལྡུམ་ར་ཐོག་བཀོད་ཁུལ་བྱས་པར་ལུང་རིགས་ཀྱི་གཤོག་རྩལ་རྫོགས་པའི་གདན་སའི་མཁས་པ་དུ་མས་བསྔགས་བརྗོད་དང་ཆ་ཚང་འགོད་དགོས་ཀྱི་འབད་སྐུལ་གནང་མཁན་ཡང་དུ་མ་བྱུང༌། གདན་སར་སྡོད་རིང་གནད་དེ་དག་རྩ་འཛིན་བྱས་ནས་འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་ཤིན་ཏུ་མང་པོ་དང༌། གདན་ས་ནས་འཐོན་རྗེས་ནོར་གླིང་མཐོ་སློབ་སོགས་ལ་དཔྱད་བརྗོད་དང་བགྲོ་གླེང་ཟུང་འབྲེལ་གྱིས་སློབ་ཁྲིད་ཀྱང་རྒྱུན་རིང་བྱས། སྤྱི་ལོ་༢༠༠༦ལོར་སྐད་ཡིག་གསུམ་ལྡན་གྱི་ལོ་ཙཱ་བ་ཆེན་པོ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རྟགས་འགྲེལ་འདི་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ནས་དཔེ་སྐྲུན་ཞུ་རྒྱུ་ཞལ་བཞེས་ཐོག་པར་རྩ་གང་མགྱོགས་དགོས་གལ་མངགས་ནའང༌། བར་ལམ་ྋགོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་དང༌། འཕགས་བོད་ཆོས་འབྱུང་གླེགས་བམ་གསུམ་པ་རྩོམ་སྒྲིག་བྱེད་བཞིན་ཐོག རྒྱལ་ཁབ་ཕྱི་ནང་དུ་མར་འགྲོ་སྐྱོད་འདུ་འཛིའི་གཡེངས་པས་དུས་འགྱངས་རིམ་པར་སོང་མཐར། སྤྱི་ལོ་༢༠༠༧ལོར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་དགེ་འོས་འཛིན་གྲྭའི་དགེ་རྒན་གདན་ཞུས་བྱུང་བ་དང༌། གཞུང་ཁྲིད་དང་ཟུར་ཁྲིད་ཀྱི་ཞོར་ལ་ཞི་འཚོ་དཔེ་མཛོད་ཁང་ཆེན་མོར་བཞུགས་པའི་བཀའ་བསྟན་གསུང་འབུམ་ཁག་མི་ཉུང་བ་ཞིག་དང་ལྷག་དོན་བསྟན་འགྱུར་ཁྲོད་དུ་བཞུགས་པའི་བརྡ་སྤྲོད་པའི་བསྟན་བཅོས་ཡོངས་སུ་རྫོགས་པར་ཉམས་ཞིབ་ལྷོད་པོ་བྱེད་རྒྱུའི་གོ་སྐབས་ལྷ་ཡིས་བསྩལ་བ་ལྟར་བྱུང་བ་དང་སྦྲགས། དེ་སྔོན་བྲིས་ཟིན་བྱས་པ་རྣམས་ལ་སྣོན་འཕྲི་ཅི་རིགས་དང་གསར་འབྲི་དགོས་རིགས་རྣམས་ཁ་སྐོང་གིས། སྤྱི་ལོ་༢༠༠༧ལོ་ཟླ་བ་༡༡པའི་ནང་ཎཻ་རུ་མགྲོན་ཁང་དུ་མཇུག་རྫོགས་པར་བྱས། དེ་ལྟར་གང་ཞིག་གཏན་ལ་ཕབ་ནས་བྲིས་པའི་རྟགས་ཀྱི་འཇུག་པའི་གཞུང་འགྲེལ་འདི་ཉིད། དེང་སང་ཕོ་གསར་རྐྱལ་སྟོང༌། མགོ་མ་མཐོང་གོང་ནས་ལུས་འགྲེལ་བཤད་རྒྱག་མཁན་དེ་དག་གིས་བྱེད་བབ་དང་མི་འདྲ་བར་སྔ་ཕྱིར་རྒྱུན་རིང་དཔྱད་པའི་མཐའ་སྡོམ་ལྟ་བུར་བཀོད་པ་ཡིན་པས། ཁྲིད་རྒྱུན་དང་རྨོངས་ཞེན་ལ་ཨ་འཐས་ཀྱིས་ཤི་འཐམས་མི་བྱེད་པར་རིག་པའི་རྗེས་སུ་འགྲོ་བ་རྣམས་ཀྱི་སྤྱན་ལམ་དུ་རྣམ་པར་བཀྲ་བའི་ལྟད་མོའི་དོ་ར་ཞིག་ཏུ་འགྱུར་རྒྱུའི་གདེངས་དཔོག་བྱེད་ཀྱིན་ཡིན་ལ། དེ་ལས་གཞན་གཞུང་ཆེན་པོ་དང་ཚད་མ་རིག་པའི་འགྲོ་སྟངས་མ་ཆགས་པའི་རྟགས་འགྲེལ་སྨྲ་བ་དག་གིས་ནི་བསྟོད་སྨོད་དབྱེ་ཞིབ་ཇི་ལྟར་བྱེད་ཀྱང་གྲོག་མས་གླང་ཆེན་གྱི་གཟུགས་ཚད་འཇལ་བར་ཧ་ལས་རྒྱུ་དང་ཡ་མཚན་རྒྱུ་ཅི་ཡང་མེད། དེ་ལྟར་མོད་ཀྱང་དབྱིག་གི་གཉེན་པོས། ཉེས་པ་གྱུར་གང་དེ་ནི་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་དང༌། རྒྱལ་པོའི་སྲས་ཀྱིས། དོན་ཆེ་བ་ལ་བདག་འདྲའི་བློས། །འཁྲུལ་མི་སྲིད་པ་མ་ཡིན་པས། །ཅི་སྟེ་མིན་ན་གཞན་དུ་གྱིས། །ཞེས་པ་ལྟར། བྱེད་པ་པོ་ཚུར་རོལ་ཕལ་བའི་ས་ལས་མ་འགངས་པས། གང་ཞིག་ཉེས་པའི་བཤད་པ་མཆིས་པ་དེ་ཀུན་རང་གི་ཉེས་པ་ཁོ་ནར་ངེས་ལ། དཀའ་བའི་གནད་ལ་འཁྲུལ་བའི་བཤད་པའང་ཅིས་ཀྱང་འབྱུང་སྲིད་པ་དེ་ཀུན་གཟུར་གནས་མཁས་པ་ཚོས་གཞན་དུ་བཅོས་པ་མཛད་རོགས་ཞུ་རྒྱུ་ཡིན། རྟགས་འགྲེལ་འདི་ཉིད་རྩོམ་འབྲི་བྱས་པའི་རྒྱུད་རིམ་ཁྲོད་ཆ་ཤས་གང་ཙམ་གློག་ཀླད་དུ་འཇུག་མཁན་དཀར་མཛེས་ཐུབ་བསྟན་དང༌། ཞུ་དག་གཏོང་མཁན་འབྲས་ཏྲེ་བློ་བཟང་ནམ་མཁའ་དང་ངག་དབང་རྒྱ་མཚོ། ནོར་གླིང་མཐོ་སློབ་ཀྱི་མེ་འོད། ཝཱ་ཎཱའི་མཐོ་སློབ་ཀྱི་ཚེ་རིང་ཕུན་ཚོགས། ལྷག་པར་མཐའ་མའི་ཞུ་དག་གནང་མཁན་ཝཱ་ཎཱ་སམ་སྐྲིའ་ཏའི་མཐོ་སློབ་ལྷ་ས་བ་ཚེ་བརྟན་དབྱངས་སྐྱིད་དང་ལོ་ཙཱ་བ་ན་ག་སངས་རྒྱས་བསྟན་དར་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་དོན་སྨྲ་བའི་ཉི་མ་ཕལ་བོ་ཆེ།། དུས་ཀྱི་ཆུ་ལྷའི་ཕང་པར་གཟིམས་པ་ན།། ལེགས་བཤད་ཟླ་བ་གསར་པའི་དཀྱིལ་འཁོར་འདིས།། བརྡ་དོན་མུན་འཇོམས་འོད་སྣང་འཚེར་གྱུར་ཅིག། ཤིས་སྨོན་བཅས་དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་དབང་རྒྱལ་གྱིས། རྡ་ས་གངས་སྐྱིད་སྤྱི་འཐུས་ལས་ཤག་ཏུ་སྤྱི་ལོ་༢༠༠༨ཟླ་༦ཚེས་༡༥ལ་བྲིས།
དཀར་ཆག
S
དཔར་སྐྲུན་གསལ་བཤད། ༡
མཆོད་བརྗོད་དང་གླེང་གཞི། ༡
ཀླད་ཀྱི་དོན། ༧
དང་པོ་ལ། མཚན་གྱི་དོན། ༧ གཉིས་པ། འགྱུར་ཕྱག ༡༠
གཞུང་གི་དོན། ༡༡
བསྟན་བཅོས་ལ་འཇུག་པའི་སྒོ་མཆོད་བརྗོད། ༡༡ སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས་བཤད་པ། ༡༣
མིང་གཞིའི་རྟགས་ཀྱི་འཇུག་པ་བཤད་པ། ༡༤ སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། ༢༧
དང་པོ། རྟགས་ཀྱི་དབྱེ་གཞི་དང་དབྱེ་བ་བཤད་པ། ༢༧ གཉིས་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ། ༢༨
གང་ལ་གང་གིས་འཇུག་པ་བཤད་པ། ༣༡ ཞར་ལ་མི་འཇུག་པ་བཤད་པ་ལ། ༣༣ སྔོན་འཇུག་རྣམས་ཇི་ལྟར་འཇུག་པ་བཤད་པ་ལ། ༣༥ སྔོན་འཇུག་གི་ཅི་ཕྱིར་འཇུག་པ་བཤད་པ། ༤༡ དང་པོ། ཐོག་མ་གང་ཞིག་ཤེས་དགོས་པ་བཤད་པ། ༤༡
བྱ་བྱེད་ལས་གསུམ། ༤༢ དངོས་པོ་བདག་གཞན། ༥༤ བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར། ༦༤ དུས་གསུམ་བཤད་པ། ༧༦ གསུང་རབ་ལས་བཤད་པའི་དུས་གསུམ། ༧༦ བརྡ་སྤྲོད་པའི་གཞུང་ལས་བྱུང་བའི་དུས་གསུམ། ༨༡ སྤྱི་ལྡོག་རགས་པའི་དབང་དུ་བྱས་པའི་དུས་གསུམ་གྱི་གོ་བ་བཤད་པ། ༨༢ བྱེད་པ་པོ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པ། ༨༤ བྱ་བ་ཡུལ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པ། ༨༨ དེ་དག་གི་ཁྱད་པར་དུ་མ་བྱས་པའི་དུས་གསུམ་བཤད་པ། ༩༢ བྱེད་པོ་དང་མ་འབྲེལ་བའི་ལས་ཀྱི་དུས་གསུམ་བཤད་པ། ༩༥ དུས་གསུམ་གྱི་དབྱེ་བ་རྒྱས་པ་བཤད་པ། ༩༧ རྗོད་བྱེད་ཚིག་གི་དུས་གསུམ་བཤད་པ། ༡༠༠ བརྗོད་བྱ་དོན་གྱི་དུས་གསུམ་བཤད་པ། ༡༡༣ དུས་གསུམ་གྱི་དབྱེ་བ་ཕྱེ་བའི་དགོས་པ་བཤད་པ། ༡༡༤
གཉིས་པ། སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པ་དངོས་བཤད་པ། ༡༡༥
སྔོན་འཇུག་གི་ཕོ་ཡིག་བ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། ༡༡༥ སྔོན་འཇུག་གི་མ་ནིང་ག་ད་གཉིས་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། ༡༤༢ སྔོན་འཇུག་གི་མོ་ཡིག་འ་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ། ༡༦༥ སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། ༡༩༡ སྔོན་འཇུག་མི་ཐོབ་པའི་བྱ་བྱེད་འདས་སྐུལ་གྱི་ཁྱད་པར་བཤད་པ། ༡༩༦
གསུམ་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། ༢༢༡
རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། ༢༢༡ རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ། ༢༢༧
དང་པོ། རྗེས་འཇུག་རྣམས་གང་ལ་འཇུག་པ་བཤད་པ། ༢༢༨ གཉིས་པ། རྗེས་འཇུག་གང་གིས་འཇུག་པ་བཤད་པ། ༢༣༢ གསུམ་པ། རྗེས་འཇུག་རྣམས་ཇི་ལྟར་འཇུག་པ་བཤད་པ། ༢༣༣
སྔ་མ་གང་ལྟར་འགྱུར་བ། ༢༣༨ ཕྱི་མ་གང་ལྟར་འགྱུར་བ། ༢༤༠ མིང་མཐའ་དྲག་ཞན་འདྲེན་ཚུལ། ༢༤༠ རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ། ༢༤༣ དེ་དག་ནང་གསེས་འཇུག་ཚུལ། ༢༤༧ རྣམ་དབྱེ་ནང་གསེས་འཇུག་ཚུལ། ༢༤༧ རྣམ་དབྱེ་མ་ཡིན་པའི་ཕྲད་ནང་གསེས་འཇུག་ཚུལ། ༢༥༢
བཞི་པ། རྗེས་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ། ༢༦༤
རྗེས་འཇུག་གི་དགོས་པ་ཅི་ཕྱིར་འཇུག་པ་དངོས་བཤད་པ། ༢༦༥ ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ། ༢༦༦ དགོས་པ་དེ་ཉིད་ལྡོག་ཕྱོགས་ནས་བསྟན་པའོ།། ༢༧༦
གསུམ་པ། རྩོམ་པ་མཐར་ཕྱིན་པའི་ཚུལ་བཤད་པ། ༢༧༧
རྟགས་ཀྱི་འཇུག་པ་རྩོམ་པའི་དགོས་པ་བསྟན་པ། ༢༧༧ སྨོན་པས་མཇུག་བསྡུ་བ། ༢༧༨
རྟགས་ཀྱི་འཇུག་པའི་རྩ་བ
རྒྱ་གར་སྐད་དུ། ལིངྒཱ་ཨ་བ་ཏཱ་ར་ནཱམ། བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།།
སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ།། ཕོ་ཡིག་ཡི་གེ་འབའ་ཞིག་ལ།། སྡེ་པ་ཕྱེད་དང་བརྒྱད་གནས་པའང་།།
སྡེ་ཚན་ལྔ་རུ་དྲིལ་བྱས་ནས།། ཡི་གེ་སུམ་བཅུ་ཐམ་པ་ལ།།
ཕོ་དང་མ་ནིང་མོ་དང་ནི།།
ཤིན་ཏུ་མོ་དང་བཞི་བཞི་རུ །།
སྡེ་བ་བཞི་པ་ཡན་ཆད་དབྱེ།། ལྷག་མ་བཅུ་བཞི་གནས་པ་ལ།། ཅ་སོགས་གསུམ་ནི་ཅ་སོགས་སྦྱར།། ལྭ་ནི་བ་དང་སྦྱར་བར་བྱ།།
ལྷག་མ་དྲུག་ནི་མོ་རུ་སྦྱར།། ར་ལ་ཧ་ནི་མོ་གཤམ་ སྟེ།། མ་ནིང་ མཚན་མེད་ཅེས་ཀྱང་བྱ།། མོ་ཡི་ཡི་གེ་ནང་ནས་ནི།།
འཇུག་པའིཡི་གེ་བཅུ་དབྱུང་བྱ།། འཇུག་པ་བཅུ་ཡི་ནང་ནས་ནི།། སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།། སྔོན་འཇུག་ཡི་གེ་ལྔ་པོ་ལ།།
ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་རུ་དབྱེ།། སྡེ་བ་བཞི་པ་ཡན་ཆད་དབྱེ།། དེ་དག་རེ་རེའང་བཞི་བྱེད་དེ །།
གང་གིས་འཇུག་བྱེད་གང་ལ་འཇུག། ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག། གང་ལ་འཇུག་པར་བྱེད་ཅེ་ན།། ཕོ་ནི་ཕོ་དང་མོ་ལ་འཇུག།
མོ་ནི་མོ་དང་མ་ནིང་ལ།། ཤིན་ཏུ་མོ་ནི་མ་ནིང་དང་།། མོ་དང་ཤིན་ཏུ་མོ་ཉིད་ལའོ།། མི་འཇུག་པ་ནི་འདི་ལྟར་ཏེ།།
ཕོ་ནི་མ་ནིང་ལ་མི་འཇུག། མོ་ནི་ཕོ་ལ་འཇུག་མི་འགྱུར།། མ་ནིང་རང་ལ་རང་མི་འཇུག། རང་གི་སྡེ་དང་ཕྲད་པ་ན།།
ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། ཇི་ལྟར་འཇུག་བྱེད་ཅེ་ན།། ཕོ་ནི་དྲག་པོའི་ཚུལ་གྱིས་འཇུག།
མ་ནིང་རན་པར་འཇུག་པ་ཡིན།། མོ་ནི་ཞན་པའི་ཚུལ་གྱིས་ཏེ།། ཤིན་ཏུ་མོ་ནི་མཉམ་པས་སོ།། ཅི་ཕྱིར་འཇུག་པ་བྱེད་ཅེ་ན།།
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནིང་གཉིས་ཀ་ད་ལྟ་ཆེད།། མི་ནི་བདག་དང་མ་འོངས་ཕྱིར།། ཤིན་ཏུ་མོ་ནི་མཉམ་པས་སོ། །
རྗེས་འཇུག་ཡི་གེ་བཅུ་པོ་ལ། ། ཕོ་མོ་མ་ནིང་གསུམ་དུ་དབྱེ། ། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། ། མོ་ལ་མོ་དང་ཤིན་ཏུ་མོ། །
མ་ནིང་འགྱུར་དང་མཚན་གཉིས་ དང་། ། མཚན་མེད་ན་ནིང་གསུམ་དུ་འདོད། ། དེ་ཡང་བྱེད་པ་བཞི་བྱེད་དེ།། གང་ལ་འཇུག་བྱེད་གང་གིས་བྱེད།།
ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག། གང་ལ་ཡི་གེ་ཐམས་ཅད་ལ།། གང་གིས་བཅུ་པོ་དེ་དག་གིས། ། ཇི་ལྟར་རྣམ་པར་གཉིས་ཡིན་ཏེ། །
སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། ། ཕོ་གསུམ་མོ་གཉིས་མ་ནིང་གསུམ། ། དྲག་ཞན་བར་མ་གསུམ་དུ་འཇུག། དྲག་པ་གསུམ་གྱི་ནང་ཕྲད་དམ། །
གལ་ཏེ་ཞན་པ་ནང་ཕྲད་ན། ། དེ་ལའང་ནང་གི་ཆ་ཤས་ཀྱིས། ། དེ་ཡང་དྲག་ཞན་གཉིས་སུ་དབྱེ། ། མ་ནིང་གསུམ་དུ་གང་གཏོགས་པ། །
དྲག་དང་ཕྲད་ན་དྲག་པར་འགྱུར། ། ཞན་དང་ཕྲད་ན་ཞན་པར་འགྱུར། ། གཉིས་ཀ་དག་དང་ ཕྲད་གྱུར་ན། ། དེ་ནི་གཉིས་ཀ་ཅན་དུ་འགྱུར། །
གཉིས་ཀ་དག་དང་མ་ཕྲད་ན། ། གང་དུ་ཡང་ནི་མི་འགྱུར་རོ། ། དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། ། དོན་ནི་ རྣམ་པར་གཉིས་ཡིན་ཏེ། །
སྔ་མ་གང་ལྟར་འགྱུར་བ་དང་། ། ཕྱི་མ་གང་ལྟར་འགྱུར་ བའོ། ། སྔ་མ་སྔོན་འཇུག་ལྔ་ བཞིན་སྦྱར།། ཕྱི་མ་དག་གི་འདྲེན་ཚུལ་ནི། །
ཕོ་ཡིས་ཕོ་ཡིག་མིང་མཐར་དྲངས། ། མོ་ཡིས་མོ་ཡིག་མིང་མཐར་དྲངས། ། མ་ནིང་གིས་ནི་མ་ནིང་ངོ་། ། དེ་ཉིད་རང་གི་སྒྲ་མཐུན་ པའི། །
ཆོས་དངོས་ལས་དང་བྱེད་པ་དང་། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། ། གནས་དང་བོད་པའི་སྒྲ་ཡང་དྲང་། ། གཞན་ཡང་སླར་བསླུ་ལྷག་བཅས་དང་། །
འབྱེད་སྡུད་བསྣན་དང་བདག་པོ་དང་། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག། དེ་དག་སྔ་ཤུགས་འདྲེན་པས་འབྱུང་། ། དེ་དག་ནང་གསེས་གང་འཇུག་པ། །
མཐར་སྦྱར་འོག་མའི་མིང་དོན་ལས། ། སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། ། དེ་བཞིན་ཆེད་ བྱེད་རྟེན་བྱེད་དང་། ། ལས་བྱ་བླང་བྱ་བསྒྲུབ་པར་བྱ། །
སྔོན་དུ་འོས་པ་གནས་པའམ། ། གཞན་ཡང་ཚིག་དོན་གོང་འོག་ཏུ། ། བསྡུ་རྒྱུ་ཡོད་དམ་མེད་པ་དང་། ། གོང་མ་ལས་ཀྱང་དེ་བཞིན་ཏེ། །
རྣམ་གྲངས་དག་ནི་བཀོད་པ་ལས། ། བསྐྱར་ བ་ཡོད་དམ་མེད་པ་དང་། ། ཕོ་སྒྲ་དང་ནི་མོ་སྒྲ་དག ། མིང་གི་མཐའ་ན་ཡོད་མེད་དང་། །
རྒྱན་དུ་གྱུར་བ་རྣམ་ལ་ཡང་། ། དོན་ལ་སྙེག་པ་ ཡོད་མེད་དང་། ། བསྟན་བྱ་ལྷག་མ་ཡོད་མེད་དང་། ། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །
དེ་དག་ནང་གསེས་རྣམ་པར་དབྱེ། ། ཅིའི་ཕྱིར་འཇུག་པ་བྱེད་ཅེ་ན།། ཡི་གེའི་ཁོང་ནས་མིང་དབྱུང་སྟེ།། མིང་གི་ཁོང་ནས་ཚིག་ཕྱུང་ནས།།
ཚིག་གིས་ དོན་རྣམས་སྟོན་པར་བྱེད།། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཕོ་ཡིག་དེ་དག་རྣམས་ལ་ཡང་།།
འཇུག་པ་བཅས་པ་མེད་པ་ན །། མིང་དང་ཚིག་ཀྱང་གསལ་མི་ནུས།། མིང་ཚིག་གསལ་བ་མེད་ན་ནི།། དོན་རྣམས་བརྗོད་པ་མི་འགྱུར་རོ།།
དེ་ལྟར་གྱུར་ ན་འཇིག་རྟེན་ན།། དོན་མཚོན་ བརྗོད་པ་ཀུན་ཀྱང་མེད།། རིག་བྱེད་སྨྲ་བའང་ཡོད་མི་འགྱུར།། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི །།
བསླབ་པ་རྣམས་ཀྱང་མེད་པར་འགྱུར།། ཇི་ལྟར་འཇིག་རྟེན་སེམས་ཅན་དག། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གྲུབ་མཐའ་གཞན་ཡང་ཡོད་མོད་ཀྱང་ །།
རང་ཉིད་ཀྱིས་ནི་མི་ཤེས་བཞིན།། དེ་བཞིན་ཡི་གེ་འཇུག་ཚུལ་རྣམས།། སྨྲ་བ་ཀུན་ ལ་གནས་གྱུར་ཀྱང་།། རང་ཚུལ་དེ་དག་མི་ཤེས་པས།།
དོན་གྱི་སྦྱོར་བ་ག་ལ་ཤེས།། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི ། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག།
བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎཱ་གཉིས་པའི་སྐབས་ཏེ་དྲུག་པའོ།། །།
མཆོད་བརྗོད་དང་གླེང་གཞི།
གང༵་ལ༵་དཔལ་གྱི་ཡོན༵་ཏན༵་མཆོག༵་མངའ༵་ཟླ་བ༵འི་མ་མར་དོན་གཉིས་ལྷུན་གྲུབ་རླབས་ཀྱི་རྩེ་དགས་མི་སྲུན་ཕས་རྒོལ་ཀ་ལན་དྷ་ཀའི་གཤོག་ཟུང་དག་ནི་འདར་བ་བསྟེན།།
ལེགས་ལྡན་དཔལ་གྱི་ཙ་ཏ་ཀ་ཡི་སྨིན་ལེགས་ཚོགས་ལ་སིམ་པ་ཉེར་སྟེར་རྣམ་དག་ཆོས་ཚུལ་ལྦུ་ཕྲེང་དྲ་བས་ཕྱོགས་རྣམས་ལེགས་བཅིངས་ཀཽ་རུའི་མདོག་གིས་ལྷམ་མེར་མཛེས།།
བཞིན་བཟང་སྟོང་གི་ཁེངས་པ་སྙིལ་བྱེད་ཐེག་གསུམ་རྒྱུད་སྡེ་འབུམ་གྱི་ཟོང་ལྡན་ཆུ་ཡི་ཤིང་རྟའི་ཁ་ལོ་ལེགས་བསྒྱུར་རིག་གྲོལ་ཟུང་གི་སྐྱ་པ་འཆང་པའི་དེད་དཔོན་ཏེ།།
སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བཞིན་བསམ་འཕེལ་ནོར་བུའི་ཆེ་བ་དྲུག་ལྡན་དཔལ་གྱིས་མངོན་མཐོ་དཀོན༵་མཆོག༵་དེ༵་ལ༵་མི་ཕྱེད་དད་པས་ཕྱག༵་འཚལ༵་ལོ༵།།
གང་ཞིག་གང་གིས་ཇི་ལྟ་ཇི་སྙེད་ཤེས་བྱའི་ན་ཆུང་ལང་ཚོའི་དཔལ་ཀུན་དམར་སེར་མཚན་དཔེའི་འོད་ཞགས་འཁྱོག་པོས་ཀུན་ནས་འཆིངས།།
སྒྲ་དབྱངས་རྒྱ་མཚོའི་རླབས་ཀྱི་ཐིག་ལེ་འགྲམ་པའི་ཆང་གི་ཟོལ་དུ་འཐོར་བཞིན་ལེགས་པར་གསུངས་པའི་འཕྲིན་ལས་སྣུམ་པོས་བ་ཀུ་ལ་ཡི་འདབ་ཕྲེང་བརྟས།།
མཐའ་ཀླས་ཆོས་ཚུལ་ཀླུང་བཞི་འཐུང་བའི་མཁྱེན་རབ་ཆུ་གཏེར་རལ་པའི་རླབས་ལྡན་བརྩེ་ཆེན་ཟླ་གཞོན་གནམ་མཐོངས་དབྱིངས་འཕགས་དྲག་པོའི་མགོ་སྐྱེས་གཙུག་ན་འཛེགས།།
ཉེས་པའི་རྩུབ་རེག་མཚོན་གྱིས་མ་བསླད་འཇམ་པའི་དཔལ་གྱི་དྲུག་ཅུའི་དབྱངས་ལྡན་ངག་རིག་སྨྲ་བའི་མགྲིན་པའི་གུར་ན་འགྱིངས་པ་དེ་ལ་ཕྱག་འཚལ་ལོ།།
མེས་པོའི་ཞལ་ཆབ་ཐིག་ལེ་སྲུབས་སྐྱེས་ཞབས་སེན་ཟླ་བའི་འོད་ཐིག་ཟླུམ་པོས་དྲེགས་ལྡན་རལ་པའི་གདེངས་ཀ་ལ་བསྣུན་མགོ་སྐྱེས་ས་ལ་དྲུད་བཞིན་བསྙིལ།། སྨྲ་བའི་འབབ་སྟེགས་ལི་ཁྲིའི་རྡུལ་འཆང་སྨུག་རྩིའི་ཆུ་རིས་མཁའ་མཐར་དཀྲིགས་ལས་སྡོམ་བཞིའི་གསུང་གི་སྤྲིན་གྱི་མེ་ཏོག་སིལ་མར་འཇོ།། རྐང་གདུབ་ཀྱིས་མཛེས་འཁོར་ལོའི་ལག་ལྡན་མངོན་པར་རབ་ཆགས་རིག་བྱེད་དཔྱིད་ཀྱི་ཆུ་གཏེར་གཡོ་ལྡན་ཁ་ཡི་སྒོ་ནས་རླབས་ཀྱིས་འཕྱོ།། སྨིན་འཁྱོག་དཀྱུས་རིང་མཐིང་ཀའི་ཟུར་མིག་ཨུཏྤལ་རྣོན་པོས་རྒྱལ་རྣམས་དབྱིངས་ནས་བསྐུལ་དང་ལྷན་ཅིག་བདག་ཀྱང་སྲུངས་ཤིག་དབྱངས་ལྡན་མ།།
བཅུ་ཕྲག་ཤེས་བྱ་སྡེབ་ནས་སྦྱོར་བ་ལ།། ལེགས་ལྡན་དཔལ་གྱི་མཛད་པས་མི་མཚོན་པ།། འཕགས་ཡུལ་མཁས་པ་སྤྱི་དང་ལེགས་བྱིན་སོགས།། ཐོན་མིའི་བླ་མ་དེ་དག་ལ་འང་འདུད།།
དགེ་ལེགས་ག་བུར་ཟེགས་མའི་ཐིགས་པ་ཡིས།། བྱང་བརྒྱུད་གངས་རིའི་མུན་པ་གཞོམ་མཛད་པའི།། ཐོན་མིར་གྲགས་པའི་ཟླ་བ་གཞོན་ནུའི་ཁམས།། མི་ཕྱེད་སྙིང་གི་རལ་པའི་རྒྱན་དུ་བསུ།། མཁྱེན་རབ་ཆུ་ཁུར་འཛིན་པའི་གདེངས་ཀ་ལ།། དཔྱོད་པའི་སྒྲ་བརྒྱ་རྒོད་པའི་རླབས་དང་བཅས།། ལེགས་བཤད་སྤྲིན་གྱི་མེ་ཏོག་འཇོ་བ་ཅན།། དཔལ་ལྡན་མཁས་པ་དེ་ཀོ་འགྲོ་བའི་མིག། གཅིག་ཏུ་བརྩོན་པ་རྒྱ་མཚོའི་རླབས་གཡོ་བས།། གཉིས་སུ་མེད་པའི་ཤེས་བྱའི་གནས་ལུགས་གཞལ།། གསུམ་ལྡན་རྗེ་བཙུན་བླ་མ་འགྲོ་བའི་མགོན།། བཞི་ལྡན་སོ་སོར་རིག་པའི་དགེ་ལེགས་སྩོལ།། ཀཱ་རྟི་ཀ་ཡིས་དུརྒ་སེངྒེའི་སྨྲ་བ་ངག་གི་སྒྲོག་གཅད་པས།། མཚོན་ནུས་མ་ཡིན་དཔལ་སྟུག་བྱེ་བའི་སིནྡུ་ར་ཡི་གསང་མཚོན་གྱིས།། སྨྲ་བའི་འབབ་སྟེགས་ཤིས་པ་སྒྲུབ་པའི་བྱཱ་ཀ་ར་ཎའི་ཀོ་ཀི་ལ།། ལེགས་ལྡན་དཔྱིད་ཀྱི་ཕུན་ཚོགས་དགུག་ལ་དོན་ཡོད་ཞགས་པའི་འཕྲུལ་དུ་རྩེན།། སརྡ་ཝརྨའི་ཀ་ལཱ་པ་དང་ཟླ་བ་གོ་མིའི་ཙན་དྲའི་མདོ།། ཨ་ནུ་བྷཱུ་ཏིའི་དབྱངས་ཅན་སྒྲ་གཞུང་ཀུན་གྱི་རྩ་བ་པཱ་ཎི་པ།། སྙིང་པོ་བསྡུས་པའི་རིག་བྱེད་རྒྱ་མཚོ་བསྲུབས་སྐྱེས་ཟླ་བ་གསར་པའི་ཁམས།། ཐོན་མིའི་ཡིད་མཁར་མཛའ་བོའི་ཟོལ་བསྟེན་གངས་ཅན་མུན་པའི་གཤེད་དུ་འཆར།། འདི་ན་གསུང་རབ་དགོངས་འགྲེལ་དང༌།། སྲིད་པའི་ཐ་སྙད་མ་འདྲེས་པ།། བརྡ་སྤྲོད་ངག་ལ་དབང་འབྱོར་ཕྱིར།། རྟགས་ཀྱི་འཇུག་པའི་དཀའ་གནད་འབྲི།། དྲི་མེད་རིགས་པས་མཁའ་མཐའ་མ་གཤགས་ཤིང༌།། གསུང་རབ་ལུང་གི་རྒྱ་མཚོ་མ་བསྲུབས་པར།། མཁས་པའི་འདྲ་འབག་གོན་པ་བྱིས་པའི་ཁྱུ།། ད་ནི་བག་ཡོད་མཛད་པའི་དུས་ལ་བབ།། བརྡ་སྤྲོད་སྨྲ་བའི་མགྲིན་མདུད་མ་གྲོལ་ཅིང༌།། ལེགས་བཤད་སྒྲོག་པའི་ལྕེ་རྩེ་འབྱར་ན་ཡང༌།། གཞུང་བརྒྱ་སྨྲ་བའི་མིང་གིས་བསྙད་པ་དག། ད་ནི་ངལ་གསོ་མཛད་པའི་དུས་ཉིད་དོ།། དགའ་བྱེད་རྣོན་པོའི་མདའ་ཡིས་རཱ་ཝ་ཎའི།། མིག་འཕྲུལ་རི་སྐྱེས་འབིགས་པར་མ་ནུས་མོད།། བདག་བློའི་རྣམ་པར་དཔྱོད་པའི་ཉག་ཕྲན་གྱིས།། ཉེས་བཤད་རི་དྭགས་སྲོག་ལ་དེ་ལྟར་མིན།། གསུང་རབ་རྒྱ་མཚོ་བསྲུབས་པའི་ཆུ་འཛིན་འཁྲིགས།། བརྡ་དོན་ལེགས་པར་སྨྲ་བའི་རྔ་བསངས་སྙན།། མ་ནོར་དོན་གྱི་སྦྲང་ཆར་སིལ་མར་འཇོ།། ཆོས་རིག་མྱུ་གུའི་རྒྱུ་ཚོགས་འདི་ཡིན་སྐད།། དེ་ཕྱིར་བློ་གྲོས་འཛིན་མའི་ཕང་པ་ལ།། དོན་གཉེར་གཤིན་པའི་ཞིང་ས་ལྡན་གྱུར་ན།། བཙའ་སད་སེར་བའི་བསླུ་བྲིད་འཛུམ་བག་ལ།། གྲོགས་སུ་རེ་བའི་རྨི་ལམ་སད་ན་རེམ།། གཙུག་ལག་རྫིང་བུ་མཛེས་སྐྱེད་ཆུ་སྐྱེས་ཚལ།། དཔྱོད་ལྡན་བཞད་དཀར་མགྲིན་རིང་བུང་བའི་ཚོགས།། རྨོངས་པའི་དྲི་ཁྲུད་སྦྲང་རྩིའི་དགའ་སྟོན་ལ།། ཅི་དགར་རྩེན་པའི་འཇུག་ངོགས་བསྟེན་པ་རིགས།། གང་ཞིག་གཟུ་བོར་གནས་པ་དང༌།། ལེགས་ཉེས་འབྱེད་པའི་མཐུ་བརྟས་པ།། དེ་དག་དང་བ་ཆེན་པོའི་བློས།། ཉན་ཞིང་ཡིད་ལ་བཅང་བར་མཛོད།། ཅེས་ཤིས་པ་བརྗོད་པ་དང་ཕྱག་བྱ་བ་དང་དངོས་པོ་ངེས་པར་བསྟན་པའི་ཆེད་དུ་བརྗོད་པ་སྒྲ་ལྡན་དགའ་མའི་ཕང་འགྲོ་རྡུང་བའི་དབྱངས་བདུན་ལྷུན་གྱིས་རྫོགས་པའི་གདངས་ཀྱིས་ཉེ་བར་བསུས་ཏེ། གང་ཞིག་བརྗོད་པར་བྱ་བ་ནི། ཇི་སྐད་དུ། རྒྱལ་བ་མ་ཕམ་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།། དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང༌།། བདག་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།། ཞེས་པ་ལྟར། ཚིག་དོན་འཁྲུལ་བ་ཚར་གཅོད་པར་བརྡ་སྤྲོད་དང་གཏན་ཚིགས། གཞན་ལ་ཕན་ཞིང་རྗེས་སུ་འཛིན་པར་བཟོ་དང་གསོ་བ། རང་ཉིད་ཆོས་ཀུན་ཤེས་པར་ནང་དོན་རིག་པ་སྟེ། ལྔ་པོ་འདི་དག་ཁོང་དུ་ཆུབ་པར་འཕགས་པའི་ཡུལ་དུ་དཔལ་མཧཱ་པཎྜི་b-ཞེས་ཀུན་གྱིས་བཀུར་བར་བྱེད་དེ། དེ་དག་གི་ནང་ནས་ཀྱང་ཐོག་མར་གང་ཞིག་བསླབ་པའི་རིམ་པ་ནི། ཐོག་མར་སྒྲ་ལ་མཁས་པ་ཡིས།། ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན།། དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་བ་མེད་པར་བཤད། །ཅེས་པ་ལྟར་ལགས་ལ། དེའི་ནང་ནས་ཀྱང་སྒྲའི་རིག་བྱེད་ནི། འཇམ་མགོན་ས་སྐྱ་པཎྜི་ཏས། ལུང་སྟོན་པར་བྱེད་པའི་སྒྲའི་གནས་མ་རྟོགས་པས་ནི། ཚིག་གི་སྡེབ་སྦྱོར་ཙམ་ཡང་ཤེས་པར་མི་འགྱུར་ན། ཡང་དག་པའི་དོན་རྟོགས་པར་ག་ལ་འགྱུར། ཞེས་དང༌། དཔལ་ཁང་ལོ་ཙཱ་བས། ཡི་གེའི་སྦྱོར་བ་ལ་འཁྲུལ་ན།། དོན་རྣམས་འཁྲུལ་བ་སྨོས་ཅི་དགོས།། ཞེས་སོགས་འཕགས་བོད་མཁས་གྲུབ་དུ་མའི་གསུང་རྩོམ་ན་ཤིན་ཏུ་མང་བ་འབྱུང་བའི་ལེགས་བཤད་དང་གདམས་ངག་འདི་དག་གཅེས་པར་འཛིན་ན། ཤེས་བྱའི་འཇུག་སྒོ་དམ་པ་བརྡ་སྤྲོད་པའི་གཞུང་ལུགས་ལ་བརྩོན་པ་ནི་འཆད་རྩོད་རྩོམ་པའི་བྱ་བ་ཀུན་ལ་མེད་ཐབས་མེད་པའི་ནད་བརྒྱ་སྨན་གཅིག་ཏུ་ངེས་པས། འདིའི་ཆེད་དུ་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་མང་པོས་མཆན་འགྲེལ་དང༌། དམར་འགྲེལ། ནག་འགྲེལ། སྤྱི་དོན་མཐའ་དཔྱོད་སོགས་ཤིན་ཏུ་མང་པོ་བརྩམས་པར་མཛད་འདུག་ཅིང༌། དེ་དག་གི་ནང་ནས་སྔ་འགྲེལ་ཞ་ལུའི་རྟགས་འཇུག་དང༌། རྣམ་གླིང་པའི་རྟགས་འགྲེལ་གཉིས་ཕུལ་དུ་བྱུང་ཞིང༌། ཕྱིས་འགྲེལ་ཁྲོད་ནས་པྲ་ཏི་པཎྜི་ཏ་ཆེན་པོའི་བརྡ་སྤྲོད་པའི་ལེགས་བཤད་དག་དང་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བའི་འགྲེལ་ཆེན་དག་ནི་ཕུལ་དུ་བྱུང་བ་མཐོང་ལ། དེ་དག་ལས་སྔ་མ་ཉིད་གསུང་རབ་ཀྱི་བརྡ་ཆད་དང་ཤིན་ཏུ་མཐུན་པས། རྒྱ་གར་བའི་བརྡ་སྤྲོད་པར་རྟོགས་དཀའ་བ་པཎྜི་ཏའི་ལུགས་དང༌། རྟོགས་སླ་བ་རྒྱལ་པོའི་ལུགས་གཉིས་སུ་དབྱེར་ཡོད་པ་ལྟར། རང་རེ་བོད་ལའང་སྒོ་དེ་དང་རུང་མཐུན་ཙམ་ཞིག་འཇོག་རུང་ངོ་སྙམ་སྟེ། སྔ་མའི་ལུགས་འདི་རྟོགས་དཀའ་བ་གསུང་རབ་དགོངས་འགྲེལ་གྱི་བརྡ་སྤྲོད་པ་གཙོར་སྣང་བ་དང༌། ཕྱི་མ་རྟོགས་སླ་བ་མང་ཚོགས་མང་ཆེ་བའི་རྒྱུན་ལྡན་གྱི་བརྡ་ཆད་དང་མཐུན་པས་སོ། དེས་ན་བོད་གངས་ཅན་པའི་ཆོས་དང་རིག་པའི་གཞུང་ལུགས་ཀུན་གྱི་མ་ཕྱི་བརྡ་སྤྲོད་པའི་གཞུང་ལུགས་སུམ་རྟགས་གཉིས་ཞེས་ཉི་མ་དང༌། ཟླ་བ་ལྟར་གསལ་བའི་ལེགས་བཤད་འདི་དག་ལ། གནའ་དེང་གི་འགྲེལ་བའི་ནང་ནས་འཕྲིན་ལས་དང་འགྲོ་དོན་ཆེ་བའི་གྲས་ཀྱི་འགྲེལ་བ་འདི་དག་གཙོ་བོར་བཟུང་ནས། གྲགས་ཆེ་བའི་འགྲེལ་བ་གཞན་འགའ་ཞིག་གི་ཚིག་ཟུར་གྱི་བཞེད་པ་དང༌། ཡང་གསུང་རབ་ཀྱི་བརྡ་ཆད་དང་ཐ་སྙད་ཀྱི་སྦྱོར་ཚུལ་བར་རྒྱང་ཐག་ཅུང་ཟད་རིང་བ་འགའ་ཞིག་དཔྱད་པའི་གཞི་ལ་བཞག ལྷག་པར་རྟགས་ཀྱི་འཇུག་པའི་སྐབས་ཀྱི་བྱ་བྱེད་ལས་གསུམ་དང༌། དངོས་པོ་བདག་གཞན། དུས་གསུམ། བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་བཅས་ལ་གསུང་རབ་དགོངས་འགྲེལ་ཁག་ལས་བྱུང་བ་དང༌། བརྡ་སྤྲོད་མཁན་པོ་དག་གི་འགྲེལ་ཚུལ་གྱི་ཁྱད་པར་མི་འདྲ་བའམ་རང་གི་འཆར་སྒོ་འགའ་ཞིག་དཀའ་གནད་དོགས་སེལ་གྱི་ཚུལ་དུ་བྲི་འདོད་སྐྱེས།
ཀླད་ཀྱི་དོན། དེས་ན་རྟགས་ཀྱི་འཇུག་པའི་གཞུང་འདི་འཆད་པ་ལ་གསུམ། ཀླད་ཀྱི་དོན་དང༌། གཞུང་གི་དོན། མཇུག་གི་དོན་ནོ།། དང་པོ་ལ། མཚན་གྱི་དོན་དང༌། འགྱུར་གྱི་ཕྱག་གཉིས། དང་པོ་ནི། རྩ་བར། རྒྱ་གར་སྐད་དུ། ལིངྒ་ཨ་བ་ཏཱ་ར་ནཱམ། བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ། རྒྱ་གར་འཕགས་པའི་ཡུལ་དུ་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ། ལིངྒ་ཨ་བ་ཏཱ་ར་ནཱ་མ་ཞེས་བྱ་ཞིང༌། དེ་བོད་སྐད་དུ་བསྒྱུར་ན། རྟགས་ཀྱི་འཇུག་པ་ཞེས་བྱ་བའོ།། དེ་ཡང་ལིངྒ་ནི་རྟགས་དང༌། ཨ་བ་ཏཱ་ར་ནི་འཇུག་པ། ནཱ་མ་ནི་ཞེས་བྱ་བ་ཞེས་པའོ།། སྤྱིར་བསྟན་བཅོས་ལ་མིང་གིས་བསྙད་སྟངས་དུ་མ་ཡོད་པ་ལས། གཞུང་འདིས་ཡི་གེ་སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་དབྱེ་བ་དང་རྟགས་ཀྱི་འཇུག་ཚུལ་རྒྱ་ཆེར་བཤད་པས་ན་བརྗོད་བྱའི་སྒོ་ནས་བཏགས་པ་ཡིན་ནོ།། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་རྟགས་འཇུག་འགྲེལ་བ་ལ། བྱཱཀརཎའི་རྟགས་ཀྱི་འཇུག་པ་རྣམ་པར་གསལ་བའི་ལེགས་བཤད་ཅེས་བཏགས་འདུག་པ་མ་གཏོགས། རྟགས་འགྲེལ་དེར་རྒྱ་སྐད་དང་བོད་སྐད་གཉིས་ཀའི་མཚན་མི་འབྱུང་ཞིང༌། ཕྱིས་འགྲེལ་མུ་ཏིག་ཕྲེང་མཛེས་སུའང་རྒྱ་བོད་ཀྱི་མཚན་གཉིས་ཀ་མི་འབྱུང་བ་ཡང་ཞ་ལུའི་འགྲེལ་པར་བརྟེན་པ་འདྲ་སྙམ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུར། བྱཱ་ཀ་ར་ཎ་ལིངྒ་བ་ཏཱ་ར་ནཱ་མ། ཞེས་འབྱུང་ཞིང༌། སྤྱིར་རྣམ་གླིང་པཎ་ཆེན་གྱིས་སུམ་རྟགས་འགྲེལ་བའི་ཁུངས་གཙོ་བོ་ནི་ཞ་ལུ་ལོ་ཆེན་ཉིད་ལ་བརྟེན་པ་ཡིན་ཡང་འདིའི་སྐབས་བཤད་པ་གཞན་དུ་བྱེད་འདུག་ཅིང༌། བཅོམ་ལྡན་རིག་པའི་རལ་གྲི་དང་མཁས་པའི་དབང་པོ་དབུས་པ་བློ་གསལ་གཉིས་ཀྱིས་ཞུ་དག་གནང་བའི་སྣར་ཐང་བསྟན་འགྱུར་ཁྲོད་དུ་བཞུགས་པའི་རྟགས་འཇུག་རྩ་བའི་དབུར་རྣམ་གླིང་དང་གསེར་ཏོག་པའི་བཞེད་པ་ལྟར་གྱི་རྒྱ་སྐད་དང་བོད་སྐད་གཉིས་ཀའི་མཚན་སྣང་ལ། སི་ཏུའི་སློབ་མ་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ཞུ་དག་གནང་བའི་སྡེ་དགེའི་བསྟན་འགྱུར་པར་མར་ཡང༌། རྒྱ་བོད་ཀྱི་མཚན་གཉིས་ཀ་དེ་བཞིན་འབྱུང་བས། སྐད་གཉིས་ཤན་སྦྱར་གྱི་མཚན་འདི་ཉིད་གནའ་སྔ་མོ་ནས་ཡོད་པ་འདྲ། འོན་ཀྱང་རྩ་ཚིག་མི་འདྲ་བ་གཉིས་བྱུང་བ་ལས་གང་ཞིག་འཐད་ལྡན་དུ་འཛིན་དགོས་པ་ནི་མཁས་པ་རྣམས་ཀྱི་དཔྱད་པའི་གཞིར་སེམས་སོ།། མདོ་སྨད་རེབ་སྐོང་དུ་འཁྲུངས་ཤིང་གདན་ས་འབྲས་སྤུངས་བཀྲ་ཤིས་སྒོ་མང་དུ་སློབ་གཉེར་གནང་ནས་ལྷ་རམས་ཐོན་རྗེས་ལྕགས་པོ་རི་སྨན་རྩིས་ཁང་གི་ནང་ཆོས་དང་རིག་གནས་དགེ་རྒན་གནང༌། སྐུ་ཚེ་མཐའ་མར་མགོ་ལོག་ཁུལ་དུ་ཕེབས་ནས་གདན་ས་ཕྱག་བཏབ་ཅིང་བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་གྱིས་སྲས་ཀྱི་ཐུ་བོར་སྐྱོང་བ་མཁས་པའི་དབང་པོ་འཇམ་དཔལ་རོལ་པའི་བློ་གྲོས་ཀྱི་ལུང་སྟོན་པ་སུམ་ཅུ་པའི་དགོངས་དོན་ལེགས་པར་འགྲེལ་བ་རབ་གསལ་ཟླ་ཤེལ་སྣང་བ་ལས། འགྲེལ་པ་བསྟན་པའི་སྒྲོན་མེ་ལས་འབྱུང་བ་ལྟར་གྱི་སུམ་རྟགས་གཉིས་ཀའི་མཇུག་བྱང་བཀོད་ནས། གཞུང་རང་རང་གི་བབ་ལ་བརྟགས་ན་གཞུང་རང་རྐྱ་བ་ལྟ་བུར་སྣང་བས། བསྟན་བཅོས་བརྒྱད་ཀྱི་ནང་ནས་རེ་རེ་ཡིན་ཟེར་བ་འཐད་དམ་བརྟག་གོ། ཕྱིས་ཕལ་ཆེར་གྱིས་སུམ་ཅུ་པ་དང་པོ་དང༌། རྟགས་འཇུག་ཐ་མ་ཡིན་ཟེར་ཡང༌། སུམ་ཅུ་པ་ལ་མཆོད་བརྗོད་དང༌། རྩོམ་པ་དམ་བཅའ་ཡོད་པ་དང༌། རྟགས་འཇུག་ལ་རྗེས་སུ་བསྔོ་བ་ཡོད་པའི་རྩ་བ་ལ་མཆོད་བརྗོད་སོགས་གཞུང་སྤྱིའི་ཡིན་རྒྱུའི་རང་གིས་དམ་བཅས་པ་ཙམ་ལས་རྒྱུ་མཚན་མ་མཐོང་ཞིང༌། རྟགས་འཇུག་ལ་མཆོད་བརྗོད་དང༌། སུམ་ཅུ་པ་ལ་ལེགས་སྨོན་ཡོད་པ་ཡང་མཁས་པ་དུ་མས་རང་ལུགས་སུ་མཛད་དོ།། ཞེས་གསུངས་པ་འདི་གཟུ་བོར་གནས་པའི་བློ་དང་རྣམ་པར་དཔྱོད་པའི་རྩལ་ཡོད་མཁན་ཞིག་ཡིན་ན་རིན་ཐང་གཞལ་དུ་མེད་པའི་ལེགས་བཤད་ཉིད་དུ་གོ་ངེས། སུམ་ཅུ་པའི་ལེགས་སྨོན་དང༌། རྟགས་འཇུག་གི་མཆོད་བརྗོད་ཀྱང་ད་ལྟར་མཇལ་དུ་ཡོད་པའི་བསྟན་འགྱུར་ནང་ཁྲ་ལྷམ་མེར་མཐོང་རྒྱུ་འདུག་པར་ཇི་ལྟར་བསྙོན་ནུས། འདིར་སྐད་གཉིས་ཤན་སྦྱར་གྱི་མཚན་ཡོད་པ་གཞིར་བཟུང་ན། སྔོན་གྱི་མཁས་པ་ཆེན་པོ་དག་གིས་གཞུང་ཆེན་པོའི་དགོངས་འགྲེལ་རྣམས་སུ། སྐད་ལ་བག་ཆགས་བཞག་པ་དང༌། རྒྱུད་ལ་བྱིན་རླབས་འབྱུང་བ། བསྟན་བཅོས་ཁུངས་བཙུན་པ་ཤེས་པའི་ཆེད་བཅས་ཡིན་པར་གསུངས་ཏེ། གཞན་དུ་ཤེས་པར་བྱ། གཉིས་པ་འགྱུར་ཕྱག་གི་ཚུལ་ནི། རྩ་བར། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཕྱོགས་དུས་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་བློ་གྲོས་ཀྱིས་བདག་རྐྱེན་བྱས་པ་ལས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཚུལ་མཐའ་དག་འགྲོ་བ་རྣམས་ལ་བརྡ་སྤྲོད་པའི་ལམ་ལས་མི་འགོང་པར་སྨྲ་བའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པའོ།། རྣམ་གླིང་པཎ་ཆེན་གྱི་འགྲེལ་པ་དང༌། གསེར་ཏོག་སུམ་རྟགས་གཉིས་སུ། བྱཱ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཞེས་འབྱུང་ཞིང༌། དོན་ལ་ཁྱད་པར་མ་མཐོང་ཡང་ཚིག་གི་སྒྲོས་མི་འདྲ་བ་གཉིས་བྱུང་བའི་ཁུངས་གང་ཞིག་བཙན་མིན་བརྟག་པར་བྱ་དགོས་ཏེ། སྣར་ཐང་དང༌། པེ་ཅིན། ཅོ་ནེ། སྡེ་དགེ་བཅས་ཀྱི་བསྟན་འགྱུར་པར་ཡིག་ཀུན་རྣམ་གླིང་པའི་བཞེད་པ་དང་ཁ་མཐུན་པར་འདུག་པས་དཔེ་རྙིང་དག་པ་དེ་དག་ལ་རྩ་འཛིན་བྱེད་འོས་སྙམ། འདི་འགྱུར་ཕྱག་གི་ཚུལ་དུ་ཞེས་པྲ་ཏིའི་སུམ་འགྲེལ་ཀུན་བཟང་དགོངས་རྒྱན་དུ་གསུངས་པ་དོན་ལ་འབྱོར་ཏེ། འགྱུར་ཕྱག་དངོས་ཡིན་ན། རྒྱ་གར་མཁས་པས་བརྩམས་པའི་གཞུང་བོད་སྐད་དུ་བསྒྱུར་བ་དེ་ཉིད་འགྱུར་བ་མཐར་ཕྱིན་པའི་ཆེད་དུ་ལོ་ཙཱ་བས་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ཡིན་དགོས་མོད། འདི་ཉིད་རྒྱ་གར་མཁས་པས་བརྩམས་པའི་གཞུང་བོད་སྐད་དུ་བསྒྱུར་བ་མ་ཡིན་པའི་ཕྱིར། ཞ་ལུའི་སྔ་འགྲེལ་དང་སི་ཏུའི་ཕྱིས་འགྲེལ་རྣམས་སུ་གཞུང་འདིའི་འགྱུར་ཕྱག་མི་འབྱུང་བའི་རྒྱུ་མཚན་ཡང༌། ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀ་བྱིངས་གཅིག་ཏུ་བརྩམས་པའི་ལུགས་སུ་བྱས་པས་ཡིན་ངེས་སྙམ་མོད། ད་དུང་དཔྱད་པར་བྱ་དགོས།
གཉིས་པ་གཞུང་གི་དོན།
གཉིས་པ་གཞུང་གི་དོན་ལ་གསུམ། བསྟན་བཅོས་ལ་འཇུག་པའི་སྒོ་མཆོད་བརྗོད་དང༌། སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས། བསྟན་བཅོས་རྩོམ་པ་མཐར་ཕྱིན་པའི་ཚུལ་བཤད་པའོ།།
བསྟན་བཅོས་ལ་འཇུག་པའི་སྒོ་མཆོད་བརྗོད།
དང་པོ་མཆོད་བརྗོད་ནི། རྩ་བར། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ།། ཇི་ལྟ་བ་སྨྲ་བའི་སྐྱེས་བུ་མཆོག་ཏུ་གྱུར་ཅིང༌། ཇི་སྙེད་པ་སྨྲ་བའི་དབང་ཕྱུག་ཀུན་གྱི་རྒྱལ་པོར་གྱུར་པ། བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཅིག་ཅར་མངོན་སུམ་དུ་མཁྱེན་ཅིང་གཟིགས་པའི་བདག་ཉིད། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། ཞེས་པའོ།། རྣམ་གླིང་པའི་འགྲེལ་པར། རྩ་ཚིག་འདི་ཡོད་པར་མ་ཟད་འདིའི་ཐད་ཀྱི་ཚིག་འགྲེལ་ཡང༌། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་སྐྱེས་བུ་ཐམས་ཅད་ཀྱི་མཆོག་དང་སྨྲ་བ་པོ་དེ་དག་གི་ཆོས་ཀྱི་རྒྱལ་པོར་གྱུར་པ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་ལ། དེ་ཉིད་ལ་བསྟན་བཅོས་ཕྱི་མ་འདི་ཉིད་རྩོམ་པའི་སྔོན་དུ་སླར་ཡང་ཕྱག་འཚལ་ལོ་ཞེས་འདུད་པ་མཛད་པའོ།། ཞེས་གསུངས་པ་དང༌། སྣར་ཐང༌། ཅོ་ནེ། པེ་ཅིན། སྡེ་དགེ་བཅས་ཀྱི་བསྟན་འགྱུར་ནང་དུ་ཡོད་པའི་རྩ་ཚིག་ཏུའང་ཚིག་རྐང་གཉིས་པོ་འདི་གསལ་བར་འཁོད་འདུག་མོད། ཞ་ལུའི་འགྲེལ་པར་འདི་ཉིད་མི་འབྱུང་བའི་ཁུངས་དང་རྒྱུ་མཚན་བརྟག་དགོས༌། ཕྱི་འགྲེལ་ཁ་ཅིག་ཏུ། འདི་ཉིད་མི་འབྱུང་བ་ནི། ཐོན་མིས་སུམ་རྟགས་བྱིང་གཅིག་ལ་རྩོམ་པ་དང༌། སུམ་ཅུ་པར་ཤོ་ལོ་ཀ་སུམ་ཅུ་ཏག་ཏག་དགོས་པའི་ཨུ་ཚུགས་ཀྱིས་བྱས་པས། དབང་ཕྱུག་སྡེའི་ཚུལ་དྲུག་གི་ཁས་ལེན་དང་མཚུངས་པ་ཙམ་ལས་སྙིང་པོ་གང་ཡང་མ་མཐོང༌། རང་ཉིད་ཞི་བར་གཤེགས་རྗེས་རང་ཉིད་ཀྱི་སློབ་མས་ཞུས་དག་གནང་བའི་སྡེ་དགེ་བསྟན་འགྱུར་པར་ཡིག་ཏུ། ཚིགས་བཅད་ཕྱེད་ཀ་འདི་ཉིད་སྣོན་འཕྲི་གང་ཡང་མ་གནང་བར་རང་སོར་བཞག་འདུག་པ་འདིས་ཀྱང་འགྲེལ་ཆེན་གྱི་བཤད་པ་དེ་ཉིད་དམ་བཅའ་དང་ལྟ་གྲུབ་ཀྱི་བཟུང་མཚམས་ཙམ ལས་དོན་དངོས་དང་མཐུན་པའི་ཁུངས་གང་ཡང་བསྟན་རྒྱུ་མེད་པའི་དཔང་རྟགས་སུ་བྱས་མི་འདུག་གམ། དེས་ན། ད་ལྟར་མཇལ་རྒྱུ་ཡོད་པའི་བསྟན་འགྱུར་རིན་པོ་ཆེ་པར་མ་བཞི་ཀའི་ཐོག་མཆོད་བརྗོད་ཚིག་རྐང་འདི་གཉིས་གསལ་བ་འཁོད་འདུག་པས། འདི་ཉིད་གནའ་སྔ་མོ་ནས་ཡོད་པ་ཞིག་ལས་འགྲེལ་བྱེད་མཁས་པ་ལ་ལས་གསར་བཟོ་བྱས་པར་མི་སེམས་སོ།། འདིའི་མཆོད་བརྗོད་ཀྱི་ཤུགས་ལ་བརྩམ་པ་དམ་བཅའ་ཡང་བསྟན་ཏེ། མཆོད་པར་བརྗོད་སྐབས་ནས་བསྟན་བཅོས་འདི་འདྲ་ཞིག་རྩོམ་དགོས་སྙམ་པའི་ཀུན་སློང་སྔོན་དུ་བཏང་ནས་རྩོམ་པ་ཡིན་གྱི། གཞན་དུ་ན་བྱ་བ་ཁྱད་པར་ཅན་འདི་བྱའོ་སྙམ་པའི་དགོས་པ་དང་འབྲེལ་བ་གང་ཡང་མེད་པར་བསྟན་བཅོས་ཀྱི་མགོར་ཡུལ་ཁྱད་པར་ཅན་ལ་ཕྱག་བྱ་བ་ཡིན་ན་སྐྱེས་བུ་དམ་པ་དང་མཁས་པའི་ལུགས་ལས་འགོངས་པའི་ཕྱིར་མི་འཐད་དོ།། དབུ་མ་རྩ་བ་ཤེས་རབ་དང་དབུ་མ་ལ་འཇུག་པ། སོགས་འཕགས་ཡུལ་གྱི་གཞུང་ཆེན་པོ་དུ་མའི་དབུར་རྩོམ་པ་དམ་བཅའ་བའི་གཞུང་དངོས་སུ་མེད་ཀྱང༌། དེའི་མཆོད་བརྗོད་ཀྱི་ཤུགས་ལས་རྩོམ་པ་དམ་བཅའ་བ་གོ་དགོས་ཚུལ་ཊིཀ་བྱེད་ཕལ་པོ་ཆེ་ཁ་མཐུན་པས། འདི་ཡང་དེ་དག་དང་སྒོ་བསྟུན་རིགས་སོ།། དེ་ལས་སྤྲོས་པའི་དགོས་སོགས་ཆོས་བཞི་ཡང་གཞུང་གཞན་ལ་བརྟེན་ནས་སྦྱོར་ཚུལ་ཤེས་པར་མཛོད་ཅིག
སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས་བཤད་པ།
གཉིས་པ་སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས་བཤད་པ་ལ་བཞི། ཡི་གེ་སྤྱིའི་རྟགས་ཀྱི་འཇུག་པ་དང༌། བྱེ་བྲག་མིང་གཞིའི་རྟགས་ཀྱི་འཇུག་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ།།
མིང་གཞིའི་རྟགས་ཀྱི་འཇུག་པ་བཤད་པ།
དང་པོ་ཡི་གེ་སྤྱི་དང་བྱེ་བྲག་གི་རྟགས་ཀྱི་འཇུག་པ་གཉིས་མཉམ་དུ་བཤད་པ་ལ། རྩ་བར། ཕོ་ཡི་ཡི་གེ་འབའ་ཞིག་ལ།། སྡེ་པ་ཕྱེད་དང་བརྒྱད་གནས་པའང༌།། སྡེ་ཚན་ལྔ་རུ་དྲིལ་བྱས་ནས།། ཡི་གེ་སུམ་ཅུ་ཐམ་པ་ལ།། ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་བཞི་རུ།། སྡེ་པ་བཞི་པ་ཡན་ཆད་དབྱེ།། ལྷག་མ་བཅུ་བཞི་གནས་པ་ལ།། ཙ་སོགས་གསུམ་ནི་ཅ་སོགས་སྦྱར།། ཝ་ནི་བ་དང་སྦྱར་བར་བྱ།། ལྷག་མ་དྲུག་ནི་མོ་རུ་སྦྱར།། ར་ལ་ཧ་ནི་མོ་གཤམ་སྟེ།། མ་ནིང་མཚན་མེད་ཅེས་ཀྱང་བྱ།། ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་གཉིས་སུ་ངེས་ཏེ། གསལ་བྱེད་ཀ་སོགས་སུམ་ཅུ་པོ་དབྱངས་ཡིག་ལ་བལྟོས་ཏེ་སྒྲ་གདངས་དྲག་པོའི་སྒོ་ནས་འདོན་དགོས་པས་ཕོ་ཡི་ཡི་གེ་འབའ་ཞིག་ཡིན་ལ། ཞེས་པའི་ཤུགས་ཀྱིས་དབྱངས་ཡིག་བཞི་ཀ་སྒྲ་གདངས་ཞན་པའི་སྒོ་ནས་འདོན་པའི་མོ་ཡིག་ཏུ་གོ་ནུས་སོ།། དེས་ན་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་ལ་ཕོ་མོ་གཉིས་སུ་ངེས་པའི་དང་པོ་དངོས་བསྟན་གསལ་བྱེད་སུམ་ཅུ་ཕོ་དང༌། གཉིས་པ་ཤུགས་བསྟན་དབྱངས་ཡིག་བཞི་མོ་རུ་འཇོག་པ་ཡིན་ནོ།། ཕོ་ཡིག་དེ་དག་ཀྱང་གོང་དུ་སུམ་ཅུ་པའི་གཞུང་ནས་བཤད་པ་ལྟར་གྱི། ཀ་སྡེ། ཅ་སྡེ། ཏ་སྡེ། པ་སྡེ། ཙ་སྡེ། ཞ་སྡེ། ར་སྡེ། ཧ་སྡེ་སྟེ། གསལ་བྱེད་ཡིག་འབྲུ་བཞི་རེ་ལ་སྡེ་པ་རེ་བྱས་པའི་སྡེ་པ་ཕྱེད་དང་བརྒྱད་གནས་པའམ་ཡོད་པ་དེ་ལའང༌། ནང་གསེས་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་ཞིབ་མོའི་ལུགས་སུ་ཕྱེས་ན། ཕོ་དང༌། མ་ནིང༌། མོ། ཤིན་ཏུ་མོ། མོ་གཤམ་སྟེ། སྡེ་ཚན་ལྔ་རུ་དྲིལ་བར་བྱས་ནས། དབྱེ་གཞི་གསལ་བྱེད་ཡི་གེ་སུམ་ཅུ་ཐམ་པ་ལ། དབྱེ་བ་ཕོ་དང༌། མ་ནིང་དང༌། མོ་དང་ནི། ཤིན་ཏུ་མོ་དང་བཞི་བཞི་རུ་བྱས་ཏེ། སྡེ་པ་དང་པོ་ཀ་སྡེ་ནས་བཞི་པ་པ་སྡེ་ཡན་ཆད་དུ་རིམ་པ་བཞིན་སྦྱར་ནས་དབྱེ་བས། ཀ་ཅ་ཏ་པ་བཞི་ཕོ་དང༌། ཁ་ཆ་ཐ་ཕ་བཞི་མ་ནིང༌། ག་ཇ་ད་བ་བཞི་མོ། ང་ཉ་ན་མ་བཞི་ཤིན་ཏུ་མོ་ཡིན་ནོ། དབྱེ་གཞི་གསལ་བྱེད་སུམ་ཅུ་བཞི་བཞི་བཅུ་དྲུག་ལ་དབྱེ་བ་ཕྱེས་ཟིན་པའི་ལྷག་མ་གསལ་བྱེད་བཅུ་བཞི་གནས་པ་དེ་ལ། ཙ་དང་སོགས་ཁོངས་ནས་འབྱུང་བའི་ཚ་དང་ཛ་གསུམ་ནི། ཅ་དང་སོགས་ཁོངས་ནས་འབྱུང་བའི་ཆ་དང་ཇ་གསུམ་རིམ་པ་བཞིན་སྦྱར་བས། ཙ་ཕོ་དང༌། ཚ་མ་ནིང༌། ཛ་མོ་ཡིན་ལ། ཝ་ནི་བ་དང་སྦྱར་ཏེ་མོ་ཡིག་ཏུ་ཤེས་པར་བྱ་ཞིང༌། དེའི་ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོ་རུ་སྦྱར་བར་བྱའོ།། ར་ལ་ཧ་གསུམ་ནི་མོ་གཤམ་སྟེ། མིང་གཞན་མ་ནིང་མཚན་མེད་ཅེས་ཀྱང་བྱའོ།། ཨ་ཡིག་ནི་རྟགས་མེད་པའོ།། འོ་ན་ཙ་སོགས་གསུམ་ཀ་སོགས་སྡེ་པ་དང་པོ་དང་ཊ་སོགས་སྡེ་པ་འོག་མ་གང་ལའང་མི་སྦྱོར་བར་རྡོ་རྗེ་རྐེད་བཟུང་བྱས་ནས་ཅ་སོགས་སྦྱར་ཞེས་གསུངས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཀ་དང་ཊ་སོགས་སྡེ་པ་གོང་འོག་གཞན་དང་སྦྱོར་ནའང་སྒྲ་གདངས་དྲག་ཞན་གྱི་སྒོ་ནས་མི་འགྲིགས་པ་མེད་མོད། འོན་ཀྱང་འདི་ལྟར་སྦྱར་བ་ནི་ཐོན་མིས་ཙ་སོགས་ཡི་གེ་གསུམ་གསར་དུ་རྩོམ་པའི་གཟུགས་རིས་ཀྱི་དཔེ་བལྟ་ས་ཅ་སོགས་ཡིན་པས། དེ་དང་སྦྱར་བ་ཡིན་ནམ་སྙམ་སྟེ། ཡིག་གཟུགས་གང་ཞིག་གསར་དུ་རྩོམ་པའི་རྟགས་སུ་ཙ་ལག་རེ་བྲིས་འདུག་པ་ལས་གཞན་གཅིག་པ་མཐོང་པའི་ཕྱིར། རྒྱུ་མཚན་ཕྱི་མའི་སྒྲུབ་བྱེད་ཤེས་པར་འདོད་ན། དགེ་ཆོས་ཀྱི་གསེར་ཐང་དང༌། དེབ་དཀར་ལ་གཟིགས་ན་ཤིན་ཏུ་གསལ་བས་འདིར་བཟླས་ནས་མ་བྲིས་སོ།། གསལ་བྱེད་སུམ་ཅུ་པོ་གང་ལ་བརྟེན་ནས་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེ་བ་ཡིན་ཞེ་ན། ཀ་སོགས་ཕོ་ཡིག་རྣམས་སྒྲ་གདངས་དྲག་པོའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་ཕོ་ཡིག་དང༌། ཁ་སོགས་མ་ནིང་རྣམས་སྒྲ་གདངས་རན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་མ་ནིང༌། ག་སོགས་མོ་ཡིག་རྣམས་སྒྲ་གདངས་ཅུང་ཟད་ཞན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་མོ་ཙམ། ང་སོགས་ཤིན་ཏུ་མོ་རྣམས་སྒྲ་གདངས་ཤིན་ཏུ་ཞན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་ཤིན་ཏུ་མོ། ར་སོགས་མོ་གཤམ་རྣམས་སྒྲ་གདངས་ཆེས་ཤིན་ཏུ་ཞན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་མོ་གཤམ་ཞེས། སྒྲ་གདངས་ཀྱི་ཆ་ནས་འདྲ་བ་རྒྱུ་མཚན་དུ་བྱས་ནས་དེ་ལྟར་བཏགས་པ་སྟེ། འཇིག་རྟེན་ན་ཕོའམ་སྐྱེས་པ་རྣམས་ཀྱི་སྒྲ་གདངས་ནི་མ་བཅོས་རང་བཞིན་ལྷན་སྐྱེས་ཀྱིས་དྲག་པོ་ཡིན་ལ། མ་ནིང་རྣམས་རན་པ་དང༌། མོ་རྣམས་ཞན་པ་ཆོས་ཉིད་ཡིན་པས་སྒྲ་གདངས་ལ་ལྟོས་ནས་མིང་དེ་ལྟར་བཏགས་པ་ལས། དོན་དངོས་ཀ་སོགས་གསལ་བྱེད་རྣམས་ཕོ་མོ་གང་ཡང་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཞ་ལུ་ལོ་ཆེན་དང་རྣམ་གླིང་པཎ་ཆེན་གཉིས་ཀའི་འགྲེལ་པར། ཡི་གེ་སུམ་ཅུ་ཐམ་པ་ལ།། ཞེས་པའི་རྩ་ཚིག་འདི་མི་འབྱུང་ཞིང༌། དེའི་འོག་དེ་མ་ཐག་ཏུ། སྡེ་ཚན་ལྔ་རུ་དྲིལ་བྱས་ཏེ།། ཞེས་པ་དང༌། དེའི་གོང་གི་ཕོ་ཡི་ཡི་གེ་འབའ་ཞིག་ལའང༌།། ཞེས་འབྱུང་བའི་བར་གྱི་འབྲེལ་མཚམས་ལ་བསམ་ན་ཚིག་རྐང་གཅིག་པོ་འདི་མེད་ནའང་ཆོག་པ་འདྲ་ཞིག་སེམས་ལ། ཕྱིས་འགྲེལ་མུ་ཏིག་ཕྲེང་མཛེས་ལས་ཀྱང༌། ཞ་ལུ་དང་རྣམ་གླིང་གཉིས་ཀྱི་བཞེད་པ་དང་མཐུན་པར་ཚིགས་རྐང་གཅིག་པོ་འདི་ཉིད་མི་འབྱུང་བར་བྱས་འདུག འོན་ཀྱང་གསེར་ཏོག་སུམ་རྟགས་ཀྱི་དབུར་བཀོད་པའི་རྩ་ཚིག་ཏུ། ཡི་གེ་སུམ་ཅུ་ཐམ་པ་ལ།། ཕོ་མོ་མ་ནིང་གསུམ་དུ་དབྱེ།། ཞེས་བཀོད་སྣང་བར་མ་ཟད། དེའི་ཐད་ཀྱི་འགྲེལ་པ་ལས་ཀྱང༌། ཨ་བཅས་པ་དྲིལ་བའི་ཡི་གེ་སུམ་ཅུ་ཐམ་པ་ནི། སླར་ཡང་ཕོ་དང༌། མོ་དང༌། མ་ནིང་གི་རྟགས་ཅན་གསུམ་དུ་དབྱེ་དགོས་སོ། ཞེས་གསུངས་འདུག སྤྱིར་ཡི་གེ་ལ་རྟགས་ཀྱི་དབྱེ་བ་གཉིས་སུ་ཕྱེས་པའི་རྗེས། སླར་ཡང༌། རྟགས་ཀྱི་དབྱེ་བ་གསུམ་དུ་ཕྱེ་བ་དང༌། ལྔར་ཕྱེ་བ་གཉིས་ཀ་རྩ་བའི་དགོངས་པ་དང་མཁས་པའི་བཞེད་པ་ཡིན་པ་བསྙོན་དུ་མེད་དེ། ལྔར་དབྱེ་བ་ནི་གཞུང་ལས་དངོས་སུ་འབྱུང་ཞིང་གསུམ་དུ་དབྱེ་བ་ནི། འོག་ནས་རྗེས་འཇུག་གི་དབྱེ་གཞི་བཤད་པའི་སྐབས་ཤིན་ཏུ་མོ་བཞི་དང༌། མོ་གཤམ་གསུམ་མོའི་ཁོངས་སུ་བསྡུས་ནས་འཆད་པས་གསལ་བར་རྟོགས་པས་སོ།། བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་གྱིས་ཞུས་དག་གནང་བའི་སྣར་ཐང་བསྟན་འགྱུར་ནང་དུའང་གསེར་ཏོག་སུམ་རྟགས་ཀྱི་དབུར་བཀོད་པའི་རྩ་བ་དང་གཅིག་མཚུངས་ཀྱིས། ཡི་གེ་སུམ་ཅུ་ཐམ་པ་ལ།། ཕོ་མོ་མ་ནིང་གསུམ་དུ་དབྱེ།། ཞེས་པ་འདི་ཁྲ་ལྷམ་མེར་བཀོད་འདུག་པས། དེས་ན་ཅོ་ནེ་དང་གསེར་ཏོག་གི་རྩ་ཚིག་དང་འབྲུ་འགྲེལ་གཉིས་ཀའི་ནང༌། ཚིག་རྐང་འདི་གཉིས་བཀོད་པའི་ཁུངས་ཅིས་ཀྱང་སྣར་ཐང་བསྟན་འགྱུར་པར་མ་ལ་གཏུགས་པ་ངེས་སོ། མཁས་པ་ལ་ལས། འདི་གཉིས་ཐོན་མིའི་རང་གཞུང་མིན་པའི་རྒྱུ་མཚན་དུ་ཕུན་གླིང་པར་མའི་ཡིག་སྐྱོན་དུ་བགྲངས་ནའང༌། དེ་ནི་རང་ཉིད་ཀྱིས་སྣར་ཐང་པར་མའི་རྟགས་འཇུག་རྩ་བར་མ་གཟིགས་པའི་རྣམ་པ་གསལ་བྱེད་ཙམ་ལས། བསྒྲུབ་བྱ་སྒྲུབ་པའི་ཚུལ་གསུམ་གྱི་གཏན་ཚིགས་མིན་པ་ཡང་ཤེས་ནུས་མིན་བརྟག་པར་མཛོད་ཅིག ། མུ་ཏིག་ཕྲེང་མཛེས་ལས། ར་ལ་ཧ་ནི་མོ་གཤམ་སྟེ།། ཨ་ནི་མཚན་མེད་ཅེས་ཀྱང་བྱ།། ཞེས་རྩ་གཞུང་ཚིག་བསྒྱུར་མཛད་ཅིང༌། དེ་ལྟར་བསྒྱུར་པའི་རྒྱུ་མཚན་ཡང༌། གོང་དུ་ཕོ་ཡིག་གསལ་བྱེད་སུམ་ཅུ་པོ་སྡེ་ཚན་ལྔ་རུ་དྲིལ་བ་གསུངས་པ་དང༌། ཚིག་རྐང་ཐ་མས་ཨ་ཡིག་མི་བསྟན་ན། བསྡུ་བྱའམ་དྲིལ་བྱ་ཉེར་དགུ་ལས་མེད་པས་ཚིག་སྔ་ཕྱི་འགལ་བ་འགྱུར་ལ། དེས་ན་ཨ་ཡིག་དང་མ་ནིང་གཉིས་ཡིག་གཟུགས་འདྲ་ལ་ཁད་དུ་ཡོད་པས་སྔོན་གྱི་དཔེ་རྙིང་རྣམས་སུ་ཡིག་ནོར་སོང་བ་ལས། དོན་དུ་ཨ་ནི་ཞེས་བསྒྱུར་ན་ལེགས་ཚུལ་གསུངས། དམ་བཅའ་དེ་ཉིད་བརྟན་པོ་བྱེད་པའི་ཆེད། ཕྱོགས་སྔ་མའི་ཞེ་འདོད་སྔུན་བསུས་ཏེ། ཨ་ཡིག་སྡེ་ཚན་ལྔ་རུ་དྲིལ་མི་ཐུབ་པའི་སྐྱོན་མེད་དེ། ར་ལ་ཧ་གསུམ་མོ་གཤམ་དུ་བཤད་པས་ཨ་ཡིག་མོ་གཤམ་དུ་ཤུགས་ཀྱིས་གོ་ནུས་པའི་ཕྱིར། སྙམ་ནའང་མི་འཐད་དེ། ཡི་གེ་གཞན་རྣམས་ཞིབ་མོའི་ལུགས་ཀྱིས་དངོས་སུ་བསྟན་ཅིང༌། ཨ་ཡིག་གཅིག་པོ་ཤུགས་བསྟན་དུ་བཤད་ན་ཉན་པ་པོ་ཐེ་ཚོམ་བསྐྱེད་པ་སོགས་ཀྱི་སྐྱོན་ལས་དགོས་པ་གཞན་ཅི་ཡང་མེད་པའི་ཕྱིར། ཅེས་འཕུལ་བ་ཡང་བརྡ་སྤྲོད་རིག་པའི་གཞུང་ལ་ཞིབ་མོ་དཔྱད་པའི་ལུགས་སུ་སྣང་བས་ཆེས་ཡི་རང་བའི་གནས་སོ།། རྟོག་གེ་རིགས་པའི་ལམ་ནས་ཅུང་ཟད་བརྒལ་ན། སུམ་ཅུ་པའི་སྐབས་སླར་བསྡུའི་ཏོ་དང༌། ཨི་ལྡན་གྱི་ཡི་དང་ཡིས། རྒྱན་སྡུད་ཀྱི་ཡང༌། ལྷག་བཅས་ཀྱི་ཏེ། འབྱེད་སྡུད་ཀྱི་ཏམ་རྣམས་རེ་རེ་ནས་ཆོས་ཅན། ཤུགས་བསྟན་གྱི་ཚིག་ཕྲད་དུ་མི་འཐད་པར་ཐལ། ཚིག་ཕྲད་གཞན་རྣམས་ཞིབ་མོའི་ལུགས་ཀྱིས་དངོས་སུ་བསྟན་ཅིང༌། འདི་དག་གཅིག་པོ་ཤུགས་བསྟན་དུ་བཤད་ན། ཉན་པ་པོ་ཐེ་ཚོམ་སྐྱེད་པ་སོགས་ཀྱི་སྐྱོན་འབྱུང་བའི་རིགས་པ་མཚུངས་པའི་ཕྱིར། ལན་སྨོས་ཤིག ཡང༌། རྟགས་འཇུག་གི་དབུར་གསལ་བྱེད་སུམ་ཅུ་ཕོ་ཡིག་ཏུ་དངོས་སུ་བསྟན་ནས་དབྱངས་ཡིག་མོར་ཤུགས་ལ་བསྟན་པའང་མི་འཐད་པར་ཐལ། ཉན་པ་པོ་ལ་ཐེ་ཚོམ་སྐྱེད་པའི་ཉེས་པ་མཚུངས་པའི་ཕྱིར། ལན་ཇི་ལྟར་གདབ། དེས་ན་རྩ་ཚིག་གི་མ་ནིང་སི་ཏུས་ཨ་ཡིག་ཏུ་བཅོས་པའི་དཔེ་རྙིང་འདི་ཡིན་ཞེས་བསྟན་རྒྱུ་མེད་པ་དང་གཅིག སྔོན་གྱི་སུམ་རྟགས་འགྲེལ་བ་ད་ལྟར་ལྷག་མ་མཐོང་རྒྱུ་ཡོད་པ་ཀུན་མ་ནིང་ཞེས་པའི་ཚིག་འདི་ཁ་མཐུན་པ་དང་གཉིས། ད་ལྟར་དངོས་སུ་མཇལ་རྒྱུ་ཡོད་པའི་བསྟན་འགྱུར་སྣར་ཐང་དང༌། ཅོ་ནེ། པེ་ཅིན། སྡེ་དགེ་བཞི་ཀའི་པར་མ་ཀུན་གྱི་རྩ་ཚིག་ཏུ། མ་ནིང་མཚན་མེད་ཅེས་ཀྱང་བྱ།། ཞེས་གསལ་བར་འཁོད་འདུག་པ་དང་གསུམ་སྟེ། རྒྱུ་མཚན་འདི་གསུམ་ལ་བརྟེན་ནས་རྩ་ཚིག་ངོ་མ་དེ་གང་ལ་ཆ་འཇོག་བྱེད་འོས་པའང་ཁྲིད་རྒྱུན་ཙམ་ལ་ཞེན་ཆགས་མི་གནང་བ་གཟུ་བོར་གནས་པའི་བློས་བརྟགས་ན་ཤེས་ངེས་སྙམ། ད་དུང་མ་ནིང་ཨ་ཡིག་ཏུ་བཅོས་པའི་ཡིག་རྙིང་གི་ཁུངས་བསྟན་རྒྱུ་མེད་ཀྱང༌། སྡེ་པ་ཕྱེད་དང་བརྒྱད་ཀ་སྡེ་ཚན་ལྔ་རུ་དྲིལ་བར་ཨ་ཡིག་མི་གསལ་བའི་སྐྱོན་དང་གཅིག མ་ནིང་དང་ཨ་ཡིག་བྲིས་གཟུགས་ཕན་ཚུན་ཁ་ཐག་ཉེ་བས་འཁྲུལ་གཞི་སླེབས་སྲིད་པ་དང་གཉིས་པོ་རིགས་པའི་རྒྱུ་མཚན་དུ་བྱས་ནས་རྩ་བའི་འབྲུ་བཅོས་པ་ནི། མ་བརྟགས་པ་མིན་ཡང་བརྟགས་ཤིང་དཔྱད་པའི་ཁུངས་དང་དེའི་ལྗིད་ཚད་ཇི་ཙམ་ཞིག་འདུག་མིན་གཟིགས་པ་ཡང་གལ་ཆེ་སྟེ། ལར་ནས་རྩ་ཚིག་ལ་དོགས་གཞི་རེ་བཀོད་ན་མཁས་པའི་དཔྱད་གཞིར་ཕན་ངེས་ཀྱང༌། རྩ་བའི་འབྲུ་བཟོ་བཅོས་པ་ནི་དཔའ་ཐལ་ཆེས་དྲགས་པ་ཡིན་ནམ་སྙམ་སྟེ་མཁས་པ་དག་གིས་གཟུ་བོར་གནས་པའི་བློས་དཔྱོད་པར་མཛོད་ཅིག ། འོ་ན་གསལ་བྱེད་ཐ་མ་ཨ་ཡིག་ཉིད་ཕོ་མོ་མ་ནིང་གང་ཡིན་ཞེ་ན། སྔོན་གྱི་མཁས་གྲུབ་ཚོའི་བཞེད་པ་ལྟར་ན། གང་ཡང་མ་ཡིན་ཏེ། ཞ་ལུ་ལོ་ཆེན་གྱིས། ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ།། སུམ་ཅུ་པ་ལ་ཕྱོགས་ལྷུང་མེད།། ཅེས་དང༌། ལོ་ཆེན་ནམ་བཟང་གིས། ཨ་ཡིག་རྟགས་མེད་པའོ།། ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་སྔ་འགྲེལ་ཕལ་པོ་ཆེ་ལས་འདི་ལྟར་བཞེད་པ་སྣང་སྟེ། རྣམ་གླིང་པཎ་ཆེན་གྱི་རྟགས་འཇུག་ལས་ཀྱང༌། ཨ་ཡིག་ནི་རྟགས་མེད་པས་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་བཞག་པས། ཞེས་དང༌། དྲུང་ཡིག་འཇམ་དབྱངས་ཀྱི་དྲི་ཚིག་དཔྱིད་ཀྱི་ངལ་གསོའི་འབབ་སྟེགས་སུ། སྐབས་འདིར་གསལ་བྱེད་སུམ་ཅུ་པོ་རྣམས་ལ།། ཕོ་མོ་མ་ནིང་རྟགས་རྣམས་འབྱེད་པའི་ཚེ།། ཨ་ཡིག་རྟགས་མེད་ཅེས་དང་ཕོ་རྟགས་ཞེས།། འཁྱོགས་བརྗོད་སྤངས་པའི་དྲང་གཏམ་སྨྲ་བ་སུ།། ཞེས་པའི་ལན་དུ་རྣམ་གླིང་པཎ་ཆེན་གྱིས། ཐུ་མིས་ངལ་གསོ་སྤྱིར་བཏང་ཕོ་ཡིག་དང༌། དམིགས་བསལ་མཁས་པའི་དགའ་སྟོན་དང་མཐུན་པར་མོ་གཤམ་དུ་བཞེད་པ་ལྟར་འཐད་ནའང༌། གྲགས་ཆེ་བའི་དབང་གིས་སྤྱིར་བཏང་ཕོ་ཡིག་ཏུ་བཤད་པ་གཞུང་གིས་དངོས་བསྟན་དང༌། དམིགས་བསལ་རྟགས་མེད་དུ་བཤད་པ་ཤུགས་བསྟན་པའི་ཕྱིར། འདི་ཙམ་དངོས་འགལ་དུ་མི་འགྲོ་བས། དྲང་གཏམ་དེ་སྐད་དུ་སྨྲ་ལ། འདིས་མཚོན་ནས་སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་གཞན་ནས་མང་དུ་འབྱུང་བའི་ཕྱིར། འཁྱོག་བརྗོད་དུ་འགྱུར་བའི་དོགས་པ་མི་དགོས། ཞེས་ཨ་ཡིག་རྟགས་མེད་དུ་བཞེད་པ་སྐབས་དེར་གྲགས་ཆེ་ཚུལ་གསལ་བ་ལྟར་ལགས་སོ།། འོ་ན་ཨ་ཡིག་ཉིད་སྡེ་ཚན་ལྔ་པོ་གང་གི་ཁོངས་སུ་གཏོགས་པ་ཡིན་ཞེ་ན། བསྟན་དར་ལྷ་རམས་པས་ནི། ལྔ་ཀའི་ཁོངས་སུ་བསྡུས་པ་ཡིན་ཏེ། ཀུན་གྱི་སྲོག་ཏུ་ཞུགས་པའི་ཕྱིར། ཟེར། འོ་ན་ལྔ་པོ་གང་ཡིན་ཞེ་ན། གང་ཡང་མ་ཡིན་ཏེ། དཔེར་ན། མིའི་སྲོག་ཉིད་ཕོ་མོ་མ་ནིང་གང་གི་ངོ་བོར་མ་གྲུབ་ཀྱང༌། དེ་དག་གི་སྲོག་ཏུ་མ་ཞུགས་ན་ཕོ་མོ་སོགས་ཀྱི་ངོ་བོ་ཡང་འཇོག་མི་ནུས་པ་བཞིན་ནོ་གསུངས་ཏེ། འདི་ཉིད་བློ་ལ་ཅུང་ཟད་འཇུག་པ་བདེ་མོད། འོན་ཀྱང་མཁས་པ་གཞན་གྱི་དགག་གཞག་ལྟར་བོད་ཡིག་ལ་སྲོག་ཞུགས་ཀྱི་ཐ་སྙད་མི་འཐད་པས་ད་དུང་ཡང་དཔྱད་དགོས་པར་སེམས་སོ།། ད་ལྟར་མིག་གིས་མཇལ་དུ་ཡོད་པའི་སུམ་རྟགས་ཀྱི་འགྲེལ་བ་སྔ་ཤོས་འཇམ་མགོན་ས་སྐྱ་པཎྜི་b-ཆེན་པོས་མཛད་པའི་ཡི་གེའི་སྦྱོར་བའི་རྩ་བ་མཆན་སྦྲགས་མ་ལས། ར་ལ་ཧ་ནི་མོ་གཤམ་སྟེ།། མ་ནིང་མཚན་མེད་ཅེས་ཀྱང་བྱ།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། མིང་ཚིག་རབ་ཏུ་གསལ་བར་བྱེད།། ཁོང་ནས་འབྱུང་བ་སྐྱེ་མེད་པའོ།། ཞེས་ཨ་ཡིག་རྟགས་ཀྱི་དབྱེ་བ་ལྔ་པོ་གང་གི་ཁོངས་སུའང་མ་བཞག་པར་ཟུར་དུ་བཏོན་ཅིང༌། བཏོན་ལུགས་ཀྱང་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཡིན་པ་རྒྱུ་མཚན་དུ་བྱས་ནས་བཏོན་འདུག་ལ། དེ་ལྟར་ཡིན་པའང་འཇམ་དཔལ་གྱི་མཚན་ཡོངས་སུ་བརྗོད་པ་ལས། བརྗོད་པ་ཀུན་གྱི་རྒྱུ་ཡིན་ཞེས་འབྱུང་བ་དང༌། དེའི་རྒྱུ་མཚན་ཡང་མིང་ཚིག་རབ་ཏུ་གསལ་བར་བྱེད་པ་དང་ཁོང་ནས་འབྱུང་བ་སྐྱེ་བ་མེད་པ་བཀོད་ནས། ཨ་ཡིག་ཕྱོགས་ལྷུང་མེད་པ་གསལ་བར་བྱས་འདུག་པས་མཁས་པ་དག་ལ་བཀུར་མཁན་ཞིག་ཡིན་ན་རྒོལ་བ་ག་ལ་ནུས། ཤེས་བྱ་རིག་གནས་ལྔར་ཆགས་ཐོགས་མེད་པའི་འཇམ་མགོན་ས་པཎ་གྱིས་ཨ་ཡིག་མོ་གཤམ་ཡིན་པ་མ་མཁྱེན་པར་ཕྱིས་ཀྱི་མཁས་པ་ག་གེ་མོ་ཞིག་གིས་མཁྱེན་པའི་འགྲེལ་བརྗོད་མཛད་ན། ཁྲིད་རྒྱུན་ལ་དགའ་བའི་ཐོས་ཉུང་ཇོ་བཟང་འགའ་རེའི་ཐུགས་ལ་བབ་ན་ལས། དཔྱོད་པའི་སྒོ་ལ་འཇུག་པའི་བློ་གྲོས་ཀྱི་མཐུ་ཅུང་ཟད་ཡོད་མཁན་ཡན་ཆད་ཀྱིས་མགུ་བ་བསྐྱེད་པ་ཞིག་ནི་ཅིས་ཀྱང་མི་སེམས་སོ།། དེ་བས་ན་ས་པཎ་དང་བསྟན་དར་ལྷ་རམས་པའི་བཞེད་པ་དག་ལ་གཙིགས་ཆེ་འཛིན་ན་རྒྱུ་མཚན་ཆེ་བ་སེམས་སོ།། སི་ཏུས། སྡེ་ཚན་ལྔ་རུ་དྲིལ་བའི་ཆེད་དུ་ཨ་ཡིག་མོ་གཤམ་ཡིན་པར་མ་ཟད་མཚན་མེད་ཀྱང་ཡིན་པ་དང༌། མཚན་མེད་ཅེས་པ་དམན་པ་ལ་དགག་ཚིག་སྦྱར་ནས་མོ་གཤམ་ལས་སྒྲ་ཞན་པའི་ཆ་ནས་མཚན་མེད་དུ་འཇོག་པ་ལས། མ་ནིང་གི་མཚན་མེད་མིན་ཞེས་གསུངས་ཀྱང༌། སྐབས་འདིའི་ཕོ་མོ་མ་ནིང་གི་མིང་འདོགས་ཚུལ་ནི། རང་ཉིད་ཀོླག་པའི་སྐབས་སྒྲ་གདངས་དྲག་ཞན་ལ་བརྟེན་ནས་གསལ་བྱེད་ཡི་གེ་རྣམས་ལ་གང་ཟག་ཕོ་མོའི་མིང་གིས་བཏགས་པ་ནི་གཅིག་ཏུ་མཐུན་ཞིང༌། མཚན་མེད་ལ་མ་ནིང་ཡིན་དགོས་མིན་གཞུང་འདིའི་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའི་སྐབས་སུ་ཤེས་ནུས་མོད། ད་དུང་འདུལ་བའི་གཞུང་དང་སྨན་གཞུང་རྣམས་སུ་གཟིགས་དང༌། མཚན་མེད་ཀྱི་གོ་དོན་དངོས་དེ་ཐག་ཆད་འོངས་པས། དེ་དུས་ཨ་ཡིག་མཚན་མེད་དང་མོ་གཤམ་གྱི་གཞི་མཐུན་དུ་ཁས་བླངས་པ་རང་བཞིན་གྱིས་སོང་བས། བཤད་པ་འདིས་མཁས་པ་མགུ་བ་སྐྱེད་ནུས་མིན་ཡང་ཤེས་པར་འགྱུར་རོ།། སི་ཏུས་རྩ་ཚིག་ཏུ་མ་ནིང་ཨ་ཡིག་ཏུ་བཅོས་པ་དང༌། སྔོན་འཇུག་གི་དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་སྐབས། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་པར། མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་སུ་བཅོས་པ་དེ་རིགས། དེང་སང་ཀུན་གྱིས་མཇལ་དུ་ཡོད་པའི་བསྟན་འགྱུར་པར་མ་ཁག་ཀུན་དང་མི་མཐུན་ཅིང༌། རང་ཉིད་ཀྱི་ཁྲིད་རྒྱུན་འཛིན་མཁན་གསེར་ཏོག་པས་ཀྱང་འདིའི་ཐད་སྔོན་གྱི་མཁས་པའི་བཞེད་སྲོལ་རྩ་འཛིན་བྱས་ནས་འཆད་འདུག་པར་མ་ཟད། གཙོས་གསེར་ཁྲི་པ་སི་ཏུའི་རྗེས་སུ་འབྲངས་མཁན་ཡིན་ཡང་རྩ་ཚིག་བཟོ་བཅོས་འདི་རིགས་ལ་དམིགས་ཕུག་པའི་དགག་གཞག་གནང་འདུག་པ་ནི་གཟུ་བོར་གནས་པའི་རྟགས་རང་དུ་ངེས་སོ།། དེ་བས་ན་འགྲེལ་བྱེད་སྔ་མ་ཚོས་ཨ་ཡིག་རྟགས་མེད་དུ་འདོད་པ་ལ་སུན་འབྱིན་མི་འཚོལ་བར། རང་ཉིད་ཀྱིས་མཚན་མེད་དུ་འདོད་པ་དེ་ཉིད་རྟགས་མེད་པ་དང་གཅིག་མཚུངས་སུ་བཀྲལ་ན། མཁས་པ་སྔ་མ་ཚོའི་བཤད་པ་དང་མཐུན་ཚབ་ཆེ་བ་སྣང་ངོ༌། །གཞན་དུ་ཨ་ཡིག་མཚན་མེད་དུ་འདོད་བཞིན་དུ་རྟགས་མེད་ཁས་མི་ལེན་པ་དང༌། མཚན་མེད་འདོད་བཞིན་དུ་མོ་གཤམ་དུ་སྨྲ་བ་ནི། ཆོས་རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཁས་པའི་དགའ་སྟོན་དུ། ཨ་ཡིག་མོ་གཤམ་དུ་བཞེད་པའི་རྐྱེན་གྱིས། ཨ་ཡིག་ཕྱོགས་སུ་མ་ལྷུང་བར་སི་ཏུ་རང་ཉིད་ཕྱོགས་སུ་ལྷུང་སོང་བ་མ་ཡིན་ནམ་སྙམ་དུའང་དོགས་སོ།། ཆེས་ཡ་མཚན་དགོས་པ་ཞིག་ལ། སི་ཏུའི་འགྲེལ་ཆེན་དུ། ཡང་འགའ་ཞིག་ཏུ། ར་ལ་ཧ་ཨ་མོ་གཤམ་སྟེ།། ཞེས་དག་པར་འདོན་པའི་ཁུལ་བྱེད་པ་ནི་མ་བརྟགས་པ་ཉིད་དོ།། ཞེས་གསལ་བར་འབྱུང་བཞིན་དུ། དངུལ་ཆུ་དྷརྨ་བྷ་དྲའི་སི་ཏུའི་ཞལ་ལུང་དང༌། དེའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དཀའ་གནད་གསལ་བའི་མེ་ལོང་གཉིས་སུ། ར་ལ་ཧ་ཨ་མོ་གཤམ་སྟེ། ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། ། ཞེས་ཚིག་ཐག་ཆོད་པོའི་སྒོ་ནས་བཀོད་པ་ནི། རིགས་པས་གནོད་པ་མཐོང་བཞིན་དུ་རང་ཉིད་གང་གི་རྗེས་སུ་འབྲང་སའི་གཞུང་ལ་ཇི་མི་སྙམ་པའི་ལྡོག་ཕྱོགས་བཟུང་བ་ཙམ་སྟེ། རྣམ་པ་གཅིག་ཏུ་ན་རྣམ་གླིང་པཎ་ཆེན་གྱི་རྟགས་འགྲེལ་ལས། དམིགས་བསལ་མཁས་པའི་དགའ་སྟོན་དང་མཐུན་པར་མོ་གཤམ་དུ་བཞེད་པ་ལྟར་འཐད་ནའང༌། ཞེས་འབྱུང་བས་མཁས་པའི་དགའ་སྟོན་གྱི་རྗེས་སུ་འབྲངས་ནས་ཨ་ཡིག་མོ་གཤམ་དུ་འདོད་པའང་ཡིན་སྲིད་དེ། གང་ལྟར་ཡང༌། འདིར་རིགས་པས་ཅུང་ཟད་རྒོལ་ན། གསལ་བྱེད་ཀྱི་ཨ་ཡིག་ཆོས་ཅན། མོ་གཤམ་མ་ཡིན་པར་ཐལ། མ་ནིང་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་མ་གྲུབ་ན་མོ་གཤམ་དང་མ་ནིང་གི་གཞི་མཐུན་ཡོད་པར་ཐལ་ལོ།། ཡང་གསལ་བྱེད་སུམ་ཅུ་སྡེ་པ་ལྔ་རུ་ཕྱེས་པའི་མ་ནིང་ལ་ལྔ་ལས་ལྷག་པ་ཡོད་པར་ཐལ། ཨ་ཡིག་མ་ནིང་ཡིན་པའི་ཕྱིར་ཏེ། མཚན་མེད་མ་ནིང་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་འདུལ་བ་དང་སྨན་གཞུང་ལ་གཟིགས་ཤིག །རིགས་པ་འདིས་ཨ་ཡིག་མོ་གཤམ་དང་མཚན་མེད་འདོད་མཁན་གྱི་འགྲེལ་བརྗོད་ཀུན་རྩམ་ཕུང་རླུང་གིས་བདས་པ་ལྟར་གྱུར་མིན་རིགས་པའི་འགྲོས་ཡོད་ན་མཁྱེན་ངེས། གོང་གསལ་མིང་གཞིའི་རྟགས་ཀྱི་དབྱེ་བ་ལྔ་བོ་དེ་ཉིད་ཕོ་དང་མ་ནིང་རང་སོར་ཐོག མོ་ཡིག་བཅུ་གཉིས་དང་ཤིན་ཏུ་མོ་བཞི་མོ་གཤམ་གསུམ་སྟེ་བསྡོམས་པས་བཅུ་དགུ་པོ་དེ་དག་མོ་ཡི་ཁོངས་སུ་བསྡུས་ནས། རྟགས་ཀྱི་དབྱེ་བ་གསུམ་དུ་ཕྱེ་རུང་བ་ཡང༌། འོག་ནས་སྔོན་འཇུག་གི་གང་ལ་འཇུག་པ་བཤད་པའི་སྐབས་སུ་དཔོག་ནུས་ལ། འདིར་ཡང་ཤེས་པ་གལ་ཆེ་བ་སེམས་སོ།། སྔོན་བྱོན་མཁས་རྒུའི་མཁྱེན་རབ་གནམ་གྱི་མཐོངས།། མཛེས་པར་བཀྲ་བ་ལེགས་བཤད་སྣ་ལྔའི་འཇའ།། གཅིག་ཏུ་ཟླུམ་པོར་འཁྱིལ་བ་མིག་གི་ལམ།། འཆར་ཚེ་སྤྲོ་བ་མི་བཏེགས་ཤེས་ལྡན་སུ།། རླུང་གི་རྒྱལ་མཚན་མཐོན་པོའི་གུར་གྱི་སྒོར།། གལ་ཏེ་དཔྱོད་པའི་རླུང་གིས་བདས་དྲགས་ན།། འཛིན་མེད་སྟོང་སང་མཁའ་ལ་ཡལ་དོགས་ནས།། རིགས་པའི་འཕུལ་མཚམས་འདི་ན་ཁད་ཀྱིས་བཞག། ཕྱོགས་སྔར་སྡང་བས་སྔུན་དུ་བསུ་བ་དང༌།། ཁྲིད་རྒྱུན་ཞེན་པས་རང་ལུགས་འཛིན་པ་གཉིས།། དཔྱོད་ལྡན་མཁས་པས་སྐྱོང་བའི་རྣམ་ཐར་མིན།། དེ་ཕྱིར་གཟུ་བོར་གནས་པའི་བློ་གྲོས་རྨད།། མཁས་པའི་གསུང་ལ་བརྟག་ཅིང་དཔྱད་པའི་ཆེད།། སྒྲུབ་དང་སུན་འབྱིན་ལམ་ནས་རྒོལ་བ་ཡང༌།། སྒྲུབ་པའི་མཆོད་པ་ཉིད་དུ་འགྱུར་སྙམ་ལས།། ནོངས་པས་ཉེས་ཞེས་མཁས་པ་སུ་ཡིས་བཤུང༌།། ཕྲ་རགས་སྒྲ་ཡི་དབྱེ་བ་འབྱེད་པའི་འཕྲུལ།། ཚངས་ཆེན་དབྱངས་ལ་མཆོད་སྦྱིན་བརྒྱ་པས་བཞིན།། མ་འདྲེས་རྣམ་པར་གསལ་བའི་གྲེ་འགྱུར་རྩལ།། གལ་ཏེ་མཆིས་ཚེ་འདི་ན་གཟིགས་མོ་མཛོད།། དེ་ལྟར་ན་ཡི་གེ་སྤྱི་དང་བྱེ་བྲག་མིང་གཞིའི་རྟགས་ཀྱི་འཇུག་པའི་རྣམ་གཞག་བཤད་ཟིན་ཏོ།། །།
གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྟགས་ཀྱི་དབྱེ་བ་དང༌། རྟགས་ཀྱི་འཇུག་ཚུལ་བཤད་པའོ།།
སྔོན་འཇུག་གི་རྟགས་ཀྱི་དབྱེ་གཞི་དང་དབྱེ་བ། དང་པོ་ལ་གཉིས། རྟགས་ཀྱི་དབྱེ་གཞི་དང༌། རྟགས་ཀྱི་དབྱེ་བ་དངོས་སོ།། དང་པོ་རྟགས་ཀྱི་དབྱེ་གཞི་བསྟན་པ་ལ། རྩ་བར། མོ་ཡི་ཡི་གེའི་ནང་ནས་ནི།། འཇུག་པའི་ཡི་གེ་བཅུ་དབྱུང་བྱ།། འཇུག་པ་བཅུ་ཡི་ནང་ནས་ནི།། སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།། གསལ་བྱེད་ཀྱི་ཤིན་ཏུ་མོ་དང་མོ་གཤམ་གཉིས་མོ་ཡི་ཁོངས་སུ་བསྡུས་ཏེ་གསལ་བྱེད་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེས་པའི་མོ་ཡི་ཡི་གེ་བཅུ་དགུ་ཡོད་པའི་ནང་ནས་ནི། རྗེས་སུ་འཇུག་པའི་ཡི་གེ ག་ང་ད་ན་བ་མ་འ་ར་ལ་ས་བཅུ་དབྱུང་བར་བྱ་ལ། རྗེས་སུ་འཇུག་པའི་ཡི་གེ་བཅུ་ཡི་ནང་ནས་ནི། སྔོན་དུ་འཇུག་པའི་ཡི་གེ་ག་ད་བ་མ་འ་ལྔ་དབྱུང་བར་བྱའོ།། ཞེས་པའོ།། གཉིས་པ་རྟགས་ཀྱི་དབྱེ་བ་དངོས་ནི། རྩ་བར། སྔོན་འཇུག་ཡི་གེ་ལྔ་པོ་ལ།། ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་རུ་དབྱེ།། རྟགས་ཀྱི་དབྱེ་གཞི་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་སྟེ་ལྔ་པོ་དེ་དག་ལ། ཕོ་དང༌། མ་ནིང་དང༌། མོ་དང་ནི། ཤིན་ཏུ་མོ་དང་བཞི་རུ་དབྱེ་བས། བ་ཕོ་དང༌། ག་ད་གཉིས་མ་ནིང༌། འ་མོ། མ་ཤིན་ཏུ་མོ་རུ་ཤེས་པར་བྱའོ།། འོ་ན་རྩ་བར་སྔོན་འཇུག་ལྔ་ལ་རྟགས་ཀྱི་དབྱེ་བ་བཞི་རུ་ཕྱེ་བའི་གྲངས་ཙམ་ལས། སྔོན་འཇུག་གང་དང་གང་ཞིག་ཕོ་མོ་དང་གང་དང་གང་ཞིག་མ་ནིང་དང་ཤིན་ཏུ་མོ་ཡིན་པའི་གསལ་ཁ་བསྟན་པའི་གཞུང་མེད་པས། བ་ཕོ་དང༌། ག་ད་གཉིས་མ་ནིང༌། འ་མོ། མ་ཤིན་ཏུ་མོ་ཡིན་པའི་ངོས་འཛིན་ཇི་ལྟར་བྱས་ནས་དཔག་པར་ནུས་སམ་ཞེ་ན། དེ་ནི་འོག་ནས་འབྱུང་བའི་སྔོན་འཇུག་གང་ལ་འཇུག་པ་བཤད་པའི་སྐབས། ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་སོགས་དང༌། དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་སྐབས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་སོགས་ཀྱི་གཞུང་དང༌། མདོ་རྒྱུད་གསུང་རབ་རྣམས་སུ་བ་ཡིག་མིང་གཞི་གང་ལ་འཇུག་པ་དང༌། དུས་དང་དངོས་པོ་གང་ལ་འཇུག་པ་མང་བ་སོགས་ལ་དཔག་ན་ཤིན་ཏུ་གསལ་བར་ངེས་སོ།།
སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ། གཉིས་པ་རྟགས་ཀྱི་འཇུག་ཚུལ་བཤད་པ་ལ། རྩ་བར། དེ་དག་རེ་རེའང་བཞི་བྱེད་དེ།། གང་གིས་འཇུག་བྱེད་གང་ལ་འཇུག། ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག། སྔོན་འཇུག་ལྔ་པོ་དེ་དག་རེ་རེའང་དབྱེ་བ་བཞི་བྱེད་དེ། བཞི་པོ་གང་ཞེ་ན། སྔོན་འཇུག་གང་གིས་འཇུག་པར་བྱེད་པ་དང༌། མིང་གཞི་གང་ལ་འཇུག་པ། སྔོན་འཇུག་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་ལ་སྒྲ་གདངས་དྲག་ཞན་ཇི་ལྟ་བུའི་སྒོ་ནས་འཇུག་པར་བྱེད་པ། བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཅི་ཞིག་སྟོན་པའི་ཕྱིར་དུ་འཇུག་པའོ།།
སྔོན་འཇུག་གང་གིས་གང་ལ་འཇུག་པ་བཤད་པ། དང་པོ་གང་གིས་འཇུག་པ་དང་གང་ལ་འཇུག་པ་གཉིས་མཉམ་དུ་འཆད་པ་ལ་གཉིས། གང་གིས་གང་ལ་འཇུག་པ་དངོས་དང༌། ཞར་ལ་མི་འཇུག་པ་བཤད་པའོ།། རྩ་བར། གང་ལ་འཇུག་པར་བྱེད་ཅེ་ན།། ཕོ་ནི་ཕོ་དང་མོ་ལ་འཇུག། མོ་ནི་མོ་དང་མ་ནིང་ལ།། ཤིན་ཏུ་མོ་ནི་མ་ནིང་དང༌།། མོ་དང་ཤིན་ཏུ་མོ་ཉིད་ལའོ།། གང་གིས་འཇུག་བྱེད་སྔོན་འཇུག་ལྔ་པོ་དེ་དག་གིས་གང་ལ་འཇུག་བྱའི་མིང་གཞི་གསལ་བྱེད་སུམ་ཅུ་པོ་དེ་དག་ལས་གང་དང་གང་ལ་འཇུག་བྱེད་ཅེ་ན། ཞེས་དྲི་བས་མཚམས་ནས། ལན་གྱིས་བསྙད་པ་ལ། སྤྱིར་སྔོན་འཇུག་ལྔ་པོ་དེ་དག་མིང་གཞི་གསལ་བྱེད་སུམ་ཅུ་ལས། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ། ཞ་ཟ་ཡ། ར་ཤ་ས། བཅས་ཉེར་ལྔའི་སྔོན་དུ་འཇུག་ཅིང༌། བྱེ་བྲག་སྔོན་འཇུག་རེ་རེ་བཞིན་མིང་གཞི་གང་དང་གང་ལ་འཇུག་གམ་ཞེ་ན། སྔོན་འཇུག་གི་ཕོ་ཡིག་བ་ནི། མིང་གཞི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང༌། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་བཅུ་གཉིས་བསྡོམས་པས་མིང་གཞི་བཅུ་དྲུག་ལ་འཇུག སྔོན་འཇུག་གི་མོ་ཡིག་འ་ནི་མིང་གཞི་མོ་ཡིག་ག་ཇ་ད་བ་ཛ་ལྔ་དང༌། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་བཅས་བསྡོམས་པས་བཅུ་ལ་འཇུག སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞི་མ་ནིང་ཁ་ཆ་ཐ་ཚ་བཞི་དང༌། མོ་ཡིག་ག་ཇ་ད་ཛ་བཞི་དང༌། ཤིན་ཏུ་མོ་ང་ཉ་ན་སྟེ་བསྡོམས་པས་བཅུ་གཅིག་ཉིད་ལ་འཇུག་པའོ།། རྟགས་འགྲེས་རབ་གསལ་སྣང་བ་ལས། བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས།། དེ་ཡང་མིང་གཞི་ང་ཉ་ན།། ཇ་དང་ཛ་བཅས་ལྔ་པོ་ལ།། ར་མགོ་བྱུང་ཚེ་ལྔ་ཀ་དང༌། ས་མགོ་བྱུང་ཚེ་ང་ཉ་ན།། གསུམ་པོ་ཁོ་ནའི་སྔོན་དུ་འབྱུང༌།། ལ་མགོ་ལྡན་ལ་བས་འཕུལ་སྤོངས།། ཞེས་གསུངས་པ་ལྟར། མགོ་ཅན་གྱི་སྔོན་འཇུག་ཡིན་ན་བ་ཡིག་ཡིན་པས་ཁྱབ། དེ་ཡང་མགོ་ཅན་ཡོད་ན་བ་སྔོན་འཇུག་ཐོབ། མེད་ན་མི་ཐོབ་པའི་མིང་གཞི་ལྔ་སྟེ། ང་ཇ་ཉ་ན་ཛ་རྣམས་སོ།། དེ་དག་ལ་ར་མགོ་སྦྱར་ན། བརྔ། བརྗ། བརྙ། བརྣ། བརྫ། ལྟ་བུ་ལྔ་ཀ་ལ་བ་ཡིག་སྔོན་འཇུག་ཐོབ། ས་མགོ་བྱུང་ཚེ། བསྔ། བསྙ། བསྣ། ལྟ་བུ་གསུམ་ལ་ཐོབ། ལ་མགོ་བྱུང་ཚེ་ལྔ་ཀ་ལ་བ་སྔོན་འཇུག་མི་ཐོབ་ཅེས་པ་འདིའོ།། ཁ་ཅིག ལ་མགོ་ལྡན་ལ་བས་འཕུལ་སྤོངས།། ཞེས་པའི་ཚིག་རིས་ཙམ་ལས་གོ་དོན་མི་ཤེས་པར། བལྟ་དང་བལྡ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཟེར་བ་ནི་ལ་མགོ་ལྡན་ལ་བས་འཕུལ་སྤང་སའི་ཁྱད་གཞིའི་མིང་གཞི་གང་དང་གང་ཞིག་ཡིན་པ་མི་ཤེས་པའི་བབ་ཅོལ་གསལ་བྱེད་ཙམ་མོ།། ཡང་འདོགས་ཅན་ཡོད་ན་བ་སྔོན་འཇུག་ཐོབ། མེད་ན་མི་ཐོབ་པ་གཅིག་ཁོ་ན་སྟེ་ར་ཡིག་གོ། དཔེར་ན། བརླ་དང་བརླགས་ལྟ་བུ་སྟེ་ཤེས་སླའོ།། དེས་སྔོན་འཇུག་བ་ཡིག་མིང་གཞི་རྐྱང་པ་བཅུ། མགོ་ཅན་ལྔ༌། འདོགས་ཅན་གཅིག་སྟེ་བསྡོམས་པས་བཅུ་དྲུག་ལ་འཇུག་ཚུལ་ཡང་ཤེས་དགོས་སོ།། འདིར་སྔོན་འཇུག་རྣམས་གང་ལ་འཇུག་པ་བཤད་པ་ནི། དཔའ་བོ་གཡུལ་དུ་འཇུག་པའི་མཚོན་ཆ་དང༌། འབྱོར་ལྡན་ཚོང་ལ་འགྲིམས་པའི་མ་ཟོག་ལྟར་ཅི་བས་ཀྱང་གལ་ཆེ་བས། ཅུང་ཟད་ཁ་གསལ་བའི་ལུགས་སུ་བྱས་ནས་འཆད་ན། དང་པོ་སྔོན་འཇུག་བ་ཡིག་མིང་གཞི་རྐྱང་པའི་དབང་དུ་བྱས་ན། ཀ་ཅ་ཏ་ཙ་ད་ཞ་ཟ་ར་ལ་ཤ་ས། བཅས་བཅུ་ལ་འཇུག འདོགས་ཅན་གྱི་དབང་དུ་བྱས་ན། བཀྱ་བགྱ་བཀྲ་བགྲ་བཀླ་བཟླ་བརླ་བསླ་བཅས་ཡ་བཏགས་གཉིས་དང༌། ར་བཏགས་གཉིས། ལ་བཏགས་བཞི་བསྡོམས་པས་བརྒྱད་དོ།། སྔོན་འཇུག་ག་ཡིག་རྐྱང་འཕུལ་ཁོ་ན་ལ་འཇུག་པ། ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས། བཅུ་གཅིག་ཁོ་ན་ལ་འཇུག སྔོན་འཇུག་ད་ཡིག་རྐྱང་འཕུལ། ཀ་ག་ང་པ་བ་མ། དྲུག་ལ་འཇུག འདོགས་ཅན། དཀྱ་དགྱ་དཔྱ་དབྱ་དམྱ་དཀྲ་དགྲ་དཔྲ་དབྲ། དགུ་ལ་འཇུག སྔོན་འཇུག་འ་ཡིག་རྐྱང་འཕུལ། ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ། བཅུ་ལ་འཇུག འདོགས་ཅན། འཁྱ་འགྱ་འཕྱ་འབྱ། འཁྲ་འགྲ་འདྲ་འཕྲ་འབྲ། དགུ་ལ་འཇུག སྔོན་འཇུག་མ་ཡིག་རྐྱང་འཕུལ། ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ། བཅུ་གཅིག་ལ་འཇུག འདོགས་ཅན། མཁྱ་མགྱ་མཁྲ་མགྲ བཞི་ལ་འཇུག བརྩེགས་འཕུལ་བ་ཡིག་ཁོ་ན་ངེས་པའང་གོང་དུ་བཤད་པ་ལྟར་ངེས་དགོས། མགོ་ཅན་གྱི་དབང་དུ་བྱས་ན། བརྐ་བརྒ་བརྔ་བརྗ་བརྙ་བརྟ་བརྡ་བརྣ་བརྩ་བརྫ། བཅས་ར་མགོ་ཅན་བཅུ། བལྟ་བལྡ། བཅས་ལ་མགོ་ཅན་གཉིས། ས་མགོ་ཅན། བསྐ་བསྒ་བསྔ་བསྙ་བསྟ་བསྡ་བསྣ་བསྩ། བརྒྱད། སུམ་བརྩེགས་ཅན། བརྐྱ་བརྒྱ་བསྐྱ་བསྒྱ་བསྐྲ་བསྒྲ་བཅས་དྲུག་སྟེ། བསྡོམས་པས་བརྩེགས་འཕུལ་ཉི་ཤུ་རྩ་དྲུག་ཡོད། མཁས་པ་ལ་ལས། འདོགས་ལ་བརྩེགས་པའི་ཐ་སྙད་མེད།། ཅེས་འདོགས་ཅན་ལ་བརྩེགས་པའི་ཐ་སྙད་མི་སྦྱར་བར་བརྩེགས་པ་ལ་མགོ་ཅན་ཁོ་ནར་ངེས་བཟུང་ནས། འདོགས་ཅན་ལ་སྔོན་འཇུག་སྦྱར་ཚེ་རྐྱང་འཕུལ་གྱི་གྲས་སུ་བརྩི་བར་སི་ཏུས། དུས་ཕྱིས་གངས་ཅན་དུ་བརྡ་དག་གི་སྲོལ་བཏོད་པ་པོ་རྣམས་མགྲིན་གཅིག་ཏུ་ཡ་ར་ལ་གསུམ་གྱི་འདོགས་དང་འབྲེལ་བའི་ཀ་ལ་སོགས་པའི་མིང་གཞིའི་ཡི་གེ་གཉིས་འབྲེལ་ཅན་རྣམས་འཕུལ་བྱེད་གང་གིས་འཕུལ་ཀྱང་རྐྱང་འཕུལ་དུ་བཞེད་སྣང་ཡང༌། ཞིབ་མོར་དཔྱད་ན་དེ་ལྟར་འཐད་པ་མ་ཡིན་ཏེ། སྐབས་འདིར་རྐྱང་པའི་གོ་དོན་སྔོན་འཇུག་གི་འཇུག་ཡུལ་དུ་རྗེས་འཇུག་མི་རྩི་བས་མིང་གཞིའི་ཡི་གེ་རེ་རེ་ཡིན་པ་རྐྱང་པ་དང༌། གཉིས་གསུམ་སྦྲེལ་བ་ཡིན་ན་བརྩེགས་མའི་ཐ་སྙད་དུ་འཇུག་ཅིང༌། འདོགས་ཅན་ཞེས་ཐ་སྙད་ཟུར་དུ་བྱེད་པའང་བརྩེགས་མའི་བྱེ་བྲག་ཉིད་ཡིན་པའི་ཕྱིར། བཀྱེ། བསྲན། བཟླས། བརླན་སོགས་མིང་གཞི་ཉིས་འབྲེལ་ཅན་རྣམས་ལ་རྐྱང་པའི་སྒྲས་བརྗོད་ཚེ་ཐ་སྙད་ལ་རྨོངས་པའི་ངག་ཏུ་འགྱུར། ཞེས་སྐྱོན་འཕངས་མཛད་པ་ནི་དོན་ལ་གནས་པ་ཉིད་དུ་གོ། གལ་ཏེ་སྔོན་གྱི་མཁས་པའི་གསུང་སྒྲོས་མི་ཉམས་པར་བྱ་འདོད་ནས་བརྩེགས་པའི་ཐ་སྙད་མི་སྦྱོར་ནའང༌། དེ་དག་ལ་སྔོན་འཇུག་ཐོབ་ཚེ་རྐྱང་འཕུལ་ལས་འདོགས་འཕུལ་ལྟ་བུའི་ཐ་སྙད་སྦྱར་ན་འཁྲུལ་གཞི་མི་འབྱུང་བའི་ཁྱད་པར་ཡོད་པར་སེམས་སོ།།
ཞར་ལ་མི་འཇུག་པ་བཤད་པ། གཉིས་པ། ཞར་ལ་མི་འཇུག་པ་བཤད་པ་ལ། རྩ་བར། མི་འཇུག་པ་ནི་འདི་ལྟར་ཏེ།། ཕོ་ནི་མ་ནིང་ལ་མི་འཇུག། མོ་ནི་ཕོ་ལ་འཇུག་མི་འགྱུར།། མ་ནིང་རང་ལ་རང་མི་འཇུག། རང་གི་སྡེ་དང་ཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། དེ་ལྟར་གང་ལ་འཇུག་པ་བཤད་ནས་དེའི་མཐའ་གཅོད་པའི་ཕྱིར། སྔོན་འཇུག་མིང་གཞི་ལ་མི་འཇུག་པ་གང་དང་གང་ཡོད་ཅེ་ན། དེ་ནི་འདི་ལྟ་སྟེ། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞི་མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་ལ་མི་འཇུག སྔོན་འཇུག་གི་མོ་ཡིག་འ་ནི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་ལ་འཇུག་པར་མི་འགྱུར་ཞིང༌། མིང་གཞི་མ་ནིང་རང་སྡེ་ཁ་ཆ་ཐ་ཕ་ཚ་ལྔ་ཀ་ལ་སྔོན་འཇུག་གི་མ་ནིང་རང་ཉིད་མི་འཇུག དེ་རྣམས་སྤྱིའི་མི་འཇུག་པ་ཡིན་ལ། བྱེ་བྲག་དམིགས་ཀྱིས་བཀར་ན། སྔོན་འཇུག་ལྔ་པོ་རང་གི་སྡེ་པའི་མིང་གཞི་དང་ཕྲད་པར་གྱུར་ན། སྔོན་འཇུག་གི་ཕོ་ཡིག་བ་མིང་གཞི་ཕོ་ཡིག་ལ་མི་འཇུག་པ་མ་ཟད་མོ་ལའང་འཇུག་པ་མི་འགྱུར་རོ།། མ་ནིང༌། མོ་དང༌། ཤིན་ཏུ་མོ་ཡང་དེ་བཞིན་དུ་རང་གི་སྡེ་པ་དང་ཕྲད་ན་འཇུག་པ་མ་ཡིན་ནོ།། འདིར་རྩ་བའི་ས་བཅད་བཀྲམ་པའི་སྐབས་གང་ལ་འཇུག་པ་བསྟན་ནས་དེའི་ཞར་ལ་མི་འཇུག་པ་སྟོན་པའི་རྒྱུ་མཚན་ནི། ཞ་རྣམ་ཟུང་གི་འགྲེལ་བཤད་དུ། གང་ལ་འཇུག་པ་བཤད་ནས་དེའི་མཐའ་གཅོད་པའི་ཕྱིར་མི་འཇུག་པ་གཤད་ཚུལ་གསུངས་པ་ལྟར། གང་ལ་མི་འཇུག་པ་ཤེས་ན་དེའི་ཤུགས་ཀྱིས་གང་ལ་འཇུག་པ་གསལ་བར་ངེས་པ་ལ་དགོངས་ཤིང༌། དེ་ཡང་སྔོན་འཇུག་ཕོ་དང་མ་ནིང་གཉིས་མིང་གཞི་མ་ནིང་ལ་མི་འཇུག་པ་དང༌། སྔོན་འཇུག་མོ་དང་ཤིན་ཏུ་མོ་གཉིས་མིང་གཞི་ཕོ་ལ་མི་འཇུག་པ། རང་གི་སྡེ་པ་ལ་རང་ཉིད་མི་འཇུག་པ་བཅས་ནི་ཁྱབ་མཐའ་ངེས་པའི་མི་འཇུག་པ་ཡིན། སྔོན་འཇུག་ཕོ་དང་མ་ནིང་གཉིས་མིང་གཞི་ཕོ་མོ་གཉིས་ལ་འཇུག་པ་བཤད་པ་ནི། མིང་གཞི་ཕོ་དང་མོའི་ནང་ཚན་འཇུག་པ་ཡོད་པ་ཙམ་ལས་མིང་གཞི་ཕོ་མོ་མཐའ་དག་ལ་འཇུག་པས་ཁྱབ་པ་བསྟན་པ་མིན་ནོ།། དེས་སྔོན་འཇུག་གི་མོ་དང་ཤིན་ཏུ་མོ་ལའང་རིགས་འགྲེ་ནས་ཤེས་དགོས། གཞི་ལ་བཀར་ན། སྔོན་འཇུག་བ་ཡིག་མིང་གཞི་བཅུ་དྲུག་ལ་འཇུག བཅུ་བཞི་ལ་མི་འཇུག ག་ཡིག་མིང་གཞི་བཅུ་གཅིག་ལ་འཇུག བཅུ་དགུ་ལ་མི་འཇུག ད་ཡིག་མིང་གཞི་དྲུག་ལ་འཇུག ཉེར་བཞི་ལ་མི་འཇུག འ་ཡིག་བཅུ་ལ་འཇུག ཉི་ཤུ་ལ་མི་འཇུག མ་ཡིག་བཅུ་གཅིག་ལ་འཇུག བཅུ་དགུ་ལ་མི་འཇུག་གོ། སྤྱི་སྡོམ་བྱས་ན་གསལ་བྱེད་སུམ་ཅུ་ལས་སྔོན་འཇུག་གཏན་ནས་མི་ཐོབ་པ་བཞི་སྟེ། ཝ་འ་ཧ་ཨ་རྣམས་སོ།། མཁས་པ་ཁ་ཅིག ར་དང་ལ་གཉིས་འཕུལ་ཕྱེད་ཐོབ་པའི་ཡི་གེར་གསུངས་ཏེ། མིང་གཞི་ར་ཉིད་ལ་བཏགས་དང་མི་ལྡན་ན་བས་མི་འཕུལ་པས། དེས་ན་བ་ཡིག་ར་ལ་གཉིས་ལ་ཕྱེད་འཕུལ་དུ་ཐོབ་པ་འདོད་པ་ནི། མཁས་པའི་གསུང་སྒྲོས་ཙམ་དུ་སེམས་སོ།། འདིར་ཁྱབ་མཐའ་ངེས་པའི་སྔོན་འཇུག་མི་ཐོབ་པ་སྐོར་ཞིག་བརྗོད་ན། མིང་གཞི་ཝ་འ་ཧ་ཨ་གང་རུང་ཡིན་ན་ཁྱོད་ལ་སྔོན་འཇུག་མི་ཐོབ་པས་ཁྱབ། མགོ་ཅན་གྱི་མིང་གཞི་ཡིན་ན་ཁྱོད་ལ་སྔོན་འཇུག་ཕྱི་མ་བཞི་ཀ་མི་ཐོབ་པས་ཁྱབ། འདོགས་ཅན་གྱི་མིང་གཞི་ཡིན་ན་ཁྱོད་ལ་ག་ཡིག་སྔོན་འཇུག་མི་ཐོབ་པས་ཁྱབ། ཝ་བཏགས་ཅན་ལ་སྔོན་འཇུག་མི་ཐོབ་པས་ཁྱབ།ཐུའུ་བཀྭན་ལྟ་བུ་ནི་སྒྲ་བསྒྱུར་ཙམ་ཡིན སྔོན་འཇུག་ཡིན་ན་རང་གི་སྡེ་པ་ལ་མི་འཇུག་པས་ཁྱབ། སྔོན་འཇུག་ག་ད་བ་གསུམ་གང་རུང་ཡིན་ན་མིང་གཞི་མ་ནིང་ལ་མི་འཇུག་པས་ཁྱབ། སྔོན་འཇུག་མ་འ་གང་རུང་ཡིན་ན་མིང་གཞི་ཕོ་ཡིག་ལ་མི་འཇུག་པས་ཁྱབ། འདི་དག་ཀྱང་སྔོན་འཇུག་རྣམས་གང་ལ་འཇུག་པ་དང་མི་འཇུག་པ་ཤེས་པའི་ཆེད་བྱང་བ་བྱས་ན་ཕན་ཐོགས་ཆེ་བ་ངེས་སོ།།
ཇི་ལྟར་འཇུག་པ་བཤདཔ། གསུམ་པ། སྔོན་འཇུག་རྣམས་ཇི་ལྟར་འཇུག་པ་བཤད་པ་ལ། རྩ་བར ཇི་ལྟར་འཇུག་པར་བྱེད་ཅེ་ན།། ཕོ་ནི་དྲག་པོའི་ཚུལ་གྱིས་འཇུག། མ་ནིང་རན་པར་འཇུག་པ་ཡིན།། མོ་ནི་ཞན་པའི་ཚུལ་གྱིས་ཏེ།། ཤིན་ཏུ་མོ་ནི་མཉམ་པས་སོ།། སྔོན་འཇུག་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་རྣམས་ལ་སྒྲ་གདངས་དྲག་ཞན་ཇི་ལྟ་བུའི་སྒོ་ནས་འཇུག་པར་བྱེད་ཅེ་ན། ཞེས་དྲི་བས་མཚམས་སྦྱོར་ནས། ལན་གྱིས་བསྙད་པ་ལ། སྔོན་འཇུག་གི་ཕོ་ཡིག་བ་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ལ་སྒྲ་རྩོལ་དྲག་པོའི་ཚུལ་གྱིས་འཇུག་ཅིང༌། མ་ནིང་ག་ད་གཉིས་ནི་རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་རྩོལ་རན་པར་འཇུག་པ་ཡིན་ལ། མོ་ཡིག་འ་ནི། རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་རྩོལ་ཞན་པའི་ཚུལ་གྱིས་ཏེ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ཞན་པའི་སྒོ་ནས་འཇུག་པས་སོ།། འདིར་སྒྲ་རྩོལ་གྱི་དོན་ལ་ཞ་ལུ་དང་རྣམ་གླིང་གི་འགྲེལ་དུ་སྐད་གདངས་དྲག་ཞན་གྱི་དོན་ཏུ་བཀྲལ་བར། མུ་ཏིག་ཕྲེང་མཛེས་སུ། འགྲེལ་བྱེད་ཕལ་མོ་ཆེས་སྐབས་འདིའི་འཇུག་ཚུལ་དྲག་ཞན་སོགས་སྐད་གདངས་ཁོ་ནའི་སྒོ་ནས་བཞག་པར་འདོད་ཀྱང་ལེགས་པ་མ་ཡིན་ཏེ། ཕོ་དང་མ་ནིང་གི་འཇུག་ཚུལ་ལ་སྒྲ་དྲག་ཞན་གྱི་དབྱེ་བ་ཆེར་མེད་ཀྱང་གཙོ་བོར་བྱེད་རྩོལ་ཆེ་ཆུང་གི་སྒོ་ནས་འབྱེད་དགོས་ཤིང༌། གཞན་རྣམས་ལའང་སྒྲ་གདངས་དྲག་ཞན་དུ་མ་ཟད་བྱེད་རྩོལ་ཆེ་ཆུང་གི་ཁྱད་རེ་རེའང་ཞིབ་མོའི་བློས་དཔྱད་ན་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ།། ཞེས་སྔོན་འཇུག་གི་ཕོ་མོ་སོགས་ཀྱི་དབྱེ་བ་ནི་སྒྲ་གདངས་སྒོ་ནས་གཙོ་བོ་མི་འཇོག་པར་སྒྲ་ཡི་རྒྱུ་བྱེད་པ་དང་རྩོལ་བ་ཆེ་ཆུང་གི་སྒོ་ནས་འབྱེད་པ་གསུངས་ཤིང༌། འདིའི་ཞེ་འདོད་ནི། གལ་ཏེ་སྒྲ་གདངས་དྲག་ཞན་ཙམ་ལ་བཤད་ན། མིང་གཞིའི་བ་དང་སྔོན་འཇུག་གི་བ་གཉིས་ཀ རང་ཉིད་གཅིག་པོ་འདོན་པའི་དུས་སྒྲ་གདངས་ལ་ཁྱད་པར་གང་ཡང་མེད་པས། དེ་ལྟ་ན། མིང་གཞིའི་སྐབས་སུ་མོ་ཡིག་དང་སྔོན་འཇུག་གི་སྐབས་སུ་ཕོ་ཡིག་ཏུ་བཤད་པ་གཉིས་ནང་འགལ་བར་དོགས་ནས། དེའི་འགལ་སྤོང་དུ་སྔོན་འཇུག་ཕོ་མོའི་དབྱེ་བ་ནི་སྒྲ་གདངས་ལ་གཙོ་བོར་མི་ལྟོས་པར་བྱེད་རྩོལ་ལ་ལྟོས་པ་ཡིན་ཞེས་གསུང་ཏེ། སྒྲ་མདོ་®×}Ë-པར། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་སྐྱེའོ།། ཞེས་པ་ལྟར་ཡི་གེ་སྐྱེ་བའི་རྒྱུ་གནས་དང༌། བྱེད་པ། རྩོལ་བ་སོགས་དུ་མ་ཡོད་པ་ལས། སྔོན་འཇུག་མིང་གཞི་ལ་ཇི་ལྟར་འཇུག་ཚུལ་ཐད་འཇུག་བྱེད་སྔོན་འཇུག་ལྔ་ཀ་མོ་ཡིག་ཤས་གཅིག་ཡིན་པས། རང་ཉིད་འདོན་པའི་སྐབས་ཀྱི་སྒྲ་གདངས་ཙམ་ལ་བསམ་ན་དྲག་ཞན་གྱི་དབྱེ་བ་འབྱེད་དུ་མེད་པས། དེ་བས་དེ་དག་གི་རྒྱུ་ལྕེ་རྐན་གྱི་བྱེད་པ་དང༌། ཕྱི་ནང་གི་རྩོལ་བ་གཉིས་གཙོ་ཆེ་བ་བྱས་ནས་འཆད་དམ་སྙམ། དེ་ལྟ་ནའང་བྱེད་པ་གྲིམ་པ་དང་རྩོལ་བས་ཤུགས་སྐྱེད་ནས་འདོན་ན་སྒྲ་གདངས་རང་བཞིན་གྱིས་དྲག་པོ་འབྱུང་བས། སྒྲ་གདངས་དྲག་ཞན་དང་བྱེད་རྩོལ་ཆེ་ཆུང་གི་ཁྱད་པར་འབྱེད་པ་ནི་ཞིབ་མོའི་ལུགས་སུ་དཔྱད་དྲགས་པའི་མཐའ་ལ་འཛེགས་པ་མ་ཡིན་ནམ། དེ་བས་འདི་ལ་གསར་དུ་སློབ་པའི་དོན་གཉེར་བ་དག་མགོ་མི་རྨོངས་པ་དང་དོན་གྱི་གནད་ལ་དབབ་པའི་སྤྲོས་བཤད་ཅིག་གནང་འདོད་ན། མིང་གཞི་ཀ་སོགས་ཕོ་མོ་མ་ནིང་གི་དབྱེ་བ་འབྱེད་སྟངས་དང༌། སྔོན་འཇུག་གི་ཕོ་མོའི་དབྱེ་བ་འབྱེད་སྟངས་སྒྲ་གདངས་དྲག་ཞན་གྱི་སྒོ་ནས་འཇོག་པ་འདྲ་ཡང༌། སྒྲ་གདངས་དྲག་ཞན་གྱི་རྣམ་པར་གྲུབ་ལུགས་གྲུབ་སྟངས་མི་འདྲ་སྟེ། མིང་གཞི་ཀ་སོགས་སྔོན་རྗེས་ཀྱི་འཇུག་པ་ལ་མི་བལྟོས་པར་རང་ཉིད་ཁོ་ན་འདོན་པའི་སྒྲའི་སྐད་གདངས་ལ་ལྟོས་ནས་ཕོ་མོ་མ་ནིང་གི་དབྱེ་བ་འཇོག་ནུས་ཤིང༌། སྔོན་འཇུག་གི་ཕོ་མོའི་དབྱེ་བ་ནི་དེ་ལྟར་མ་ཡིན་པར་རང་ཉིད་གང་ལ་འཇུག་ཡུལ་གྱི་མིང་གཞི་དང་ཕྲད་པ་ལ་ལྟོས་ནས་གཞི་ནས་ཕོ་མོ་མ་ནིང་གི་དབྱེ་བ་འབྱེད་དགོས་པའི་ཕྱིར། དཔེར་ན། སྔོན་འཇུག་གི་བ་ལྟ་བུ་རང་ཉིད་གཅིག་པོ་འདོན་པའི་སྐབས་སྒྲ་གདངས་ཞན་པོ་ཡིན་པས་ཕོ་ཡིག་ཏུ་ག་ལ་འགྱུར༌། རང་ཉིད་མིང་གཞི་གང་ཡང་རུང་བ་ཞིག་གི་སྔོན་དུ་འཇུག་པ་ན། མིང་གཞི་དེ་དང་མཉམ་འབྲེལ་གྱིས་ཀློག་པའི་སྐབས་སྒྲ་རྩོལ་དྲག་པོར་འགྱུར་བ་སྟེ། བཀའ། བགད། བརྔ༌། ལྟ་བུ་མིང་གཞི་དྲག་ཞན་གང་འདྲ་ཞིག་དང་སྦྱོར་ཡང་རུང༌། མིང་གཞི་ཞིག་དང་ཕྲད་པ་ཙམ་གྱིས་དེ་དང་འབྲེལ་ནས་སྒྲ་གདངས་དྲག་པོ་འབྱུང་བ་ཡིན་ནོ།། བྱིས་པ་ལྟ་བུའི་སྐྱེ་བོ་ཁ་ཅིག་གིས་གོ་སླ་བའི་ཆེད། དཔེ་ཞིག་བརྗོད་ན། སྒོ་ཁྱི་རང་ག་ཞིག་ཕྱི་རོལ་ཏུ་གྱར་བ་ན་འགྲུལ་འགྲིམ་ཀུན་ལ་སྐྲག་པའི་སྡར་མ་ཞིག་ཡིན་ཡང༌། རང་གི་བདག་པོའི་སྒོ་དང་ཕྲད་པ་ན་སུ་ལའང་མི་སྐྲག་པའི་དཔའ་བོ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་འདིས། བ་ཡིག་རང་གི་སྒྲ་གདངས་དང་རང་ཉིད་མིང་གཞི་ལ་ཞུགས་རྗེས་ཀྱི་སྒྲ་གདངས་ཀྱི་ཁྱད་པར་གསལ་ནུས་སོ།། ཕྱིས་འགྲེལ་ཨ་ཀྱཱ་ཡོངས་འཛིན་དང་གསེར་ཏོག་སོགས་ཀྱི་རྟགས་འཇུག་ཏུའང་སྔ་འགྲེལ་ཞ་ལུ་དང་རྣམ་གླིང་གི་བཞེད་པ་དང་མཐུན་པར་བཀྲལ་སྣང་བ་ནི་ལེགས་པར་བཤད་པ་སེམས་སོ།། མདོར་བསྡུ་ན། མིང་གཞི་ཀ་ཡིག་ཆོས་ཅན། མིང་གཞིའི་ཕོ་ཡིག་ཡིན་ཏེ། རང་ཉིད་འདོན་པའི་ཚེ་སྒྲ་གདངས་དྲག་པོའི་སྒོ་ནས་འདོན་པར་བྱ་བའི་ཡི་གེ་ཡིན་པའི་ཕྱིར། སྔོན་འཇུག་བ་ཆོས་ཅན། སྔོན་འཇུག་གི་ཕོ་ཡིག་ཡིན་ཏེ། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དང་ཕྲད་པའི་ཚེ་སྒྲ་གདངས་དྲག་པོའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པའི་ཕྱིར། དེས་སྔོན་འཇུག་ལྷག་མ་བཞི་ལའང་རིགས་འགྲེ་མཛོད་ཅིག རྩ་བར་ཤིན་ཏུ་མོ་ནི་མཉམ་པས་སོ་ཞེས་པའི་ཐད་ཀྱི་ཞ་ལུའི་རྟགས་འཇུག་ཏུ། ཤིན་ཏུ་མོ་མ་ཡིག་ནི་སྐད་གདངས་དྲག་ཞན་མཉམ་པས་འཇུག་པར་བྱེད་པས་སོ།། ཞེས་འགྲེལ་བར། སི་ཏུས། གཞན་དག་འདིར་མཉམ་པ་ཞེས་པ་དྲག་ཞན་མཉམ་པར་འདོད་པ་ཡོད་ཀྱང༌། དེ་ལྟ་ན་མ་ནིང་གི་འཇུག་ཚུལ་དང་ཟློས་པར་འགྱུར་ཞིང༌། ཞེས་གསུངས་པ་ནི་གནད་ལ་འཁེལ་བའི་མདའ་མོ་ཉིད་དུ་ངེས་སོ།། འོ་ན་འདིའི་མཉམ་པའི་དོན་ཇི་ལྟར་ཡིན་ཞེ་ན། འགྲེལ་ཆེར། ཤིན་ཏུ་མོ་ཞེས་པ་མ་ཡིག་ཏུ་འདོད་དགོས་པས་སྒྲ་རྩོལ་ཞན་པས་འཇུག་པ་ལས་འོས་མེད་ཅིང་ལྷག་པར་ཤིན་ཏུའི་སྒྲས་སྒྲ་རྩོལ་ཤིན་ཏུ་ཞན་པས་འཇུག་པ་ཉིད་དེ་མཉམ་པ་ཞེས་པ་ཉམ་ཆུང་བ་འདོད་པ་ཡོད་ཅིང༌། ཞེས་གསུངས་པ་ལྟར། སྔོན་འཇུག་མ་ཡིག་མིང་གཞི་དང་ཕྲད་སྐབས་སྒྲ་རྩོལ་ཤིན་ཏུ་ཞན་པའམ་ཉམ་ཆུང་བའི་སྒོ་ནས་འདོན་དགོས་པ་ཡིན་ཞེས་པའོ། སྤྱིར་ཧ་ཅང་ནག་པ་ལ་གནག་དང༌། དེ་བཞིན་དུ་ཉག་དང་གཉག སེར་དང་གསེར། མང་དང་དམངས། ལྟ་བུ་སྔོན་འཇུག་གི་ནུས་པས་ཆེ་ཆུང་དང་མང་ཉུང་གི་རྣམ་པ་ཤུགས་ཆེ་རུ་གཏོང་བ་དང་འདིར་ཡང་མཚུངས་པར་ཧ་ཅང་ཉམ་ཆུང་བ་ལ་མཉམ་ཞེས་སྦྱོར་བ་གསུང་རབ་ཀྱི་བརྡ་ཆད་དང་མཐུན་ཞིང༌། བོད་སྐད་ཀྱི་སྒྲོས་དང་ཡང་མཐུན་པར་སྣང་སྟེ། འགྲེལ་ཆེན་ལས། ད་ལྟའི་ཡུལ་འགའི་སྐྱེ་བོ་ལ་དེ་ལྟ་བུའི་བརྡ་ཆགས་པ་མཐོང་ངོ༌།། ཞེས་གསུངས་པ་ལྟར་ཁམས་དང་ཨ་མདོའི་ཁུལ་གྱི་སྤྱི་སྐད་དུ། མི་ཉམ་ཆུང་ལ་མི་མཉམ་ཆུང་ཞིག་རེད་ལྟ་བུའི་སྐད་འདི་གཅིག་མཐུན་དུ་གྲགས་པས་སོ།། པྲ་ཏིའི་ཤན་སྦྱར་དུ། གང་གིས་འཇུག་བྱེད་གང་ལ་འཇུག། ཅེས་གོ་རིམ་ལྡོག་ནས་འཁོད་པ་ཕུད། དེ་བྱིངས་ཞ་ལུ་དང་རྣམ་གླིང༌། སི་ཏུ་དང་གསེར་ཏོག་སོགས་སྔ་ཕྱིར་རྟགས་འགྲེལ་མཛད་པོ་ཀུན་ཁ་མཐུན་པར། གང་ལ་འཇུག་བྱེད་གང་གིས་འཇུག། ཅེས་འཁོད་འདུག་པ་དང༌། སྡེ་དགེ་ལས་གཞན་པའི་བསྟན་འགྱུར་རིན་པོ་ཆེའི་པར་མ་གསུམ་གའི་ནང༌། གང་ལ་འཇུག་པ་སྔོན་དུ་བཀོད་འདུག་པ་བཅས་ལུང་གི་ཁུངས་དང༌། རྗེས་འཇུག་གི་རྟགས་ཀྱི་འཇུག་པའི་སྐབས་སུ་ཡང༌། གང་ལ་འཇུག་པ་སྔོན་དུ་བཀོད་འདུག་པ་རིགས་པའི་ཁུངས་སུ་བྱས་ན། པྲ་ཏིའི་ཤན་སྦྱར་གྱི་ཚིག་དེ་ཡིག་ནོར་སོང་བ་འདྲ། སྡེ་དགེ་བསྟན་འགྱུར་པར་མའི་ནང༌། གང་ལ་འཇུག་པར་བྱེད་ཅེ་ན།། ཞེས་པའི་རྩ་ཚིག་འདི་མི་འདུག རྩ་བར་གང་ལ་འཇུག་བྱེད་ཀྱི་མདོར་བསྟན་དངོས་སུ་བཀོད་ནས་རྒྱས་བཤད་ཀྱི་གཞུང་དངོས་སུ་མ་བྱུང་བར་རྒྱལ་མཆོག་ཀརྨ་པ་མི་བསྐྱོད་རྡོ་རྗེའི་མཁས་པའི་དགའ་སྟོན་ལས། གང་གིས་འཇུག་པར་བྱེད་ཅེ་ན།། གང་གིས་ལྔ་པོ་དེ་དག་གིས།། ཞེས་པའི་ཚིག་རྐང་གཉིས་པོ་འདི་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ཆད་པར་གདོན་མི་ཟ་ལ། དེ་འདྲ་ཞིག་མེད་ན་ས་བཅད་དོན་མ་ཚང་བར་མ་ཟད་ཇི་ལྟར་འཇུག་པར་བྱེད་ཅེ་ན་ཞེས་པ་དང་འབྲེལ་བ་མི་འགྱུར་རོ།། ཞེས་གསུངས་པ་དང༌། འོག་ནས་རྗེས་འཇུག་གི་རྟགས་ཀྱི་འཇུག་པའི་སྐབས་གང་གིས་འཇུག་པ་མདོར་བསྟན་པ་མ་ཟད། གང་གིས་བཅུ་པོ་དེ་དག་གིས།། ཞེས་དེའི་རྒྱས་བཤད་ཀྱང་དངོས་སུ་འབྱུང་བས་རིགས་འགྲེར་བསམ་ན་བདེན་པའི་རྒྱུ་མཚན་ཆེ་བ་སྣང༌། དེའི་སྔོན་གྱི་མཁས་པ་རྣམས་ཀྱིས་ནི། གང་ལ་འཇུག་པ་བཤད་པའི་སྐབས་སུ་འཇུག་བྱེད་སྔོན་འཇུག་གི་ཕོ་མོ་མ་ནིང་རྣམས་རིམ་པ་བཞིན་དངོས་སུ་འབྱུང་བས་དེས་འཐུས་པ་བྱས་པ་འདྲ་སྟེ། རྣམ་གླིང་རྟགས་འགྲེལ་ལས། མཁས་པ་འགའ་ཞིག་གཞུང་སྔ་མའི་སྐབས་སུ་ཕོ་ནི་ཞེས་པ་དང༌། མོ་ནི་ཞེས་པ་དང༌། མ་ནིང་ཡང་ནི་ཞེས་པ་དང༌། ཤིན་ཏུ་མོ་ནི་ཞེས་པ་རྣམས་ཀྱིས་བསྡོམས་ནས་བསྟན་པས་ཆེད་དུ་གཉེར་ནས་འོག་མའི་གཞུང་མ་བླངས་ཀྱང་འཐུས་ལ། ཞེས་འབྱུང་བ་འདིས་གང་གིས་འཇུག་པ་དངོས་བསྟན་དུ་འདོད་པ་ཤེས་ནུས་ཏེ། ཕྱིས་འགྲེལ་ཕལ་ཆེར་གྱིས་འདི་ཉིད་དང་མཐུན་པའི་བཤད་པ་མཛད་སྣང་ངོ༌།། ཞ་ལུའི་འགྲེལ་པར། གང་གིས་འཇུག་པ་བཤད་པ་ནི། འོག་ཏུ་རྗེས་འཇུག་གི་སྐབས་སུ། གང་གི་བཅུ་པོ་དེ་དག་གིས།། ཞེས་འབྱུང་བ་དང༌། གོང་གི་དྲི་བ་གཉིས་ཀའི་ཤུགས་བསྟན་གྱིས། གང་གི་ལྔ་པོ་དེ་དག་གིས།། ཞེས་སྦྱར་ཏེ་བཤད་པར་བྱའོ།། ཞེས་གང་གིས་འཇུག་པ་ཤུགས་བསྟན་དུ་བཞེད་པ་ཙམ་ལས་དོན་དུ་འབབ་ས་གཅིག་པར་སྣང་ངོ༌།། སྔོན་འཇུག་གི་ཅི་ཕྱིར་འཇུག་པ་བཤད་པ། བཞི་པ་སྔོན་འཇུག་རྣམས་ཅི་ཕྱིར་འཇུག་པ་བཤད་པ་ལ། ཐོག་མར་གང་ཞིག་ཤེས་དགོས་པ་དང༌། ཅི་ཕྱིར་འཇུག་དངོས་བཤད་པའོ།། ཐོག་མར་གང་ཞིག་ཤེས་དགོས་པ། དང་པོ་ཐོག་མར་གང་ཞིག་ཤེས་དགོས་པ་ལ། དང་པོ་བྱ་བྱེད་ལས་གསུམ། གཉིས་པ་དངོས་པོ་བདག་གཞན། གསུམ་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར། བཞི་པ་དུས་གསུམ་བཅས་ས་བཅད་བཞིའི་སྒོ་ནས་བཤད་པར་བྱའོ།། དང་པོ། བྱ་བྱེད་ལས་གསུམ་ལ་ཅུང་ཟད་དཔྱད་པ།
དང་པོ་ནི། དེ་ལ་འདིར་བྱ་བྱེད་ལས་གསུམ་གྱི་གོ་དོན་རགས་རིམ་ཙམ་ཞིག་བཤད་ན། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་ཞེས་པ་ནི། བྱེད་པ་པོ་དང་བྱ་ཡུལ་གཉིས་ཀྱི་བར་དུ་འཕོ་འགྱུར་འགྲོ་བའམ་འཕོ་འགྱུར་བྱེད་པའི་ཆ་དེ་ལ་ཟེར། བྱེད་ཅེས་པ་ནི། བྱ་བ་གང་ཞིག་བྱེད་པའི་ཚེ་ན་བྱ་བ་དེ་ཉིད་བྱེད་མཁན་གྱི་སྐྱེས་བུ་དེའམ། བྱ་བ་དེ་དང་འབྲེལ་བ་ཡོད་པའི་ལག་ཆ་ལ་ཟེར། ལས་ཞེས་པ་ནི། བྱེད་པ་པོ་ཞིག་གིས་བྱ་བ་གང་ཞིག་བྱེད་པའི་ཚེ་བྱ་བ་བྱེད་སའི་གཞི་དེའམ་བྱ་བའི་ཡུལ་དེ་ལ་ཟེར། དེ་ཡང་ཤིང་མཁན་གྱིས་སྟ་རེས་ཤིང་བཅད་པ་ལྟ་བུར་མཚོན་ན། བྱེད་པ་པོ་ཤིང་མཁན་དང༌། གཅོད་བྱེད་དམ་ལག་ཆ་སྟ་རེ་གཉིས་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱེད་ཅེས་པ་དེ་ཡིན། ཤིང་མཁན་གྱིས་སྟ་རེ་ཤིང་གི་ངོས་ལ་འདེགས་འཇོག་བྱེད་པའི་ཆ་དང༌། ཤིང་གི་ངོས་ནས་ཚུར་རིམ་པ་བཞིན་དུམ་བུར་ཆད་འོང་བའི་ཆ་གཉིས་པོ་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་ཞེས་པ་དེ་ཡིན། ཤིང་མཁན་གྱིས་སྟ་རེ་འདེགས་འཇོག་བྱེད་པའི་གཞིའམ་ཡུལ་ཤིང་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་ལས་ཞེས་པ་དེ་ཡིན་ནོ། །དེ་དག་གོ་སླ་བའི་ཆེད་མཚན་གཞི་དཔེར་བརྗོད་ཟུར་ཙམ་འགོད་ན།
འདིར་ཤེས་དགོས་པ་ཞིག་ལ་གོང་གསལ་བྱ་བྱེད་ལས་གསུམ་གྱི་ནང་གི་བྱ་བ་ཞེས་པ་དེ་ལ། བྱེད་པ་པོ་ལ་ཡོད་པའི་བྱ་བ་དང༌། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་གཉིས་སུ་ཡོད་པ་དེར། བརྡ་སྤྲོད་འགྲེལ་པ་རྣམས་སུ། བྱེད་པ་པོ་ལ་ཡོད་པའི་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་ཞེས་པའི་ཐ་སྙད་མཛད་ཡོད། ཐ་སྙད་དེའི་དབང་དུ་བྱས་པའི་ལས་དང༌། བྱ་བྱེད་ལས་གསུམ་དུ་ཕྱེས་པའི་ནང་ཚན་གྱི་ལས་གཉིས་འཁྲུལ་བར་མི་བྱ་སྟེ། བྱ་བྱེད་ལ་ཡོད་པའི་ལས་གཉིས་པོ་དེ་ནི། བྱ་བྱེད་ལས་གསུམ་གྱི་ནང་གི་བྱ་བ་ཡིན་ལ། བྱ་བྱེད་ལས་གསུམ་དུ་ཕྱེས་པའི་ལས་ནི་བྱ་བ་བྱེད་སའི་གཞིའམ་བྱ་བའི་ཡུལ་ལ་གོ་དགོས་པའི་ཕྱིར།
གནད་འདི་ཉིད་ཇི་བཞིན་མི་ཤེས་པར་གསུང་རབ་ལས་བཤད་པའི་དཀར་ནག་ལས་ འབྲས་ཀྱི་ལས་དང༌། བརྡ་སྤྲོད་རིག་པའི་གཞུང་ནས་བཤད་པའི་བྱ་བྱེད་ལས་གསུམ་དུ་ཕྱེས་བའི་ལས་གཉིས་ཀྱི་ཁྱད་པར་ལ་མགོ་བོ་མགལ་མེའི་འཁོར་ལོ་ལྟར་འཁོར་བའི་རྟགས་འགྲེལ་བྱེད་པོ་ཁ་ཅིག །ལས་དང་བྱ་ཡུལ་དོན་གཅིག་ཏུ་འདོད་པ་དག་ལ་ནི། བཤན་པས་ལུག་གསོད་པའི་ཚེ། ལུག་གསོད་པ་པོ་བཤན་པ་ལ་སྲོག་བཅད་པའི་སྡིག་པ་མེད་པ་དང༌། དེ་འདྲའི་ལས་དེ་ལུག་ལ་ཡོད་པར་ཐལ་བ་སོགས་དགེ་སྡིག་གི་ལས་གོ་ལྡོག་ནས་སྨྲ་དགོས་པར་འགྱུར་རོ།། ཞེས་སྨྲ་བར་བྱེད་དོ། །དེ་ནི་རང་ཉིད་ཀྱིས་བརྡ་སྤྲོད་པའི་གཞུང་ལས་བྱུང་བའི་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་པའི་རང་མཚང་ཡིན་ཏེ། གསུང་རབ་ལས་འབྱུང་བའི་ལས་ཏེ་སེམས་བྱུང་སེམས་པའམ། རྣམ་སྨིན་བདེ་སྡུག་གི་འཕེན་གྲོགས་གཟུགས་ཅན་པ་ཉིད། ཐ་སྙད་རིག་པའི་བྱ་བྱེད་ལས་གསུམ་གྱི་བཤད་པ་དང་བསྲེས་ནས་ཨུ་ཚུགས་བྱེད་པ་སྤྱིར་ཡང་ཡ་མཚན་པ་ཡིན་ཏེ། རང་སྡེ་བྱེ་བྲག་སྨྲ་བ་དང་ཐལ་འགྱུར་བས་གཟུགས་ཅན་དུ་འདོད་ཅིང༌། མདོ་སེམས་རང་རྒྱུད་པ་རྣམས་ཀྱིས་སེམས་པར་འདོད་པའི་ལས་ནི། གསོག་པ་པོ་གང་ཟག་གང་ཞིག་གིས། རང་གི་རྒྱུད་ལ་གསག་བྱ་ཡིན་ཏེ། དཔེར་ན། ལས་གསོག་པ་པོའི་གང་ཟག གསག་བྱའི་ལས། གསོག་པའམ་གསག་པ་ནི་བྱ་བ་ཞེས། ཁྱད་པར་གསུམ་དུ་ཕྱེ་བའི་ཚེ། དེ་འདྲའི་ལས་དེ་བྱ་བའི་ཡུལ་ལྟ་བུར་འཇོག་དགོས་ལ། འོན་ཀྱང༌། ཤིང་གཅོད་པའི་བྱ་ཡུལ་ལ་ཤིང་འཇོག་པ་དང་འདི་གཉིས་མི་འདྲ་སྟེ། ཤིང་ནི་ཕྱི་རོལ་ཡུལ་གྱི་ལས་དང༌། དཀར་ནག་དགེ་སྡིག་གི་ལས་ནི་རྒྱུད་ཀྱི་བྱ་ཡུལ་ཡིན་པའི་ཁྱད་པར་འབྱེད་དགོས་སོ།།
གསུང་རབ་ལས་འབྱུང་བའི་དཀར་ནག་དགེ་སྡིག་གི་ལས་ཞེས་པ་དེ་ནི། བརྡ་སྤྲོད་རིག་པའི་གཞུང་གི་བྱ་བྱེད་ལས་ནི་ནང་གི་བྱ་བར་གོ་དགོས་ཤིང༌། དེ་ལའང་བྱེད་པ་པོ་ལ་ཡོད་པའི་བྱ་བའམ་ལས་དང༌། བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་ཡོད་པའི་ནང་ནས། བྱེད་པ་པོ་ལ་ཡོད་པའི་ལས་ཉིད་ལ་གོ་དགོས་པས། བྱ་བྱེད་ལས་གསུམ་དུ་ཕྱེ་བའི་ལས་སམ་བྱ་ཡུལ་ལ་ཅི་ཕྱིར་གོ་དགོས། དེས་ན་བཤན་པས་ལུག་གསོད་ལྟ་བུར། སྲོག་གཅོད་པ་ནི་བྱ་བ། བཤན་པ་བྱེད་པོ། ལུག་ལས་ཡིན་པ་ནི། བརྡ་སྤྲོད་རིག་པའི་གཞུང་ལ་རླུང་ལྟར་གྲགས་ཤིང༌། སྲོག་གཅོད་པ་པོ་དང་འབྲེལ་བའི་བྱེད་ལས་དེ་ཉིད། གསུང་རབ་ནས་བཤད་པའི་ལས་དང་བརྡ་སྤྲོད་ནས་བཤད་པའི་བྱ་བ་གཉིས་ཀྱི་གཞི་མཐུན་པ་ཡིན་ནོ།།
འོ་ན་གསུང་རབ་ལས་བཤད་པའི་ལས་དང༌། བྱེད་པ་པོ་ལ་ཡོད་པའི་ལས། བྱ་བའི་ཡུལ་ལ་ཡོད་པའི་ལས་རྣམས། ལས་མ་ཡིན་ནམ་ཞེ་ན། དེ་དག་ནི་ལས་ཀྱི་མིང་གིས་བཏགས་པ་ཙམ་ཡིན་གྱི། བརྡ་སྤྲོད་ལས་བཤད་པའི་ལས་དངོས་མ་ཡིན་ཏེ། བྱ་བ་ཡིན་པའི་ཕྱིར། དེས་ན། བྱ་བྱེད་ལས་གསུམ་དུ་ཕྱེ་བའི་ལས། བྱ་བ་བྱེད་སའི་གཞི། བྱ་བའི་ཡུལ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཞེས་པའི་ལས་རྣམས་གནད་གཅིག་ཅིང༌། བྱེད་པ་པོ་ལ་ཡོད་པའི་ལས་དང༌། བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་པོ་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་ཡིན་ནོ།། དེ་ལྟར་ཡིན་པ་ཡང་བརྡ་སྤྲོད་སྨྲ་བའི་མཁས་པ་ཀུན་ཁ་མཐུན་པ་ཡིན་ཏེ། དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས།
བྱ་བའི་ལས་དང་ལས་དངོས་ནི།།
དངོས་པོ་གཞན་དུ་འཇོག་པ་ཡིན།།
ཞེས་པ་འདིས་བྱ་བྱེད་ཀྱི་ལས་རྣམས་ལས་བཏགས་པ་བ་གོ་ནུས་པའི་ཕྱིར། མཁས་པ་ཆེན་པོ་པྲ་ཏི་དགེ་བཤེས་རིན་ཆེན་དོན་འགྲུབ་ཀྱི་རྟགས་འགྲེལ་བཤད་སྦྱར་ཚིགས་བཅད་མར།
བྱེད་པ་པོ་དང་འབྲེལ་བའི་ལས།།
བྱེད་པའི་ལས་ཞེས་བྱ་བ་སྟེ།།
བྱ་བའི་ཡུལ་དང་འབྲེལ་བའི་ལས།།
བྱ་བའི་ལས་ཞེས་འདོགས་པ་ཡིན།།
ཞེས་བྱ་བྱེད་ལ་ཡོད་པའི་ལས་གཉིས་པོ་དེ་ལ་ལས་ཞེས་བཏགས་རུང་བ་ཙམ་དུ་གསུངས་པའི་ཕྱིར། འགའ་ཞིག་གིས་འདིའི་གནས་ལུགས་མ་ཤེས་པར། གོང་གི་ཚིགས་བཅད་དེ་དང༌།
བྱ་བ་བསྒྲུབ་པའི་ཡུལ་ལ་ནི།།
ལས་ཀྱི་དངོས་པོ་ཞེས་པ་བརྗོད།།
ཅེས་གསུངས་པ་གཉིས་འགལ་བར་འདུ་བའི་སྐྱོན་འཕེན་པ་ནི། པྲ་ཏི་དགེ་བཤེས་རིན་པོ་ཆེས། བྱ་བྱེད་ལ་ཡོད་པའི་ལས་བཏགས་པ་བ་དང༌། བྱ་ཡུལ་གྱི་ལས་མཚན་ཉིད་པ་གཉིས་ལ་དངོས་བཏགས་ཀྱི་ཁྱད་པར་ཕྱེ་སྟངས་ལ། རང་ཉིད་ཀྱི་བློ་གྲོས་ཧ་ཅང་ཆུང་བས་དབྱེ་བ་འབྱེད་པར་མ་ནུས་པའི་བབ་ཅོལ་དུ་ཤེས་སླའོ།།
དེ་ལྟར་མ་ཡིན་ན། རྩ་ཤེ་ལས།
གལ་ཏེ་ཤིང་དེ་མེ་ཡིན་ན།།
བྱེད་པ་པོ་དང་ལས་གཅིག་འགྱུར།།
ཞེས་བྱེད་པ་པོ་མེ་དང༌། དེས་བུད་ཤིང་ལ་འགྱུར་བ་བསྐྱེད་པ་དེ་བྱ་བ། ཤིང་ལས་ལ་བཞག་འདུག་པ་དང༌། དབུ་མ་ལ་འཇུག་པ་ལས།
ལེན་པོ་རང་ཉེར་ལེན་གཅིག་རིགས་དངོས་མིན།།
དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར།།
ཞེས་ཕུང་པོ་བདག་ཏུ་འདོད་པའི་རང་སྡེ་ཁ་ཅིག་ལ། ཉེ་བར་ལེན་པ་པོ་བདག་རང་ཉིད་དང༌། ཉེ་བར་ལེན་བྱའི་ཕུང་པོ་གཉིས་གཅིག་ཡིན་ན། དེ་ལྟ་ན་ལས་དང་བྱེད་པ་པོ་གཉིས་གཅིག་ཏུ་ཐལ་བ་འཕེན་འདུག་པ་དང༌།
ལེགས་བཤད་སྙིང་པོར། ཕུང་པོ་ནི་བདག་གི་ཉེ་བར་བླང་བྱ། བདག་ནི་ཉེ་བར་ལེན་པ་པོ་ཡིན་པས། རྣམ་ཤེས་སམ་གཞན་ཡང་རུང་ཕུང་པོ་ནི་བདག་ཏུ་མི་རུང་སྟེ། གཞན་དུ་ན་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་རོ།། ཞེས་བདག་བྱེད་པ་པོ་དང༌། ཕུང་པོ་ལས་ལ་བཞག་འདུག་པ་འདིས་མཚོན་ཏེ། བྱ་བྱེད་ལས་གསུམ་གྱི་ཟླས་ཕྱེ་བའི་ལས་ཀུན་དཀར་ནག་གི་ལས་ལྟར་བྱེད་པ་པོའི་སྟེང་དུ་འཇོག་དགོས་ན། ཤིང་མེ་ལས་གཞན་དུ་མེད་པ་དང༌། ཕུང་པོ་གང་ཟག་ལས་གཞན་དུ་མེད་པ་སོགས་མི་འདོད་བཞིན་དུ་སྨྲ་དགོས་པར་འགྱུར་རོ།།
དེས་ན་དཀར་ནག་གི་ལས་དང་བྱ་བྱེད་ལས་གསུམ་གྱི་ལས་གཉིས་བསྲེས་ནས་བཤད་པར་མི་བྱ་སྟེ། དཔེར་ན། རང་རྒྱལ་དང༌། རང་སངས་རྒྱས། སངས་རྒྱས་འབྲིང་རྣམས་དོན་གཅིག་པ་གཞུང་ཆེན་མོ་ཀུན་དགོངས་པ་མཐུན་པ་ལ། འོ་ན་བོད་ཀྱི་རྒྱལ་ཁབ་ཆོས་ཅན། རང་སངས་རྒྱས་ཡིན་པར་ཐལ། རང་རྒྱལ་ཡིན་པའི་ཕྱིར། ཅེས་ཟེར་བ་དང་མཚུངས་ཏེ། དེ་ནི་ནང་ཆོས་ཀྱི་གཞུང་ནས་བཤད་པའི་རང་རྒྱལ་དང་ཆབ་སྲིད་དམ་ལོ་རྒྱུས་ལས་བཤད་པའི་རང་རྒྱལ་གཉིས་བརྡ་ཆད་བསྲེས་པའི་སྐྱོན་ཡིན་པ་ལྟར། འདི་ཡང་ཐ་སྙད་ཕན་ཚུན་བསྲེས་པའི་ཉེས་བཤད་ཁོ་ནའོ། །འདི་དང་འདིས་མཚོན་ནས་རང་རང་གི་བརྡ་ཆད་དང་སྤྱིའི་བརྡ་ཆད་བསྲེས་ནས་འཆད་པ་དང་རྩོམ་པ་མང་པོ་ཞིག་ཤ་མོ་བརྡོལ་བ་བཞིན་ཐོལ་གྱིས་དོན་འོང་བ་མང་དག་ཅིག་འདུག་པ་ནི། བློ་གསལ་བ་རྣམས་མགོ་རྨོངས་སུ་འཇུག་པའི་ཀྱོག་ལམ་ཞིག་གི་སྒོ་འབྱེད་པ་མ་གཏོགས་མཁས་མང་འཇུག་པའི་གཞུང་ལམ་མཚན་ཉིད་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།།
བྱ་བའི་སྐོར་ལ་འདི་ལྟར། བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ལ་མཉམ་པར་གཞག་ལྟ་བུར། མཉམ་པར་གཞག་པ་ནི་བྱ་བ། བྱང་སེམས་ནི་བྱེད་པོ། སྟོང་པ་ཉིད་ནི་ལས་ཡིན་པས། དེ་འདྲ་བའི་བྱ་བ་དེ་ལ་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང༌། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་གཉིས་ཡོད་པ་ནི་སྤྱི་མཚུངས་ཡིན་པས། དེ་ལྟ་ན། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་དེ་བྱ་བ་དངོས་ཡིན་ནམ་མིན་ཞེ་ན། དེ་བྱ་བ་དངོས་མ་ཡིན་ཏེ། བྱ་བ་དངོས་ཡིན་ན་ཁྱོད་ལ་དུས་གསུམ་གྱི་ཁྱད་པར་ཕྱེ་རྒྱུ་ཡོད་དགོས། ཡུལ་སྟོང་པ་ཉིད་ལ་ཡོད་པའི་ལས་སམ་བྱ་བ་དེ་ལ་དུས་གསུམ་གྱི་དབྱེ་བ་འབྱེད་དུ་མི་རུང་བའི་ཕྱིར། རྒྱུ་མཚན་འདི་དག་ལ་བརྟེན་ནས་བྱ་བྱེད་ལས་གསུམ་གྱི་ནང་གི་བྱ་བ་ཞེས་པ་དེ། གཙོ་ཆེར་བྱེད་པ་པོ་ལ་ཡོད་པའི་ལས་སམ་བྱ་བ་ཉིད་ལ་འཇོག་དགོས་པར་འདྲ་སྟེ། གཞན་དུ་ན། སྟོང་པ་ཉིད་ལ་དམིགས། ནམ་མཁའ་ལ་ལྟ། བདག་མེད་སྒོམ། བདེན་མེད་ལ་དཔྱོད་པར་བྱེད། ལྟ་བུ་མང་པོ་ཞིག་གི་བྱ་ཡུལ་རྟག་པ་ཡིན་པས་དེ་དང་འབྲེལ་བའི་བྱ་ལས་ཀྱང་རྟག་པ་ལས་འོས་མེད་སྟབས། དེ་དག་ཀྱང་བྱ་བ་རང་མཚན་པ་ཡིན་པར་ཁས་ལེན་དགོས་པར་འགྱུར་རོ།།
དེས་ན། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་འདུས་བྱས་ཡིན་དགོས་པ་དང་གཅིག རྟག་པ་ལ་དུས་གསུམ་གྱི་དབྱེ་བ་མི་འཐད་པ་དང་གཉིས། བྱ་ཡུལ་རྟག་པ་དང་འབྲེལ་བའི་བྱ་བ་རྣམས་རྟག་པ་ཡིན་པ་དང་གསུམ་སྟེ། རྒྱུ་མཚན་དེ་དག་ལ་དཔག་ན། བྱ་ཡུལ་རྟག་པ་ལ་ཡོད་པའི་ལས་སམ་བྱ་བ་རྣམས་བྱ་བ་བཏགས་པ་བ་ཙམ་ལས། བྱ་བྱེད་ལས་གསུམ་དུ་ཕྱེ་བའི་བྱ་བ་དངོས་མིན་ནོ། །ཞེས་སྨྲ་དགོས་པར་སེམས་ཏེ་ད་དུང་ཡང་ཞིབ་ཏུ་དཔྱད་པར་བྱ་དགོས་སོ། །དེར་བརྟེན་བྱ་བྱེད་ལས་གསུམ་ཕྱེ་བའི་བྱ་བ་དེ་དག་བདག་གཞན་གཉིས་ཀྱི་ནང་ནས་གཞན་གྱི་ཁོངས་སུ་འདུ་བར་བཤད་པའང་ཡི་གེའི་ཐོབ་ཐང་ཙམ་ལ་དགོངས་ན་མ་གཏོགས། ད་ལྟ་བ་ཁོ་ནར་སེམས་སོ།།
བྱ་བྱེད་ལས་གསུམ་གྱི་ནང་གི་བྱ་བ་སྟོན་པའི་ཚིག་གཉིས་པོ་དེ་དག་ལག་ལེན་ལ་འགེལ་དུས། དཔེར་ན། ཤིང་གཅོད་པའམ། གཅད་པ། གང་ཞིག་རྗོད་པའི་ཚེ་ན། དམིགས་གཏད་བྱ་ཡུལ་བྱེད་པའི་ལས་དང་བྱ་བའི་ལས་གཉིས་ཀྱི་ནང་ནས། བྱེད་པའི་ལས་ལ་བསམ་ནས་བརྗོད་ན། ཤིང་གཅོད་པར་བྱེད་ཅེས་འབྲི་བར་བྱ་ཡི། གཅད་པར་བྱ། ཞེས་འབྲི་བར་མི་བྱའོ། །དེ་བཞིན་དུ། ཆོས་སྒྲུབ། ལམ་སྒོམ། གསེར་དུ་སྒྱུར། པར་སྐྲུན། ལམ་འགོག ཆུ་འགེངས། ཞེས་འབྲི་དགོས་པ་ཡིན་ནོ། །དམིགས་གཏད་བྱ་ཡུལ་གྱི་དངོས་པོའི་ངོས་ནས་ཚུར་འགུལ་སྐྱོད་ཀྱི་རྣམ་པ་ལ་བསམ་ནས་བརྗོད་ཚེ། ཤིང་གཅད་པར་བྱ། ཞེས་འབྲི་དགོས་པ་ལས། གཅོད་པར་བྱ་ཞེས་འབྲི་མི་རུང༌། དེ་བཞིན་དུ། ཆོས་བསྒྲུབ། ལམ་བསྒོམ། གསེར་དུ་བསྒྱུར། པར་བསྐྲུན། ལམ་དགག ཆུ་དགང༌། ཞེས་འབྲི་དགོས་པའི་ཁྱད་པར་རྣམས་མ་འདྲེས་པར་ཤེས་དགོས།
དེང་སང་གི་བརྡ་སྤྲོད་སྨྲ་བ་མང་པོ་ཞིག་གིས། བྱ་བའི་ལས་དང་བྱེད་པའི་ལས་སྟོན་པའི་ཚིག་གཉིས་པོ་ཡིག་འབྲིའི་ལག་ལེན་ལ་འགེལ་དུས་ཁྱད་པར་མེད་པར་གང་འབྲི་ནའང་འགྲིག་པར་བཤད་པ་ནི། ལག་ལེན་ལ་འགེལ་དུས་ཁྱད་མེད་ན་བྱ་བྱེད་ཀྱི་ལས་གཉིས་ལ་གོ་བ་སོ་སོར་ཕྱེ་ནས་བཤད་པ་ལ་དགོས་པ་ཅི་ཞིག་ཡོད། བྱ་བྱེད་ཀྱི་ལས་གཉིས་སྟོན་པའི་ཡིག་གཟུགས་མི་འདྲ་བ་གཉིས་སུ་ཕྱེ་བ་ལ་དེ་བས་ཀྱང་དགོས་མེད་དུ་ཐལ་ལོ།། དེང་སང་གི་བློ་གྲོས་དམན་པའི་གསར་བུ་རྣམས་ལག་ལེན་ལ་འཇུག་པ་བདེ་བའི་ཆེད་དུ་ཡིན་སྲིད་ཀྱང༌། དེ་ནི་ཤིན་ཏུའང་མི་རིགས་ཏེ། སྐྱེ་བོ་བློ་གྲོས་དམན་པའི་ངོར་ལྷག་པར་དུ་ཁ་གསལ་དུ་བཏང་ནས་འགྲེལ་བཤད་རྒྱ་ཆེར་བྱས་ཏེ། རྟོགས་དཀའ་བའི་དོན་རྣམས་ཤེས་ཐབས་བྱེད་ན་མ་གཏོགས། འཇུག་པ་བདེ་ཆེད་སླ་ཆོས་སུ་མཛད་ན་རང་གི་གཙུག་ལག་རིག་གཞུང་དང༌། དེ་དང་འབྲེལ་བའི་རིགས་པའི་གཞུང་ལུགས་མང་པོ་ཞིག་སྟོན་མཇུག་གི་མེ་ཏོག་ལྟར་གནས་སྐབས་ཙམ་འདྲ་ཆགས་པོ་སྣང་ནའང་ཡུན་རིང་དུ་མི་གནས་པར་འགྱུར་བའི་ཕྱིར་རོ།།
ཡང་སི་ཏུ་རྗེས་འབྲངས་དང་བཅས་པས། བྱེད་པ་པོ་བདག་ད་ལྟ་བ་དང༌། བྱ་བའི་ལས་གཞན་མ་འོངས་པ། ཞེས་འཆད་པ་ཡང༌། བྱེད་པ་པོ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དུས་གསུམ་ཙམ་པོ་བའི་ད་ལྟ་བ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དང་ཡིག་གཟུགས་གཅིག་པ་ཡིན་ལ། བྱ་བའི་ལས་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དེ་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་མ་འོངས་པ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དང་ཡིག་གཟུགས་གཅིག་པ་ཡིན་ནོ།། ཞེས་འགྲེལ་ན་མ་གཏོགས། སྤྱིར་བྱེད་པ་པོ་ད་ལྟ་བ་དང༌། བྱ་ཡུལ་གཞན་མ་འོངས་པ་ཡིན་ཞེས། བརྗོད་བྱའི་ངོས་ནས་བསམ་ན་ཤིན་ཏུ་མི་འཐད་དེ། བྱེད་པ་པོ་ཤིང་མཁན་གྱིས་ཤིང་གཅོད་པའི་ཚེ་ན། གཅད་པར་བྱ་བའི་ཡུལ་གྱི་ཤིང་མེད་པར་ཐལ། བྱ་ཡུལ་ཤིང་མ་འོངས་པ་ཡིན་པའི་ཕྱིར། ཡང་བྱ་ཡུལ་ཤིང་གྲུབ་པའི་ཚེ་གཅོད་མཁན་མེད་པར་ཐལ། ཁྱོད་གཅོད་མཁན་དེའི་འབྲས་བུ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གཞི་གཅིག་གི་སྟེང་དུ་རྒྱུ་འབྲས་དུས་མཉམ་པ་འགལ་བའི་ཕྱིར། རྟགས་གཉིས་ཀ་ཁས་ལེན་ན་གཅོད་པའི་བྱ་བ་གཏན་ནས་འགྲུབ་རྒྱུ་མེད་པར་ཐལ། གཅོད་པ་པོའི་སྐབས་སུ་ཅི་ཙམ་རྩོལ་བར་བྱས་ཀྱང་གཅད་རྒྱུ་མེད། གཅད་བྱའི་ཤིང་གྲུབ་པའི་སྐབས་གཅོད་པ་པོ་འགགས་ཟིན་པས་མེད་ཅིང༌། ཤིང་རང་གིས་རང་ཉིད་ལ་འགུལ་སྐྱོད་ཀྱིས་གཅད་པར་མི་ནུས་པའི་ཕྱིར།
དེས་ན། གཅོད་པ་པོ་ཤིང་མཁན་དང༌། བྱ་ཡུལ་ཤིང༌། དེ་གཉིས་ཀྱི་བར་དུ་ཡོད་པའི་བྱ་བ་སྟེ། གསུམ་ཀ་མཉམ་དུ་འཛོམས་དགོས་ཏེ། གཅོད་མཁན་མེད་ན་གཅོད་པའི་བྱ་བ་སུས་བྱེད། ཤིང་མེད་ན་ཅི་ཞིག་གཅོད། དེ་གཉིས་ཀ་ཡོད་ཀྱང་གཅོད་པའི་བྱ་བ་ལ་མ་ཞུགས་ན་དེ་གཉིས་བྱ་བྱེད་ཀྱི་འབྲེལ་བ་ཡོད་པ་ལྟ་ག་ལ་འགྱུར། དེར་བརྟེན་བྱ་བྱེད་ལས་གསུམ་གྱི་ནང་ནས་བྱེད་པ་པོ་མེད་ན་ལས་མེད་དགོས། ལས་མེད་ན་བྱེད་པ་པོ་མེད་དགོས། དེ་གཉིས་ཀ་མེད་ན། དེ་གཉིས་དང་འབྲེལ་བའི་བྱ་བ་མེད་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་བསྟོད་པར།
བྱེད་པོ་ལས་ལ་ལྟོས་ཤིང་གྲུབ།།
ལས་ཀྱང་བྱེད་པོ་དེ་ཉིད་ལ།།
བརྟེན་ནས་འབྱུང་བ་མ་གཏོགས་པར།།
འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌།།
ཞེས་གསུངས་པའི་ཕྱིར། དེས་ན་བྱེད་པ་པོ་དང་བྱ་ཡུལ་རྒྱུ་འབྲས་སུ་འདོད་པ་རྣམས་ཀྱིས་ནི། འཇིག་རྟེན་ན་གྲགས་པའི་དུས་གསུམ་དང་བྱ་བྱེད་ཀྱི་རྣམ་གཞག་ཙམ་ཡང་ཇི་ལྟ་བ་བཞིན་འཇོག་མི་ཐུབ་ན། གསུང་རབ་ཀྱི་བརྡ་ཆད་ལས་བྱུང་བའི་དུས་གསུམ་དང་བྱ་བྱེད་ཀྱི་རྣམ་གཞག་ནི་དེ་བས་ཀྱང་ག་ལ་འཇོག་ཐུབ་སྟེ་མི་ཐུབ་བོ།།
ད་དུང་བྱེད་པོ་རྒྱུ་དང་བྱ་ཡུལ་འབྲས་བུར་འདོད་པའི་ཕྱོགས་ལ་འདི་ལྟར་དཔྱོད་དུ་ཡོད་དེ། བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ལ་མཉམ་པར་བཞག་པ་ལྟ་བུའི་བྱ་ཡུལ་སྟོང་པ་ཉིད་ཆོས་ཅན། བྱང་སེམས་དེའི་འབྲས་བུ་ཡིན་པར་ཐལ། དེའི་བྱ་ཡུལ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཤིང་མཁན་གྱིས་ཤིང་གཅད་པའི་ཚེ་བྱ་ཡུལ་ཤིང་མ་ཡིན་པར་ཐལ་ལོ། །ཁྱབ་པ་མ་གྲུབ་ན་དམ་བཅའ་འབུད། འདོད་མི་ནུས་ཏེ་དེ་རྟག་པ་ཡིན་པའི་ཕྱིར། འདི་ལྟར་ཁས་ལེན་པ་དེས། དམིགས་བྱེད་བྱང་སེམས་ད་ལྟ་བ་དང༌། དམིགས་ཡུལ་སྟོང་ཉིད་མ་འོངས་པར་རང་དབང་མེད་པར་འདོད་དགོས་པས། སྟོང་ཉིད་དུས་གསུམ་རྒྱལ་བའི་ཡུལ་དུ་གསུངས་པ་ལ་དངོས་སུ་བསྙོན་པར་གྱིས་ཤིག དེ་བཞིན་དུ། བདག་མེད་སྒོམ། བདེན་མེད་ལ་དཔྱོད། སྤྱན་ནམ་མཁའ་ལ་གཟིགས། བདེན་སྟོང་ལ་དམིགས། ཤེས་བྱ་ལ་སློབ། རྟག་པ་ཚད་མས་རྟོགས་ལྟ་བུའི་བདག་མེད་དང༌། བདེན་མེད། ནམ་མཁའ། བདེན་སྟོང༌། ཤེས་བྱ། རྟག་པ་རྣམས་རེ་རེ་ནས་རང་ཉིད་ཡུལ་དུ་བྱེད་མཁན་གྱི་བྱེད་པ་པོ་སོ་སོའི་འབྲས་བུ་ཡིན་ཞེས་སེམས་ཡོད་སུ་ཞིག་གིས་སྨྲ་བར་བྱ་ནུས། ཕྱོགས་སྔ་མའི་འགྲེལ་བྱེད་མཁན་པོ་དེ་དག་གི་འདོད་པའི་སྡོམ་ཚིག་ལྟ་བུར་དབྱངས་ཅན་གྲུབ་པའི་རྡོ་རྗེས།
བྱེད་པ་པོ་ནི་ད་ལྟ་དང༌།།
བྱ་ཡུལ་མ་འོངས་པར་བསྡུས་ནས།།
ཞེས་བྱེད་པ་པོ་ད་ལྟ་བ་དང་བྱ་ཡུལ་མ་འོངས་པར་བསྡུས་ཞེས་པའི་སྡུད་བྱེད་ད་ལྟ་བ་དང་མ་འོངས་པ་གཉིས་པོ་དེ། རྟགས་འཇུག་ནས་བཤད་པའི་དུས་གསུམ་ནང་ཚན་གྱི་ད་ལྟ་བ་དང་མ་འོངས་པར་བསྡུས་པར་དགོངས་ན་ནང་འགལ་ཏེ། ཤིང་གཅོད་པ་པོ་དང༌། གཅད་བྱའི་ཤིང་གཉིས་ཀ་བྱ་བ་ཡིན་པར་ཐལ། དུས་གསུམ་གྱི་དབྱེ་བའི་ཁོངས་སུ་བསྡུས་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན།
དེ་བཞིན་བྱེད་པ་པོ་གཞན་དང༌།།
དངོས་སུ་འབྲེལ་མིན་ཇི་ལྟར་ཡང༌།།
བྱ་བ་བྱས་ཟིན་འདས་པ་དང༌།།
བྱ་བ་བྱེད་འགྱུར་མ་འོངས་དང༌།།
བྱེད་བཞིན་པ་ནི་ད་ལྟ་བའོ།།
ཞེས་དུས་གསུམ་གྱི་དབྱེ་བ་དེ་བྱ་བ་གང་ཞིག་ལ་དེ་ཉིད་བྱས་ཚར་བ་དང་མ་ཚར་བ། བྱེད་བཞིན་པ་བཅས་ཀྱི་སྒོ་ནས་འཇོག་དགོས་པར་བཤད་པ་དང་དངོས་སུ་འགལ།
ཡང་དུས་གསུམ་གྱི་དབྱེ་བ་ལས་ལོགས་སུ་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་བ་ལ་དགོས་པ་མེད་པར་ཐལ། དངོས་པོ་བདག་གཞན་གཉིས་ཀ་དུས་ཀྱི་དབྱེ་བའི་ནང་དུ་འདུ་བའི་ཕྱིར། འདོད་མི་ནུས་ཏེ། བྱེད་པ་པོ་དང༌། བྱ་ཡུལ་གཉིས་བསྡུ་ཕྱིར་བདག་གཞན་གྱི་དབྱེ་བ་མཛད་པར་བཤད་པའི་ཕྱིར་ཏེ། དེ་ཉིད་ལས།
་་་་་བྱེད་པོ་དང༌། །
བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །
མཛད་ནས་་་་་༌།།
ཞེས་གཞུང་འདིར་བྱེད་པ་པོ་དང་བྱ་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞེས་གསུངས་པ་དང་དངོས་སུ་འགལ་བའི་ཕྱིར། འདི་དང་འདིས་མཚོན་ནས་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་ལ་དཔྱད་པར་བྱ་བ་མང་དུ་སྣང་མོད། རེ་ཞིག་དེ་ཙམ་སྟེ། སྒྲ་ཚད་སེངྒེའི་འགྱིང་སྣོལ་ལ་དབང་བསྒྱུར་བའི་མཁས་པ་ཚོས། གསུང་རབ་དགོངས་འགྲེལ་གྱི་གཞུང་ཆེན་པོ་དག་གི་ཐ་སྙད་གཙིགས་ཆེར་བཟུང་ནས་བརྡ་སྤྲོད་ཐ་སྙད་ཀྱི་གཞུང་ལ་ཚུར་དཔྱད་པ་མ་གཏོགས། ཐ་སྙད་རིག་པ་ལ་བློ་ཁ་ཅུང་ཟད་ཕྱོགས་པས་རྒྱགས་ཏེ། གཞུང་ཆེན་པོ་དག་གི་བརྡ་ཆད་ལ་བཟོ་བཅོས་ཅིས་ཀྱང་མི་གནང་བར་འཚལ། ཡང་གསུང་རབ་ཀྱི་བརྡ་ཆད་དང་ཐ་སྙད་པའི་བཞེད་སྲོལ་མི་འདྲ་གང་ཞིག་ཡོད་པ་རྣམས་ལུགས་གཉིས་ཀའི་བཞེད་སྲོལ་མ་འདྲེས་པར་བཀྲལ་བ་ལས་ཕན་ཚུན་བསྲེ་བ་ཅིས་ཀྱང་མི་མཛད་པར་འཚལ།
གཉིས་པ་བདག་གཞན་གྱི་དབྱེ་བ་ལ་ཅུང་ཟད་དཔྱད་པ། གཉིས་པ་བདག་གཞན་གྱི་དབྱེ་བ་འཆད་པ་ལ། བདག་གཞན་གྱི་གོ་དོན་དང་དེའི་རྣམ་གཞག་འཇོག་ཚུལ་ནི། བྱེད་པ་པོ་ཞིག་གིས་བྱ་བ་གང་ཞིག་བྱེད་པའི་ཚེ། བྱེད་པ་པོ་དེ་ཉིད་དང༌། དེའི་བྱེད་པའི་ལག་ཆས། དེ་གཉིས་ཀྱིས་བྱ་ཡུལ་གྱི་ངོས་ལ་ཕར་འགུལ་སྐྱོད་བྱེད་པའི་ཆ་གསུམ་པོ་ལ་དངོས་པོ་བདག་ཟེར། བྱ་བ་གང་ཞིག་བྱེད་པའི་ཡུལ་དང༌། དེ་ལས་ཚུར་རྣམ་པར་འགྱུར་བའི་ཆ་གཉིས་ལ་དངོས་པོ་གཞན་ཟེར། དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པ་ལྟ་བུར་མཚོན་ན། ཤིང་མཁན་ནི་བྱེད་པ་པོ་ཡིན། སྟ་རེ་ནི་བྱེད་པ་ཕལ་བའམ་བྱེད་པ་ཟེར། སྟ་རེ་ཤིང་གི་ངོས་ལ་ཕར་འདེགས་འཇོག་བྱེད་པ་དེ་ལ་བྱེད་པ་པོ་ལ་ཡོད་པའི་བྱ་བའམ། བྱེད་པ་པོ་ལ་ཡོད་པའི་ལས་ཟེར། དེ་གསུམ་ག་དངོས་པོ་བདག་ཡིན། སྟ་རེ་ཕར་གཡུག་སའི་ཡུལ་ཤིང་ལ་ལས་སམ་བྱ་བའི་ཡུལ་ཟེར། དེ་ཉིད་སྟ་རེའི་སོ་དང་འཕྲད་པ་ན་དུམ་བུ་གོག་ཡོང་བའི་ཆ་ལ་བྱ་བའི་ཡུལ་ལ་ཡོད་པའི་བྱ་བའམ་བྱ་བའི་ཡུལ་ལ་ཡོད་པའི་ལས་ཟེར། དེ་གཉིས་ཀ་དངོས་པོ་གཞན་ཡིན། དངོས་པོ་བདག་གཞན་གྱི་དབྱེ་བ་དེ། བུམ་པ་ལྟ་བུ་ཞིག་ལ་ཐོལ་བྱུང་དུ་ཕྱེ་རྒྱུ་མིན་པར། བྱ་བ་གང་ཞིག་རང་དང་ངོ་བོ་ཐ་དད་པའི་བྱེད་པ་པོ་ཞིག་ཡོད་མེད་ལ་ལྟོས་ནས། དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་དགོས། འོན་ཀྱང་བྱེད་པོ་དང་བྱ་ཡུལ་གཉིས་ཀྱི་བར་དུ་ཡོད་པའི་བྱ་བ་ལ་གཙོ་བོར་དགོངས་ནས་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་བ་མིན། དེ་འདྲའི་བྱ་བ་ཞིག་མེད་ན་ཡང་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་རྒྱུ་མེད་དོ།། དེས་ན་རྡོ་མཁན་གྱིས་རྡོ་བཅག་ལྟ་བུར་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་རྒྱུ་གཙོ་བོ་ནི། རྡོ་མཁན་དང་རྡོ་གཉིས་ཡིན་གྱི། དེ་གཉིས་ཀྱི་བར་དུ་བྱ་བྱེད་ལ་ཡོད་པའི་ལས་གཅག་དང་གཅོག་ལ་དགོངས་ནས་ཕྱེ་བ་མིན་ཏེ། དེ་གཉིས་ནི་འོག་ནས་འབྱུང་བའི་དུས་གསུམ་གྱི་དབྱེ་བས་བསྡུ་ནུས་པའི་ཕྱིར། འོན་ཀྱང་བཅག་ཚར་བ་དང་གཅོག་བཞིན་པ། གཅག་པར་འགྱུར་བའི་ཁྱད་པར་འབྱེད་པའི་སྒྲ་དེས། གཅོག་པའི་བྱ་བ་བྱེད་མཁན་སུ་ཡིན་དང༌། གཅག་རྒྱུ་ཅི་ཡིན་ཤེས་མི་ཐུབ། བདག་གཞན་གྱི་དབྱེ་བ་ཕྱེ་བ་འདིས་གཅོག་པའི་བྱ་བ་བྱེད་པ་པོ་རྡོ་མཁན་ཡིན་པ་དང༌། གཅག་རྒྱུ་རྡོ་ཡིན་པ་གསལ་པོར་ཤེས་ཐུབ། བྱ་བྱེད་ལ་ཡོད་པའི་ལས་གཅག་པར་བྱ་བ་དང༌། གཅོག་པར་བྱེད་པ་གཉིས་ནི་དངོས་པོ་བདག་གཞན་གྱི་དབྱེ་བའི་ཞོར་ལ་བསྡུས་པ་ཡིན་ནོ།། དེས་ན་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་རུང་བའི་ལས་ཚིག་ལ་བྱེད་འབྲེལ་ལས་ཚིག་ཟེར། སྐབས་འདིར་དངོས་པོ་བདག་གཞན་གཉིས་སུ་ཕྱེ་བའི་བདག་གམ་བྱེད་པ་པོ་དང༌། མྱུ་གུའི་བྱེད་པོ་ས་བོན་དང༌། དུ་བའི་བྱེད་པོ་མེ། འབྲས་བུ་སྐྱེ་བའི་དོན་བྱེད་ནུས་པ་རྒྱུར་འཇོག་པའི་བྱེད་པོ་རྣམས་དང་མི་མཚུངས་པར་ཤེས་དགོས་ཏེ། རྩ་ཤེ་ལས། གལ་ཏེ་ཤིང་དེ་མེ་ཡིན་ན།། བྱེད་པ་པོ་དང་ལས་གཅིག་འགྱུར།། ཞེས་རྒྱུ་ལ་བྱེད་པ་པོའི་མིང་འདོགས་པར་མཛད་ཅིང༌། འདི་ནས་བཤད་པའི་བྱེད་པོ་ནི། བདག་གམ་གནས་སྐབས་ཀྱི་བྱ་བ་གང་ཞིག་བྱེད་ཀྱིན་ཡོད་པ་དེ་ལ་རྩོལ་བའི་འབད་པ་དངོས་སུ་བསྟེན་པའི་སྐབས་ཀྱི་གང་ཟག་གཅིག་ལ་གོ་དགོས་པས་སོ་སྙམ་སྟེ། དཔེར་ན། རས་དཀར་པོ་དམར་པོ་རུ་བསྒྱུར། ལྟ་བུ་སྒྱུར་མཁན་སུ་རེད་ཅེས་དྲིས་ན་བཙོ་བླག་མཁན་རེད་ཅེས་ལན་འདེབས། སྒྱུར་བྱེད་ཅི་རེད། ཅེས་དྲིས་ན་ཚོས་དམར་པོ་རེད་ཅེས་ལན་འདེབས་འོང༌། དེ་གཉིས་ཀྱིས་བྱེད་པོ་དང་བྱེད་པ་གཉིས་བསྟན། བསྒྱུར་རྒྱུ་ཅི་རེད་དྲིས་ན། རས་ཡུག་དཀར་པོ་རེད། ཅེས་ལན་འདེབས་འོང༌། དེས་དངོས་པོ་གཞན་བསྟན། ཡང་རས་དཀར་པོ་དམར་པོ་རུ་གྱུར། ཅེས་བརྗོད་ཚེ། འགྱུར་བྱེད་ཚོས་དང་འགྱུར་བྱ་རས་ཡུག་དེ་གཉིས་ཕྲད་ནས་དམར་པོར་གྱུར་པ་མ་གཏོགས་སྒྱུར་མཁན་སུ་ཞེས་འདྲི་ལུགས་མེད། དེས་ན་འདི་རིགས་ལ་དུས་གསུམ་མ་གཏོགས་བདག་གཞན་གྱི་དབྱེ་བ་ཕྱེ་མི་རུང༌། སྔ་མ་ལ་བདག་གཞན་དང་དུས་གསུམ་གཉིས་ཀའི་ཁྱད་པར་ཕྱེ་རུང་བས། སྔ་མ་ལ་བྱེད་འབྲེལ་ལས་ཚིག་དང༌། ཕྱི་མ་ལ་བྱེད་མེད་ལས་ཚིག་ཟེར། མདོར་ན། བྱ་བྱེད་ལས་གསུམ་པོ་དངོས་པོ་བདག་གཞན་གྱིས་བསྡུ་བའི་ཚེ། བྱེད་པ་པོ་བདག་དང༌། ལས་སམ་བྱ་ཡུལ་ནི་གཞན་གྱིས་བསྡུས། བྱ་བ་ནི་སྤྱིར་དངོས་པོ་གཞན་གྱིས་བསྡུས་མོད། ནང་གསེས་ཕྱེ་ན་བྱེད་པ་པོ་ལ་ཡོད་པའི་བྱ་བ་ནི་བདག་དང༌། ལས་ལ་ཡོད་པའི་བྱ་བ་ནི་གཞན་གྱི་ཁོངས་སུ་བསྡུས་པ་ཡིན་ནོ།། བྱེད་པོ་དང་བྱ་ཡུལ་གཉིས་དུས་གསུམ་གང་དུའང་མི་གཏོགས་ཏེ། བྱ་བ་མ་ཡིན་པའི་ཕྱིར། ཕུགས་སམ་དོན་དངོས་ཀྱི་གོ་དོན་དུ། ཕྱི་ནང་གི་རིག་གནས་གཉིས་ཀ་ལ་ནང་བྱན་ཆུད་པའི་ཚད་མའི་སྐྱེས་བུ་དམ་པ་བཤེས་གཉེན་ཆེན་པོ་ལམ་རིམ་པའི་སུམ་རྟགས་ཀྱི་དཀའ་འགྲེལ་དོན་གསལ་མེ་ལོང་ལས། རྗེ་ཞྭ་ལུ་བ་ཆེན་པོས། བདག་མྱ་ངན་ལས་འདས་ནས་གཞན་མྱ་ངན་ལས་བཟླའོ།། ཞེས་པ་དངོས་པོ་བདག་ལ་འཇུག་པའི་དཔེར་མཛད་ལུགས་ལ་བལྟས་ན། འདིར་བསྟན་བདག་གཞན་ནི་གང་ཟག་རྒྱུད་གཅིག་མི་གཅིག་ཙམ་ལ་བཞེད་པར་གསལ་མོད་ཀྱང༌། མཁས་པ་ཕལ་ཆེ་བའི་གསུང་དང་མི་མཐུན་ནོ།། ཡང་རྣམ་གླིང་པཎ་ཆེན་གྱིས། བྱེད་པ་པོས་གང་བྱ་བ་ནི་ལས་སམ་བྱ་བ་ཡིན་ལ། ཞེས་དེ་གཉིས་ཁྱད་མེད་ལྟ་བུར་གསུངས་པ་དང༌། པྲ་ཏིས། ལས་ནི་བྱ་བ་བྱེད་པ་གཉིས།། ཞེས་ལས་དབྱེ་གཞིར་བྱས་ནས་དེ་ལས་བྱ་བྱེད་གཉིས་སུ་དབྱེ་བར་གསུངས་པ་སོགས་ནི། བྱ་བྱེད་ལས་གསུམ་གྱི་འཇོག་མཚམས་ལ་ཐུགས་ཞིབ་མ་ཆུག་པའོ།།ཞེས་དང༌། སི་ཏུ་པཎ་ཆེན་གྱི་བཞེད་པ། འདིར་བསྟན་བྱ་བ་ལ་དབྱེ་ན་རྣམ་པ་གཉིས་ཏེ། གང་ཡང་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དང་མ་འབྲེལ་བའོ།། དང་པོ་ནི་ལྕགས་གསེར་དུ་བསྒྱུར་ལྟ་བུ་དང༌། གཉིས་པ་ནི་ལྕགས་གསེར་དུ་འགྱུར་བ་ལྟ་བུ་སྟེ། འདིའི་སྔ་མ་ལ་བདག་གཞན་སོགས་ཀྱི་དབྱེ་བ་བྱར་རུང་ཡང་ཕྱི་མ་ལ་མི་རུང་ངོ༌།། ཅིའི་ཕྱིར་ན། གང་བདག་གཞན་སོགས་བརྩི་བའི་གཞི་ལ་བྱ་བྱེད་ཐ་དད་པ་ཞིག་དགོས་ནའང༌། ལྕགས་གསེར་དུ་འགྱུར་བ་དང༌། བདག་འགྲོ་བ་ལྟ་བུ་ནི་བྱ་བྱེད་ཐ་མི་དད་པའི་ཕྱིར་ཏེ། འགྱུར་བྱ་འགྱུར་བྱེད་གཉིས་ཀ་གསེར་ཡིན་པའི་ཕྱིར་དང༌། འགྲོ་བྱ་འགྲོ་བྱེད་གཉིས་ཀ་བདག་ཡིན་པའི་ཕྱིར་ཟེར་ཞིང༌། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་དོན་ཡང་བྱ་བ་གང་བྱེད་བཞིན་པའི་གནས་སྐབས་སུ་བྱེད་པ་པོ་གཞན་དངོས་སུ་སྣང་བ་དང་མི་སྣང་བ་ལ་བཞེད་སྣང་ངོ༌།། འདི་དག་ལ་རང་བློ་མ་དག་པའི་སྐྱོན་གྱིས་འགལ་འདུ་གང་མང་ཞིག་འཇུག་པར་མཐོང་སྟེ་འདི་ལྟར། གང་བྱ་བ་ཡིན་ན་དེ་བྱེད་པ་པོ་ཡོད་དགོས་པས་ལྕགས་གསེར་དུ་འགྱུར་བ་དང༌། བདག་འགྲོ་བ་ལྟ་བུ་དེ་བྱ་བ་ཡིན་པར་ཁས་བླངས་པ་དང༌། དེ་དག་བྱེད་པ་པོ་མེད་པར་ཁས་བླངས་པ་གཉིས་ནང་འགལ་བ་སྟེ་དང་པོའོ།། གལ་ཏེ་བྱ་བ་ལས་གཞན་པའི་བྱེད་པ་པོ་མེད་པར་འདོད་ཀྱི། བྱེད་པོ་ཙམ་མེད་པར་མ་སྨྲས་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་རང་གིས་རང་ལ་བྱ་བ་མི་འཇུག་པས། བྱེད་པོ་ཡོད་ཕྱིན་རང་ལས་གཞན་དུ་ཁས་བླངས་དགོས་ལ། དེའི་ཚེ་བྱེད་པོ་གཞན་ཡོད་པར་ཐལ། བྱེད་པོ་ཡོད་པའི་ཕྱིར་ཞེས་བརྗོད་ན་ལན་མེད་དུ་འགྱུར་བ་སྟེ།གཉིས་པའོ།། ཅི་སྟེ་བྱེད་པོ་གཞན་ཡོད་པར་མཚུངས་ཀྱང་དེ་དང་དངོས་སུ་འབྲེལ་མ་འབྲེལ་མི་མཚུངས་པས། བདག་གཞན་སོགས་འཇུག་མི་འཇུག་གི་ཁྱད་པར་འཐད་དོ་སྙམ་ན། གཞན་དང་དངོས་སུ་འབྲེལ་ཚུལ་ཇི་ལྟར་ཡིན་སྨྲོས་ཤིག །གལ་ཏེ་གསེར་དུ་བསྒྱུར་ཅེས་པས་སྒྱུར་བྱེད་གཞན་གྱི་ཡོད་པ་དངོས་སུ་གོ་བའི་ཕྱིར་སྙམ་ན། འོ་ན་གསེར་དུ་འགྱུར་ཅེས་པས་ཀྱང་འགྱུར་བྱེད་གཞན་དངོས་སུ་གོ་བ་སྟེ། ཚད་མ་རྣམ་འགྲེལ་ལས། མ་སྐྱེས་པ་ནི་ཟློག་དོན་དང༌།། འགྱུར་བ་ཉིད་གསུངས་དེ་ཡི་ཕྱིར།། ཞེས་པའི་རྩ་འགྲེལ་གྱི་དགོངས་པའོ།། དེ་བས་སྔ་ཕྱི་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་ཁྱད་པར་འབྱེད་པའང་མི་འཐད་པ་ཉིད་དེ་གསུམ་པའོ།། གཞན་ཡང་གསེར་དུ་འགྱུར་བྱེད་ནི་བསོད་ནམས་ཀྱི་ལས་སམ་འབྱུང་བའི་བྱེད་པ་ལྟ་བུ་ཡིན་པར་རང་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས་ལ། དེ་ལྟ་ན་འགྱུར་བྱེད་ནི་གསེར་མ་ཡིན་དགོས་པས། འགྱུར་བྱ་འགྱུར་བྱེད་གཉིས་ཀ་གསེར་ཡིན་པར་བཞེད་པ་དང་དངོས་སུ་འགལ་བ་སྟེ། བཞི་བའོ།། གཞན་ཡང་གསེར་དུ་འགྱུར་བྱེད་གསེར་མིན་པར་མ་ཟད། གསེར་དུ་འགྱུར་བྱ་ཡང་གསེར་མ་ཡིན་པ་ཉིད་དེ། དཔེར་མཚོན་ན་གསེར་དུ་བསྒྱུར་བྱ་ལྕགས་ཡིན་པ་བཞིན་དུ་དེར་འགྱུར་བྱ་ཡང་ལྕགས་ཡིན་པའི་ཕྱིར་རོ། །དེ་བས་གང་ཞིག་འགྱུར་བ་དང་གང་དུ་འགྱུར་བ་གཉིས་ཀྱི་དབྱེ་བ་ཕྱེད་དགོས་རྒྱུ་ལ་འཛིངས་འདུག་པ་སྟེ། སྐྱོན་ལྔ་པའོ།། གཞན་ཡང་གསེར་དུ་འགྱུར་བ་ནི་རྒྱུ་རྐྱེན་གྱི་སྟོབས་ཀྱིས་ཡིན་པས། འགྱུར་བྱེད་ནི་རྒྱུ་ཡིན་ལ། དེའི་ཟླས་དྲངས་ན་འགྱུར་བ་ནི་འབྲས་བུ་ཡིན་པས། དེ་གཉིས་ཐ་མི་དད་ན་རྒྱུ་འབྲས་ཐ་མི་དད་པའི་སྐྱོན་དུ་འགྱུར་བ་སྟེ། དྲུག་པའོ།། གཞན་ཡང་འགྲོ་བྱེད་ཐ་མི་དད་ན་བྱ་བྱེད་ཐ་མི་དད་དགོས་ཤིང༌། དེ་མི་དད་ན་གཅིག་པ་ཡིན་དགོས་པས། དེའི་ཚེ། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས།། ཞེས་བྱ་བ་ལ་སོགས་པའི་ལུང་རིགས་དང་རྒྱ་ཆེར་འགལ་བ་སྟེ། བདུན་པའོ།། གཞན་ཡང་བདག་འགྲོ་བའི་གནས་སྐབས་སུ་འགྲོ་བ་པོ་བདག་དང་འགྲོ་བྱ་གཞན་ལམ་ལྟ་བུ་ཡིན་ཞིང༌། གང་དོན་ལ་ཇི་ལྟར་ཡིན་པ་དེ་བཞིན་དུ་བློ་ལའང་དངོས་སུ་སྣང་བས། བདག་འགྲོ་བ་ལྟ་བུ་ལ་བྱ་བ་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཞན་དངོས་སུ་མི་སྣང་བར་འདོད་པའང་མངོན་སུམ་ལ་བསྙོན་པ་སྟེ། བརྒྱད་པའོ།། གཞན་ཡང་འདིར་བསྟན་བདག་གཞན་དང་དུས་གསུམ་ལ་སོགས་པ་ནི་བརྗོད་བྱའི་དོན་ལ་འཇོག་དགོས་པ་ལས་རྗོད་བྱེད་ཚིག་ལ་འཇོག་རྒྱུ་གཏན་ནས་མ་ཡིན་མོད། དེ་ལྟ་ནའང་སྐུ་ཉིད་ཀྱི་ཞལ་ནས། དུས་གསུམ་གྱི་དབྱེ་བས་ནི་བྱ་བྱེད་ཀྱི་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་སྟེ། ཞེས་དང༌། བྱ་བྱེད་ཀྱི་སྒྲ་ལྷག་མ་རྣམས་བསྡུ་བའི་ཕྱིར་དུ་ཡིན་ནོ།། ཞེས་གསུངས་པ་སོགས་ལ་བལྟས་ན་སྒྲ་ཉིད་ལ་བཞེད་འདུག་པས་ཤིན་ཏུ་ཡང་ནོར་བ་སྟེ། དགུ་པའོ།། དེ་ལྟར་མགལ་འདུ་མང་དུ་འཇུག་པའི་རྒྱུ།། ཁོ་བོའི་བློ་མིག་མ་དག་པའི་སྐྱོན་ནམ།། ཡང་ན་ཅིག་ཤོས་རིགས་ལམ་མི་མཁྱེན་པས།། ནོངས་ཞེས་གཟུར་གནས་མཁས་རྣམས་དཔྱད་པར་རིགས།། ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། དོན་བསྡུས་ན་མདུང་གིས་བསྣུན་པ་ལ་མདུང་བསྣུན་ཞེས་བརྗོད་པ་དང་འདྲ་བར་བདག་གིས་འགྲོ་བ་ལ་བདག་འགྲོ་ཞེས་བྱེད་སྒྲ་བསྡུས་པ་ཙམ་ཡིན་གྱི། དོན་ལ་འགྲོ་བྱ་འགྲོ་བྱེད་གཅིག་ཏུ་བསྡུས་པ་མིན་ཞིང་བསྡུ་ཡང་མི་ནུས་པས། ཚིག་དོན་གྱི་འཇུག་པ་མ་ནོར་བར་བྱ་དགོས་ལ། དེའི་ཕྱིར། ཅུང་ཟད་བསྡུས་པ་ཡོད་ན་ཡང༌།། དེ་དང་དེ་ནི་སྦྱར་བར་བྱ།། ཞེས་གསུངས་པ་ལྟར། བདག་འགྲོ་ཞེས་པ་ལ་བདག་གིས་ཞེས་བྱེད་སྒྲ་སྦྱར་དགོས་པས། དེར་ཡང་བདག་གཞན་སོགས་མི་འཇུག་པ་མིན་ནོ།། དེ་རྣམས་ཇི་ལྟར་འཇུག་ཚུལ་ཡང་ཕྱོགས་ཙམ་མཚོན་ན། འགྲོ་བྱེད་བདག འགྲོ་བྱ་གཞན། སོང་ཟིན་འདས། འགྲོ་རྒྱུ་མ་འོངས་པ། འགྲོ་བཞིན་དུས་ད་ལྟ་བ་སོགས་དང༌། དེ་བཞིན་དུ་འགྱུར་བྱེད་བདག་དང༌། འགྱུར་བྱ་མ་འོངས་པ་སོགས་ཏེ། མདོར་ན་བདག་འགྲོ་བ་དང༌། གསེར་དུ་འགྱུར་བ་སོགས་ལའང་བདག་གཞན་སོགས་ཆ་ཚང་སྦྱར་རུང་བས། ཚིག་གི་བརྗོད་ཚུལ་དང་དོན་གྱི་གནས་ཚུལ་ཤན་ཕྱེད་པར་བྱས་ལ། སླད་ཕྱིན་ཆད་བདག་འགྲོ་བ་དང༌། གསེར་དུ་འགྱུར་བ་ལྟ་བུ་ནི་བྱ་བྱེད་ཐ་མི་དད་ཅིང༌། དེ་ཐ་མི་དད་པས་དེར་བདག་གཞན་སོགས་སྦྱར་མི་རུང་ཟེར་བའི་རྨོངས་གཏམ་ནི་ནམ་དུའང་སྨྲ་བར་མི་བྱ་སྟེ། ཕྱི་ནང་གི་མཁས་པ་རྣམས་ཐུགས་ཁྲེལ་བའི་རྒྱུ་ཡིན་པའི་ཕྱིར་རོ།། གལ་ཏེ་གསེར་དུ་བསྒྱུར་ཅེས་པས་སྒྱུར་བྱེད་ཀྱི་བདག་ཅིག་ཡོད་པར་གོ་ཡང༌། འགྱུར་ཞེས་པ་ལ་དེ་ལྟར་མིན་པས། སྔ་ཕྱིར་བདག་གཞན་འཇུག་མི་འཇུག་གི་ཁྱད་པར་འཐད་དོ་སྙམ་ན། འདིར་བསྟན་བདག་དང་གང་ཟག་གི་བདག་གཉིས་ཀྱི་དབྱེ་བ་མི་ཕྱེད་པ་སྟེ། དེས་འགྱུར་བར་བྱེད་པ་པོའི་གང་ཟག་ཡོད་པར་མི་འཕེན་ཀྱང༌། འགྱུར་བྱེད་ཀྱི་རྒྱུ་ཡོད་པར་འཕེན་པའི་ཕྱིར་དང༌། དེ་ཉིད་དེའི་བྱེད་པོའི་བདག་ཡིན་པའི་ཕྱིར་རོ།། དེ་བས་ན་བློ་གྲོས་ཀྱི་འཇུག་པ་ཀུ་ཤའི་རྩེ་མོ་ལྟར་ཕྲ་བར་བྱས་ནས་ཚུལ་འདི་ལྟར་དུ་ཕྱེ་དགོས་པ་སྟེ། བདག་གིས་རྐང་པས་བགྲོད་དེ་ལྷ་སར་སྨན་ལེན་དུ་འགྲོ་ཞེས་པ་ལྟ་བུར་མཚོན་ན། དེས་སུ་ཞིག་འགྲོ་བའི་བྱེད་པོ། གང་གིས་འགྲོ་བའི་བྱེད་པ། ཇི་ལྟར་འགྲོ་བའི་བྱེད་ཐབས། གང་དུ་འགྲོ་བའི་ཡུལ། དེར་འགྲོ་བའི་དགོས་པ། གང་དུ་འགྲོ་བའི་བྱ་བ་དང་བཅས་བརྗོད་བྱའི་དངོས་པོ་དྲུག་བསྟན་ལ། གང་ཇི་ལྟར་བསྟན་པ་དེ་ལྟར་འཕྲིགས་ཚུད་པའི་མི་ཞིག་ལ་བདག་གིས་ལྷ་སར་སྨན་ལེན་དུ་འགྲོ་ཞེས་བརྗོད་པ་ན་ཚིག་ལ་བྱེད་པ་དང་བྱེད་ཐབས་གཉིས་བསྡུས་མོད་ཀྱང༌། དོན་ལ་དེ་གཉིས་ཀྱང་གོ་ནུས་ཤིང༌། ཐ་ན་བདག་འགྲོ་ཞེས་པ་ཙམ་ལས་མ་བརྗོད་ཀྱང་སྐབས་སྟོབས་ཀྱིས་དོན་དེ་རྣམས་རྫོགས་པར་གོ་ནུས་པ་སྟེ། ཚད་མ་རྣམ་འགྲེལ་ལས། མ་བརྗོད་ན་ཡང་འདོད་པ་ནི།། སྐབས་ལས་རྟོགས་པར་འགྱུར་བ་ཡིན།། ཞེས་སོ།། དེའི་ཕྱིར་ཚིག་གང་དང་གང་ལས་དོན་གང་དང་གང་ཞིག་གོ་བ་ནི་ཚིག་དེ་དང་དེ་ལ་དོན་དེ་དང་དེ་སྟོན་པའི་ནུས་པ་ཡོད་པ་དང༌། བསྟན་འདོད་དང་ཉན་འདོད་སོགས་རྒྱུ་རྐྱེན་དུ་མ་ཞིག་ཆགས་དགོས་པས། དེ་རྣམས་དཔྱིས་ཕྱིན་པར་ཤེས་དགོས་ཤིང༌། དེ་ལའང་སྒྲ་རྟོག་སེལ་བས་འཇུག་ཚུལ་སོགས་དབུ་ཚད་ཀྱི་རིགས་ལམ་ཕྲ་མོ་རྣམས་ངེས་པར་དུ་ཤེས་དགོས་སོ།། ཞེས་གསུངས་པ་ནི་གཞོམ་གཞིགས་མེད་པའི་ལུང་རིགས་གཉིས་ལྡན་གྱི་རྡོ་རྗེའི་ཐོ་བ་དང་འདྲ་ཞིང༌། སྒྲ་ཚད་གཉིས་ཀ་ལ་སྐྱེས་སྟོབས་ཀྱི་ལུས་རྩལ་རྫོགས་ཤིང༌། སྦྱངས་སྟོབས་ཀྱི་མཆེ་སྡེར་འབར་བས། ཚོགས་ཀྱི་དབུས་ན་འཇིགས་པ་མེད་པར་སེངྒེའི་སྒྲ་སྒྲོག་པ་སྟེ། སྒྲ་ཚད་གཉིས་ཀ་ལ་རྣམ་དཔྱོད་ཀྱི་མིག་དཀྱུས་རིང་བའི་གཟུར་གནས་མཁས་པ་ཚོས་གཟིགས་མོ་མཛད་ན་ཁོང་གི་བཞེད་པ་དེ་ལས་གཞན་དུ་འདའ་བ་མེད་པའི་རྡོ་རྗེའི་བཀའ་ལུང་བཙན་པོ་ཉིད་དུ་ངེས་ཏེ། དེ་ལས་གཞན་དུ་གཡོལ་ན་སྒྲ་ཚད་གཉིས་ཀའི་ལམ་ནས། ལུང་རིགས་རྡོ་རྗེའི་མེ་ཆར་མགོ་ཐོག་ཏུ་འབབ་རྒྱུ་ལས་གཞན་མ་མཆིས་པས། དེས་ན་ཁོ་བོ་ཅག་གི་དམིགས་ཕུག་གི་རང་ལུགས་ངོ་མ་ཡང་འདི་ཉིད་ཁོ་ནར་འདོད་དོ།། འོ་ན་ཁྱོད་ཀྱིས་གོང་དུ་དེ་ལས་གཞན་པའི་བཤད་སྲོལ་རྩ་བཤད་ཀྱིས་འཛིན་མཚམས་བྱས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་ད་ལྟའི་གྲགས་ཆེ་བའི་བཤད་སྲོལ་ལ་བསྟུན་ནས་དེ་དག་གི་བཤད་པ་གཞི་གཟུང་གིས་འཛིན་མཚམས་དང་གོ་དོན་ཅུང་ཟད་ཕྲ་རུ་གཏོང་བ་ཡིན་ཏེ། བཤད་སྲོལ་དེ་ཉིད་ཡུལ་དུས་ཀྱི་དབང་གིས་གྲགས་ཆེ་ཞིང་ལག་ལེན་ལ་འགེལ་དུས་ཁྱད་པར་ཆེར་མེད་ཅིང༌། རགས་བཤད་དེའི་ཐོག་ནས་གནས་སྐབས་གོ་དོན་རགས་པ་རེ་ཤེས་ཐུབ་པས། དེ་ལ་བསམ་ནས་ཕྱོགས་སྔ་མའི་འདོད་པ་ཇེ་གསལ་དུ་བཏང་བ་ཡིན་གྱི། དམིགས་ཕུགས་ཀྱི་འདོད་པ་ནི་མ་ཡིན་ཏེ། གོང་དུ་བགྲངས་པའི་རིགས་པ་དེ་དག་གི་གནོད་བྱེད་ཟློག་ཏུ་མེད་པའི་ཕྱིར། དེས་ན་སུམ་རྟགས་ཀྱི་བསླབ་རིམ་ཡང་རིམ་པ་བཞིན་གོ་བ་རགས་བཤད་ནས་གཏན་ཚིགས་རིག་པའི་རྒྱབ་སྐྱོར་མ་རེག་བར་དུ་ཇེ་ཟབ་དང་ཇེ་ཕྲར་བཏང་ནས་ཤེས་པར་བྱ་དགོས་ཀྱི། འོལ་སྤྱི་ཙམ་ཤེས་པས་གསུང་རབ་ཀྱི་བརྡ་ཆད་ཕྱིན་ཅི་མ་ལོག་པར་འགྲེལ་བར་ཕན་པ་གང་ཡང་མི་ནུས་པར་མ་ཟད། ད་དུང་སྐབས་འགར་ལོག་པར་འགྲེལ་བའི་ཉེན་ཡང་ཤིན་ཏུ་ཆེ་བས། རིགས་ལམ་གྱི་རྣམ་གཞག་བརྟན་པོ་མ་ཆགས་པའི་བརྡ་སྤྲོད་སྐམ་པོ་སྨྲ་མཁན་ཚོས་ཅིས་ཀྱང་བག་ཡོད་པར་མཛོད་ཅིག དེས་ན་ཁྱོད་ཅག་གི་བཞེད་པ་ནི་ལས་དང་པོ་བ་ལ་གོ་བརྡ་སྤྲོད་བདེ་བ་དང༌། བརྡ་སྤྲོད་རིག་པའི་གནས་ལ་ཐོག་མའི་འཇུག་སྒོ་རན་ཞིང་འཚམ་པ་ལགས་པས། ཁོ་བོ་ཅག་གིས་ཀྱང་བཤད་ཚུལ་དེ་དག་མཐའ་གཅིག་ཏུ་འདོར་བར་མི་འདོད་དེ། འོག་ཏུའང་ལས་དང་པོ་རྣམས་འཇུག་པ་བདེ་བར་ཆེད་དུ་དམིགས་ནས་བཤད་སྲོལ་དེ་ཉིད་དང་མཐུན་པར་ཅུང་ཟད་ཞིབ་ཚགས་པོའི་སྒོ་ནས་འཆད་པར་བྱ་ཡི་ཕུགས་ཀྱི་བསམ་དོན་ནི་གོང་དུ་བགྲངས་པའི་དགེ་བཤེས་ལམ་རིམ་པའི་བཞེད་པ་དེ་ཉིད་ལ་འཇུག་པའི་ཆེད་ཁོ་ནའོ།།
གསུམ་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ ཁྱད་པར་ལ་ཅུང་ཟད་དཔྱད་པ།
གསུམ་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་བཤད་པ་ལ། བྱེད་འབྲེལ་ལས་ཚིག་ནི། བྱ་བ་གང་ཞིག་བྱེད་པའི་ཚེ། བྱེད་པ་པོ་ཞིག་གིས་རྩོལ་བའི་འབད་པ་ལ་དངོས་སུ་བརྟེན་པའི་སྒོ་ནས་བྱེད་པ་ཞིག་ལ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཟེར་ཞིང༌། དེ་ཉིད་སྟོན་པའི་ཚིག་ལ་བྱེད་འབྲེལ་ལས་ཚིག་ཟེར། འདི་ལ་བྱ་བྱེད་ཐ་དད་པའི་ལས་ཚིག་ཀྱང་ཟེར། ཡང་ན་ཁྱད་ཆོས་གསུམ་དང་ལྡན་པའི་ལས་ཚིག་ལ་བྱེད་འབྲེལ་ལས་ཚིག་འཇོག་སྟེ། ཁྱད་ཆོས་གསུམ་ནི། ༡ བྱ་བ་དེ་ཉིད་ཀྱི་བྱེད་པ་པོ་དངོས་སུ་ཡོད་པ། ༢ དེ་ཉིད་བྱ་ལས་དང་ངོ་བོ་ཐ་དད་པ། ༣ དེ་ཉིད་བྱ་ཡུལ་དང་བྱ་བྱེད་ཀྱི་འབྲེལ་བ་དངོས་སུ་ཡོད་པ་གསུམ་སྟེ། དཔེར་ན། རྫ་མཁན་གྱིས་འཁོར་ལོ་བསྐོར་ལྟ་བུ། སྐོར་བའི་བྱ་བ་བྱེད་པ་པོ་རྫ་མཁན་དངོས་སུ་ཡོད་པ་དང་གཅིག བསྐོར་བའི་བྱ་བའམ་འཁོར་ལོ་དེ་ཉིད་རྫ་མཁན་དང་ཐ་དད་དུ་ཡོད་པ་དང་གཉིས། བསྐོར་བ་དེ་ཉིད་རྫ་མཁན་གྱི་འབད་པ་དངོས་སུ་བརྟེན་པ་དང་གསུམ་ཚོགས་པས། བྱེད་འབྲེལ་ལས་ཚིག་ཅེས་བྱ་བ་ཡིན་ནོ།། བྱེད་མེད་ལས་ཚིག་ནི། བྱེད་པ་པོའི་རྩོལ་པའི་འགུལ་སྐྱོད་ལ་མ་ལྟོས་པར་དངོས་པོ་རང་ངོས་ནས་རང་བཞིན་གྱིས་རྣམ་པར་འགྱུར་བ་ལྟ་བུ་ཞིག་ལ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བའམ་ལས་ཡིན་ཏེ། དེ་ཉིད་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་ཟེར། འདི་ལ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཀྱང་ཟེར། ཡང་ན་ཁྱད་ཆོས་གསུམ་དང་མི་ལྡན་པའི་ལས་ཚིག་ལ་བྱེད་མེད་ལས་ཚིག་ཟེར། དེ་ལ་ཞིབ་ཏུ་ཕྱེ་ན་རིགས་གསུམ་སྟེ། ༡བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག ༢བྱེད་པ་པོ་དངོས་སུ་མེད་པའི་བྱེད་མེད་ལས་ཚིག ༣བྱེད་པ་པོ་དངོས་སུ་ཡོད་ཀྱང་བྱ་ལས་དང་ངོ་བོ་ཐ་མི་དད་པའི་བྱེད་མེད་ལས་ཚིག་སྟེ་གསུམ་དུ་ངེས་པར་སེམས་སོ།། དེ་དག་གི་དཔེར་བརྗོད་དང་གོ་དོན་རིམ་པ་བཞིན་བཤད་ན། དང་པོ་ནི། འཁོར་ལོ་རང་ཉིད་སྟེས་དབང་གིས་འཁོར་བ་དང༌། དཀར་ཡོལ་ལྟ་བུ་སྟེས་དབང་གིས་ལྷུང་ནས་ཆག་པ་ལྟ་བུ་ཡིན་ཏེ། དེའི་ཚེ་འཁོར་ལོ་སྐོར་བ་པོའི་སྐྱེས་བུ་དང༌། དཀར་ཡོལ་གཅོག་པ་པོའི་གང་ཟག་སུ་ཡང་གང་ངོས་འཛིན་རྒྱུ་མེད་པས་སོ།།འདིས་མཚོན་ནས། ས་གས། རི་ཉིལ། ཆུ་འཁྱིལ། མེ་འབར། རླུང་གཡོ། གློག་འཁྱུག མཚོ་འཕྱུར་ལྟ་བུ་རྣམས་ཀྱང༌། བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག་ཏུ་ཤེས་དགོས། གཉིས་པ་ནི། རྫ་མཁན་གྱིས་འཁོར་ལོ་བསྐོར་ནས་འཁོར། བྱིས་པས་དཀར་ཡོལ་བཅག་ནས་ཆག་ལྟ་བུ་ཡིན་ཏེ། སྐད་ཅིག་དང་པོར་རྫ་མཁན་གྱིས་འཁོར་ལོ་ཤུགས་ཆེན་པོར་བསྐོར་བས། བྱེད་པ་པོ་རྫ་མཁན་གྱི་རྩོལ་བ་དང་དངོས་སུ་འབྲེལ་ཡང༌། སྔ་མའི་རྩོལ་བ་དེའི་ཤུགས་ཀྱིས་འཁོར་བ་ན། སྐད་ཅིག་དང་པོའི་སྐབས་སྐོར་བར་བྱེད་པ་པོ་དངོས་སུ་འབྲེལ་ཞིང༌། སྐད་ཅིག་གཉིས་པའི་སྐབས་བྱེད་པོས་བསྐོར་རྒྱུ་མཚམས་འཇོག་བྱས་ཀྱང་སྔ་མའི་ཤུགས་ཀྱིས་འཁོར་བ་ལས་བྱེད་པ་པོ་དང་དངོས་སུ་འབྲེལ་བ་མེད་པས་སོ།། དེ་བཞིན་དཀར་ཡོལ་གཅོག་པའི་སྐབས་གཅོག་མཁན་དང་བརྒྱུད་ནས་མ་གཏོགས་དངོས་སུ་འབྲེལ་བ་མེད་དོ།།འདིས་མཚོན་ཏེ། སྤྲད་ནས་འཕྲོད། བསྒྲིགས་ནས་འགྲིགས །བསྒྲུབས་ནས་གྲུབ། བསྒྱུར་ནས་གྱུར། ལྟ་བུ་ལའང་བྱེད་པ་པོ་བརྒྱུད་ནས་ཡོད་ཀྱང་བྱེད་རྩོལ་དང་དངོས་སུ་འབྲེལ་བ་མེད་པས། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཚིག་ཡིན་ནོ།། གསུམ་པ་ནི། ང་འགྲོ། འཁོར་བར་འཁོར་ལྟ་བུ་ཡིན་ཏེ། འགྲོ་མཁན་ང་དངོས་སུ་ཡོད། དེ་ཉིད་འགྲོ་བའི་བྱ་བ་དང་དངོས་སུ་འབྲེལ་མོད། འོན་ཀྱང་འགྲོ་མཁན་ལས་ལོགས་སུ་འགྲོ་བྱ་མེད། འགྲོ་བྱ་ལས་ལོགས་སུ་འགྲོ་མཁན་མེད་པས་སོ།། དེ་བཞིན་དུ་འཁོར་བར་འཁོར་ལྟ་བུ་འཁོར་བའང་རང་ཉིད་ཡིན་ལ་འཁོར་མཁན་ཡང་རང་ཉིད་ཡིན་པས་བྱེད་མེད་ལས་ཚིག་ཡིན་ནོ།། འདིའི་རིགས་ལ་དངུལ་ཆུ་ཡབ་སྲས་སོགས་མཁས་པ་རྣམས་ཀྱིས་བྱེད་པ་པོ་དངོས་སུ་ཡོད་པ་ལ་དགོངས་ནས། བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་དང༌། བདག་དོན་ཕལ་བ་ཞེས་བཏགས་པར་མཛད། གོང་གསལ་དེ་གསུམ་ནི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ནོ།། རྣམ་པར་གཞག་པ་འདི་དག་གི་སྐོར་ལ་བརྡ་སྤྲོད་རྐང་ལམ་ཕྲ་མོའི་སྟེང་ནས་ཕོ་སྒྲོབ་ཀྱི་སྨྱུག་རྩེ་སྐྱོད་པ་དང་གཅིག །གཏན་ཚིགས་ཀྱི་གཡང་གཟར་མཐོན་པའི་རྩེ་ནས་ཐལ་སྟོང་གི་ཀི་སྒྲ་འདོན་པ་དང་གཉིས། ནང་དོན་རིག་པའི་གཅོང་རོང་གི་གསེབ་ནས་ཨུ་ཚུགས་ཀྱི་ངན་སྨྲོས་བྱེད་པ་དང་གསུམ་གྱིས། འདིའི་དོན་ལ་ཐུགས་དོགས་ཀྱང་འབྱུང་མི་སྲིད་ལ་གལ་སྲིད་བྱུང་ནའང་ལན་འདེབས་མི་གནང་བ་འཚལ། འདིར་སྒྲ་ཚད་སེངྒེའི་འགྱིང་སྣོལ་ལ་དབང་བསྒྱུར་བར་མི་འཇིགས་པའི་གདེང་ཐོབ་ཅིང༌། མདོ་སྔགས་ཀྱི་གཞུང་ཆེན་པོ་ལ་མཐོང་ཐོས་ཀྱི་ཉམས་མྱོང་ལྡན་པའི་མཁས་པ་རྣམས་ཀྱིས་བཏང་སྙོམས་སུ་མི་འཇོག་པར་ཅིས་ཀྱང་འདིའི་ལན་འདེབས་གནང་བ་འཚལ་ཞེས་ཀྱང་ཞུའོ།། སི་ཏུ་པཎ་ཆེན་དང༌། དངུལ་ཆུས། བྱེད་མེད་ལས་ཚིག་ལ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་གི་ཐ་སྙད་སྦྱར་གནང་བ་ནི། སོ་སྐྱེ་རང་ག་བས་མ་བརྟག་མ་དཔྱད་པའི་སྐབས་ཀྱི་མཐོང་སྣང་གཞིར་བཟུང་བ་ལས། བརྟག་ཅིང་དཔྱད་པའི་ལུགས་ཀྱི་མཐོང་སྣང་ལ་དགོངས་པ་མ་ཡིན་ཏེ། བྱ་བ་གང་ཞིག་ཡིན་ཡང༌། དེ་ཉིད་བྱེད་པ་པོ་དང་ཐ་མི་དད་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ལས་གང་ཞིག་གཞི་ལ་བཞག་ཀྱང༌། དེ་ཉིད་ཀྱི་སྟེང་དུ་བྱ་བ་བྱེད་པ་པོ་དང་བྱ་བ་གཉིས་གཅིག་ཏུ་གྲུབ་པ་ནི་གཞུང་ཆེན་པོའི་ལུགས་ལ་དེ་བས་མི་འཐད་དེ། ཟླ་བ་གྲགས་པས། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས།། དེ་ཉིད་ཀྱིས་དེ་འཛིན་པ་རིག་མ་ཡིན།། ཞེས་སེམས་ཙམ་པའི་ལུགས་ཀྱི་རང་རིག་དགག་པའི་སྐབས། ཤེས་པ་རང་གིས་རང་ཉིད་འཛིན་པའམ་རིག་པ་མི་འཐད་པའི་རྒྱུ་མཚན་དུ། བྱེད་པ་པོ་དང་ལས་དང་བྱ་བ་གསུམ་གཅིག་མིན་པ་རྟགས་སུ་བཀོད་འདུག་པ་འདི་ལས་གསལ་བ་ག་ལ་དགོས། འདིར་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་གོ་སླ་བའི་དཔེར་བརྗོད་འགའ་ཞིག་འགོད་ན།
ལྟ་བུ་སྟེ། མདོར་ན་བྱེད་འབྲེལ་ལས་ཚིག་ལ་མགོ་ཅན་མང་བ་དང༌། བྱེད་མེད་ལས་ཚིག་ལ་མགོ་ཅན་ཉུང་བའི་ཁྱད་པར་འདི་ཉིད་ཉམས་མྱོང་གི་ཐོག་ནས་ངེས་དགོས།
མིང་ཚིག་དང་བྱ་ཚིག་གི་ཁྱད་པར། མིང་ཚིག་ཅེས་པ་ནི་མིང་ཙམ་གསལ་བྱེད་ཀྱི་སྒྲ་ཞིག་ལ་ཟེར་ཏེ། དཔེར་ན། བུམ་པ། ཀ་བ། ལྷ། མི། འཇིག་རྟེན་ལྟ་བུ་རྣམས་ཏེ། ཞིབ་ཏུ་ཕྱེ་ན་དངོས་མིང་དང༌། བཏགས་མིང༌། འདོད་རྒྱལ་གྱི་མིང༌། རྗེས་གྲུབ་ཀྱི་མིང༌། མིང་ཁོ་ན་ཡིན་པ། མིང་ཚིག་གཉིས་ཀ་ཡིན་པ། བྱ་ཚིག་གི་ཤན་ཞུགས་པའི་མིང༌། བྱ་ཚིག་དང་ཉེ་ཡང་དེའི་ཤན་མ་ཞུགས་པའི་མིང་བཅས་དུ་མ་ཡོད་པ་ལས། དང་པོ་དངོས་མིང་ནི། དོན་དེའི་མིང་གཙོ་བོ་ཡང་ཡིན། དོན་དེར་འདོད་རྒྱལ་མཁན་པོས་བརྡ་སྦྱར་བ་ཡང་ཡིན་པའི་གཞི་མཐུན་པ་རྣམས་ལ་ཟེར་ཞིང༌། འདི་དང་འདོད་རྒྱལ་གྱི་མིང་གཉིས་དོན་གཅིག་ཏུ་འདོད་པའང་ཡོད་མོད། འཐད་པར་མི་སེམས་ཏེ། སྤངས་རྟོགས་མཐར་ཕྱིན་པའི་གང་ཟག་ལ་སངས་རྒྱས་ཞེས་བཏགས་པ་དེ། དེའི་དངོས་མིང་ཡིན་ཡང་དེའི་འདོད་རྒྱལ་གྱི་མིང་མ་ཡིན་པའི་ཕྱིར་ཏེ། དེ་སྤང་བྱའི་རྨོངས་པ་མཐའ་དག་ལས་སངས་པ་དང་ཤེས་བྱ་མཐའ་དག་ལ་བློ་རིག་རྒྱས་པའི་རྒྱུ་མཚན་ལ་བརྟེན་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཡིན་པའི་ཕྱིར། དེས་ན། སེངྒེ། ཉི་མ། ཟླ་བ་ལྟ་བུ་དངོས་མིང་དང་འདོད་རྒྱལ་གྱི་མིང་གི་གཞི་མཐུན་དང༌། སངས་རྒྱས། བྱང་སེམས། ཉན་ཐོས། རང་རྒྱལ། ལྕགས་རྟ། མེ་འཁོར་ལྟ་བུ་རྣམས་དངོས་མིང་དང་རྗེས་གྲུབ་ཀྱི་གཞི་མཐུན་པ་ཡིན་ནོ།།
གཉིས་པ་བཏགས་མིང་ནི། དོན་དེ་དངོས་མིན་ཡང༌། དོན་དེ་དང་འདྲ་འབྲེལ་གང་རུང་གི་སྒོ་ནས་བཏགས་པའི་མིང་སྟེ། དཔེར་ན། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེངྒེ་དང༌། མི་གླེན་པ་ལ་བ་ལང༌། མཆོང་རྩལ་བདེ་བ་ལ་སྤྲེའུ་འདོགས་པ་ལྟ་བུ་རྣམས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་ནོ།། ཉི་མའི་འོད་ཟེར་ལ་ཉི་མ་དང༌། མེའི་ཁ་དོག་ལ་མེ་ཞེས་བཏགས་པ་ལྟ་བུ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་ནོ།།
འདིར་མདོ་སྔགས་ཀྱི་གཞུང་ལུགས་ལ་མཁས་པ་ལ་ལའི་གསུང་ན། ཡུལ་མི་རྒན་པོ་ལ་སྤྱི་གཙོ་བོ་ཞེས་འདོགས་པ་དེ། འདྲ་འབྲེལ་གང་ཡང་མེད་པའི་བཏགས་མིང་ཡིན་ཏེ། སྤྱི་གཙོ་བོ་མེད་པའི་ཕྱིར། ཞེས་གསུངས་པ་ནི་གུ་དོག་པ་སྟེ། དེ་ལྟར་འདོགས་མཁན་གྱི་འཇིག་རྟེན་པ་དེ་དག་གི་བློ་ངོར་གྲུབ་མཐའི་བཤད་སྲོལ་དང་འདྲ་བ་སྤྱི་གཙོ་བོའི་དོན་སྤྱི་ཞིག་ཁྲ་ལམ་མེར་ཤར་ནས་བཏགས་པ་ཡིན་པས། དེ་ནི་འཇིག་རྟེན་པ་རྣམས་ཀྱི་བློ་ངོར་ཤར་བའི་དོན་སྤྱི་དེ་དང་འདྲ་བ་ཡིན་ཏེ། བློ་གཟུ་བོར་གནས་པའི་སྒོ་ནས་སོམས་ཤིག། དེ་བས་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང༌། ཆོས་ལུགས་དེའི་གཞི་ལམ་འབྲས་བུའི་ཐ་སྙད་གྲགས་ཆེ་བ་སྦྱིན་པ་དང་ཚུལ་ཁྲིམས་སོགས་དང༌། མི་སྣ་གྲགས་ཆེ་བ་ལ་སངས་རྒྱས་དང༌། འཇམ་དབྱངས། བྱམས་པ། སྒྲོལ་མ་སོགས། བོད་ཀྱི་མིའི་མིང་ལ་སྤྱོད་པའི་མགོ་ཚུགས་ཏེ། ཕྲུ་གུ་སྐྱེས་མ་ཐག་ནས། སངས་རྒྱས་དང༌། སྒྲོལ་མ་ཞེས་བཏགས་པ་འདི་དག་འདྲ་འབྲེལ་གང་གི་སྒོ་ནས་བཏགས་པ་ཡིན། ཞེས་བརྩད་ན་དངོས་བཏགས་ཀྱི་མིང་གི་དབྱེ་མཚམས་ལ་གོ་རྟོགས་ཀྱི་སྒོ་ཆེན་གསར་པ་ཞིག་ཕྱེ་ནུས་པར་སེམས་སོ།།
ཁོ་བོ་ནི་འདི་དག་དངོས་མིང་དུ་འདོད་དེ། དོན་དེ་ལ་དངོས་མིང་དུ་འཇུག་ན་དོན་དེ་ཡིན་མི་དགོས་པའི་ཕྱིར། དཔེར་ན། བཤན་པ་སངས་རྒྱས་དང༌། སྨད་འཚོང་སྒྲོལ་མ་ལྟ་བུ་ཡིན་ཏེ། བཤན་པ་སངས་རྒྱས་སངས་རྒྱས་མ་ཡིན། སྨད་ཚོང་སྒྲོལ་མ་སྒྲོལ་མ་མ་ཡིན་པའི་ཕྱིར། དེ་དག་དངོས་མིང་ཡིན་ཏེ། དེ་གཉིས་སྐྱེས་མ་ཐག་ནས་འདོད་རྒྱལ་མཁན་པོས་འདྲ་འབྲེལ་གྱི་རྒྱུ་མཚན་ལ་མ་ལྟོས་པར་རང་འདོད་ལྟར་བཏགས་པའི་མིང་གཙོ་བོ་ཡིན་པའི་ཕྱིར། དེ་བཞིན་དུ་དོན་དེ་ལ་དངོས་མིང་དུ་འཇུག་ན་དོན་དེའི་དངོས་མིང་ཡིན་མི་དགོས་པ་དཔེར་ན། དངོས་པོ་ལ་ཤེས་བྱའི་སྒྲ་འཇུག་ཀྱང་དེའི་དངོས་མིང་མིན་པ་སོགས་ཀྱང་ཤེས་དགོས་སོ།།
གསུམ་པ་འདོད་རྒྱལ་གྱི་མིང་ནི། དོན་དེ་ལ་རྒྱུ་མཚན་བཤད་དུ་མེད་པར་འདོད་རྒྱལ་མཁན་པོས་ཐོག་མར་བརྡ་སྦྱར་བའི་མིང་ལ་ཟེར་ཏེ། དཔེར་ན། རི་དྭགས་རྒྱལ་པོ་སེངྒེ་ཞེས་པ་ལྟ་བུ། དེ་བཞིན་དུ། ས། ཆུ། མེ། རླུང༌། ཉི་མ། ཟླ་བ། སྐར་མ་སོགས་ལའང་རིགས་བསྒྲེ།
བཞི་པ་རྗེས་གྲུབ་ཀྱི་མིང་ནི། དོན་དེའི་བྱེད་ལས་དང་ནུས་ཤུགས། འདྲ་བ་དང་འབྲེལ་བ་གང་ཞིག་ལ་ལྟོས་ནས་རྗེས་སུ་གྲུབ་པའི་མིང་ལ་ཟེར། དཔེར་ན། ལྕགས་ཐབ་ལྟ་བུ། ངོ་བོའམ་རྒྱུ་ཆ་ལྕགས་ཡིན་པ་ལ། རྣམ་པ་མེ་གཏང་སར་བསྒྱུར་བ་ན། སྔར་གྱི་ལྕགས་དང༌། ཐབ་ཅེས་པ་འདོད་རྒྱལ་གྱི་མིང་གཉིས་པོ་དེ་བསྡོམས་པའི་རྗེས་སུ་རྒྱུ་མཚན་དང་སྒྲ་བཤད་ཡོད་པའི་མིང་ཞིག་གསར་དུ་གྲུབ་པས་འདི་རིགས་ལ་རྗེས་གྲུབ་ཀྱི་མིང་ཞེས་བྱ་སྟེ། དེ་བཞིན་དུ། ཆུ་ཚོད། ལྕགས་རྟ། སྡུག་བསྔལ་བདེན་པ། སོགས་ལའང་རིགས་འགྲེ་ཤེས་དགོས།
ལྔ་བ་མིང་ཁོ་ན་ཡིན་པ་ནི། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་སྟེ། རྣམ་དབྱེ་དང་པོ་དང་དོན་གཅིག་གོ །དཔེར་ན། བུམ་པ། ཀ་བ། ལྟ་བུ། དེ་དག་མིང་ཡིན་ཏེ་ཁང་པའི་ཀ་བའི་མིང་ཡིན་པའི་ཕྱིར། ཚིག་ཡིན་ཏེ་ཁྱད་གཞི་ཁང་པ་ལ་ཁྱད་ཆོས་ཀ་བ་སྦྱར་ནས་བསྟན་པའི་མཉན་བྱ་ཡིན་པའི་ཕྱིར། དེས་གསེར་གྱི་བུམ་པ་ལའང་རིགས་འགྲེ།
དྲུག་པ་མིང་ཚིག་གཉིས་ཀ་ཡིན་པ་ནི། དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཚོགས་ཅན་གྱི་སྒྲ་སྟེ། དཔེར་ན། ཁང་པའི་ཀ་བ། གསེར་གྱི་བུམ་པ་ལྟ་བུ།
བདུན་པ་བྱ་ཚིག་གིས་ཤན་ཞུགས་པའི་མིང་ཚིག་ནི། བདག་གཞན་དང་དུས་གསུམ། བྱ་བྱེད་གང་ཞིག་དང་ཕན་ཚུན་ལྟོས་གྲུབ་ཀྱི་སྒོ་ནས་བཏགས་པའི་མིང་ཞིག་ལ་ཟེར་ཏེ། དཔེར་ན། མཐོང་སྤང་དང༌། སྒོམ་སྤང༌། བསླབ་པ། གདིང་བ། བརྗོད་པ། དགག་པ། དཔྱང་ཐག ལྟ་བུ་བྱ་ཚིག་གམ་ལས་ཚིག་གི་ཤན་ཞུགས་པ་དང༌། ངོ་རྒོལ། སྐམ་པོ། རློན་པ། བློ་སྦྱོང༌། སྡོམ་པ། སྔོན་འགོག ཆོས་མཆོད་ཕྱག་རྒྱ། མཐའ་རྩོད། གསུང་རྩོམ། འགོག་བདེན། གྲ་སྒྲིག མཐོང་ལམ། སྦྱོར་ལམ། ལས་སྒྲིབ། ལྟ་བུ་བྱེད་ཚིག་གིས་ཤན་ཞུགས་པ། མྱང་འདས། བདེ་གཤེགས། བཅོམ་ལྡན་འདས། སྤྱིར་བཏང༌། སངས་རྒྱས་ལྟ་བུ་འདས་ཚིག་གིས་ཤན་ཞུགས་པ། རྒྱུན་ཞུགས། ཕྱིར་འོང་ཞུགས་པ། ཕན་ཐོགས། བཤེས་སྤྲིངས། ཁ་སྐྱེངས། ཡིད་སྲུབས། མགུལ་ཆིངས། ཟློས་སྐྱོན་ལྟ་བུ་རྣམས་སྐུལ་ཚིག་གིས་ཤན་ཞུགས་པའི་མིང་ཚིག་ཡིན་ཏེ། དེ་དག་བདག་གཞན་དུས་གསུམ་གང་རུང་ལ་ལྟོས་ནས་བཏགས་པ་ཡིན་ཡང་བྱ་ཚིག་དངོས་མིན་ནོ།། དེ་ཡང་བྱེད་ཚིག་གི་ཤན་ཞུགས་པ་མང་ཞིང༌། བྱ་ཚིག་དང་འདས་ཚིག་གི་ཤན་ཞུགས་པ་དེ་ཙམ་མི་མང༌། སྐུལ་ཚིག་གི་ཤན་ཞུགས་པ་ནི་ཤིན་ཏུ་ཉུང་ངོ༌།།
བརྒྱད་པ་བྱ་ཚིག་དང་ཉེ་ཡང་དེའི་ཤན་མ་ཞུགས་པའི་མིང་ནི། སྐྱབས་གསུམ། བྱིན་རླབས། ཁང་རྩེགས་ལྟ་བུ་རྣམས་ཡིན་ཏེ། འདི་དག་བྱ་བྱེད་འདས་སྐུལ་གྱི་ཡིག་གཟུགས་གང་དང་ཡང་མི་མཐུན་པའི་ཕྱིར་རོ།།
བྱ་ཚིག་ཅེས་པ་ནི། བདག་གཞན་ནམ་ཡང་ན་དུས་གསུམ་གྱི་དབྱེ་བ་ཕྱེ་རུང་བའི་ཚིག་ལ་ཟེར་ཏེ། དེ་ཡང་སྤྱི་བཤད་རགས་པའི་དབང་དུ་བྱས་ན་བྱ་བྱེད་འདས་སྐུལ་གྱི་ཚིག་ཀུན་ལ་བྱ་ཚིག་ཅེས་བརྗོད་ཅིང༌། ཞིབ་ཏུ་ཕྱེ་ན། སྒྲུབ་ལྟ་བུ་བྱེད་ཚིག་དང༌། བསྒྲུབ་ནི་བྱ་ཚིག་གམ་ལས་ཚིག བསྒྲུབས་ནི་འདས་ཚིག །སྒྲུབས་ནི་སྐུལ་ཚིག་སྟེ། དེས་གཞན་ལའང་རིགས་འགྲེ་དགོས། མདོར་ན་བྱ་ཚིག་དང་མིང་ཚིག་གཉིས་སུ་ཕྱེ་བའི་བྱ་ཚིག་དང༌། བྱ་བྱེད་འདས་སྐུལ་བཞིར་ཕྱེ་བའི་བྱ་ཚིག་གཉིས་ཁྱབ་ཆེ་ཆུང་གི་ཁྱད་པར་མི་འདྲ་བ་འདི་ཉིད་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན་ནོ།།
འདི་ལ་བྱ་བྱེད་ཐ་དད་པའི་ལས་ཚིག་དང༌། ཐ་མི་དད་པའི་ལས་ཚིག་གཉིས་ཡོད་ཅིང༌། དུས་གསུམ་མ་ཟད་བདག་གཞན་གྱི་དབྱེ་བ་ཕྱེ་རུང་བའི་ལས་ཚིག་ལ་བྱ་བྱེད་ཐ་དད་པའི་ལས་ཚིག་དང༌། བདག་གཞན་གྱི་དབྱེ་བ་འབྱེད་དུ་མེད་ཅིང་དུས་གསུམ་གྱི་དབྱེ་བ་ཙམ་ཕྱེ་རུང་བའི་ལས་ཚིག་ལ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཅེས་བྱ་སྟེ། རྒྱས་པ་ནི་གོང་དུ་བཤད་ཟིན་ཏོ།།
འདི་ནི་མིང་ཚིག་དང་མི་འདྲ་བར་བྱ་བྱེད་དང་དུས་ཀྱི་ཁྱད་པར་ལ་བརྟེན་ནས་ཡིག་གཟུགས་ཀྱང་མི་འདྲ་བ་སྣ་ཚོགས་སུ་འགྱུར་འགྲོ་བས་དཀའ་གནད་འདི་ཉིད་དགྲོལ་བའི་ཆེད་མཁས་པ་འགའ་ཞིག་གིས་བཞེད་པ་ལྟར་བཀོད་ན།
དབྱེ་བ་དགུ་ལྡན་གྱི་བྱེད་འབྲེལ་ལས་ཚིག
བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས།།
འདས་དང་མ་འོངས་ད་ལྟ་དུས་གསུམ་དང༌།།
སྐུལ་ཚིག་དང་ནི་དགག་བྱའི་སྐུལ་ཚིག་སྟེ།།
འདི་དག་དབྱེ་བ་དགུ་ལྡན་ལས་ཚིག་ཡིན།།
འདིར་བློ་བཟང་གིས་ཤིང་གཅོད་པ་ལྟ་བུར་མཚོན་ན། གཅོད་པ་པོ་བྱེད་པོ། གཅད་བྱ་ལས། གཅོད་པར་བྱེད་བྱེད་ལས། གཅད་པར་བྱ་བྱ་ལས། བཅད་ཟིན་པ་འདས་པ། གཅོད་བཞིན་པ་ད་ལྟ་བ། གཅོད་འགྱུར་བྱེད་ལས་མ་འོངས་པ། ཆོད་ཅིག་སྐུལ་ཚིག མ་གཅོད་དགག་སྒྲའི་སྐུལ་ཚིག་སྟེ། དབྱེ་བ་དགུར་ཕྱེ་རུང་བ་ཡིན་ནོ།།
དབྱེ་བ་བདུན་ལྡན་གྱི་བྱེད་འབྲེལ་ལས་ཚིག
བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས། །
འདས་དང་མ་འོངས་ད་ལྟ་བཅས་ཏེ་བདུན། །
འདིར་ལུག་གིས་ཆུ་འཐུང་ལྟ་བུར་མཚོན་ན། འཐུང་པ་པོ་བྱེད་པོ། བཏུང་བྱ་ལས། འཐུང་བར་བྱེད་བྱེད་པའི་ལས། བཏུང་བར་བྱ་བྱ་བའི་ལས། བཏུངས་ཟིན་འདས་པ། འཐུང་བཞིན་པ་ད་ལྟ་བ། བཏུང་འགྱུར་མ་འོངས་པ། ལུག་ལ་ཆུ་ཐུངས་དང་མ་འཐུང་ཞེས་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་སྦྱོར་དུ་མེད་དེ། སྨྲ་མི་ཤེས་པ་དང་དོན་མི་གོ་བ་ལ་ཐུངས་དང་མ་འཐུང་ཞེས་བརྗོད་པའི་དོན་མེད་ཅིང༌། སྨྱོན་པ་མིན་ན་དེ་ལྟར་རྗོད་མཁན་ཡང་མེད་དོ།།
དེ་བཞིན་དུ་སྤྲིན་གྱིས་ཉི་འོད་སྒྲིབ། རི་བོ་སྨུག་པས་བཏུམས། ཆུ་རླབས་ཀྱིས་བྲག་ལ་བརྡབས་ལྟ་བུ་རྣམས་ཀྱང་གོང་གསལ་ལུག་དང་མི་འདྲ་བའི་ཁྱད་པར་བྱེད་པ་པོ་སེམས་དང་ལྡན་མིན་ཙམ་མ་གཏོགས། དབྱེ་བ་བདུན་ལྡན་གྱིས་ལས་ཚིག་ཡིན་པ་གཅིག་མཚུངས་ཡིན་ནོ།། སྙན་ངག་གིས་བརྒྱན་པའི་སྒྲོ་བཏགས་ཀྱི་ཚིག་སྦྱོར་དུ། མཁའ་ཡི་གླང་པོ་ཉི་འོད་སྒྲིབས་ཤིག་ཀྱེ། ལྟ་བུ་ནི་སྙན་ངག་མཁན་གྱི་ཚིག་སྦྱོར་ལ་བྱང་བའི་བརྡ་རྟགས་ཡིན་གྱི་སྨྱོན་པའི་གཏམ་དང་མི་མཚུངས་པས་འདི་རིགས་དམིགས་བསལ་ཡིན་ནོ།། གོང་གསལ་འཐུང་ཞེས་པའི་བྱ་ཚིག་དེ་ཉིད། སྨྲ་ཤེས་དོན་གོ་བའི་མི་ལ་ལབ་ན། དབྱེ་བ་དགུ་ལྡན་དུ་འགྱུར་ཏེ། དགག་སྒྲུབ་ཀྱི་སྐུལ་ཚིག་གཉིས་ཀྱང་སྦྱར་རུང་བའི་ཕྱིར། དེས་ཕྱི་མ་རྣམས་ལའང་རིགས་འགྲེ།
དབྱེ་བ་གསུམ་ལྡན་གྱི་བྱེད་མེད་ལས་ཚིག
འདས་དང་མ་འོངས་ད་ལྟ་དུས་གསུམ་ཙམ།།
དབྱེ་རུང་གསུམ་ལྡན་བྱེད་མེད་ལས་ཚིག་ཉིད།།
འདིར་ཆུ་འཁྱིལ་ལྟ་བུར་མཚོན་ན། འཁྱིལད་ཏོ་འདས་པ། འཁྱིལ་ལོ་ད་ལྟ་བ། འཁྱིལ་བར་འགྱུར་མ་འོངས་པ། དབྱེ་བ་འདི་གསུམ་ལས་གཞན་བྱེད་པོ་དང་བྱ་ཡུལ་གྱི་དབྱེ་བ་མི་འཐད་དེ། འཁྱིལ་བྱེད་དང་འཁྱིལ་བྱ་གཉིས་ཀ་ཆུ་ཡིན་པའི་ཕྱིར། དེ་བཞིན་དུ་ང་འགྲོ། ཁ་སྐྱེངས། མེ་འབར། རླུང་གཡོ་ལྟ་བུ་རྣམས་ཀྱང་བྱེད་པ་པོ་དངོས་སུ་ཡོད་མེད་ཇི་ལྟར་ཡང་དུས་གསུམ་གྱི་དབྱེ་བ་ཙམ་མ་གཏོགས་བྱ་བྱེད་ཀྱི་དབྱེ་བ་ཕྱེ་མི་རུང༌།
གཟུགས་གཅིག་དབྱེ་བ་དྲུག་ལྡན་གྱི་བྱེད་ཚིག
བྱེད་པོ་གཙོ་ཕལ་བྱེད་ལས་བྱེད་བཞིན་པ།།
བྱེད་ལས་མ་འོངས་དགག་སྒྲའི་སྐུལ་ཚིག་དྲུག།
བདག་གཞན་གཉིས་ལས་བདག་གི་ཁོངས་སུ་བསྡུས།།
དུས་གསུམ་ནང་ནས་ད་ལྟ་བ་ཡི་ཁོངས།།
འདིར་དཔེར་ན་བློ་བཟང་གིས་ཤིང་གཅོད་པ་ལྟ་བུར་མཚོན་ན། གཅོད་པ་པོ་བྱེད་པ་པོ། གཅོད་བྱེད་བྱེད་པ་ཕལ་པ། གཅོད་པར་བྱེད་བྱེད་པའི་ལས། གཅོད་བཞིན་པ་ད་ལྟ་བ། གཅོད་པར་འགྱུར་བྱེད་ལས་མ་འོངས་པ། མ་གཅོད་དགག་སྒྲའི་སྐུལ་ཚིག་སྟེ། གཅོད་ཅེས་པའི་ཡིག་གཟུགས་གཅིག་པོའི་བྱེད་ཚིག་འདི་ཉིད་གོ་བ་མི་འདྲ་བ་དྲུག་ལ་འཇུག་ཅིང༌། དེ་ཡང་བདག་གཞན་གཉིས་ཀྱི་ནང་ནས་བདག་དང༌། དུས་གསུམ་གྱི་ནང་ནས་ད་ལྟ་བའི་ཁོངས་སུ་འདུས་པ་ཡིན་ལ། དེས་བྱེད་འབྲེལ་ལས་ཚིག་གཞན་ལའང་རིགས་འགྲེ་ཤེས་པར་བྱའོ།།
གཟུགས་གཅིག་དབྱེ་བ་གཉིས་ལྡན་གྱི་ལས་ཚིག
བྱ་བའི་ཡུལ་དང་བྱ་ལས་གཉིས་པོ་ནི།།
གཟུགས་གཅིག་དབྱེ་བ་གཉིས་ལྡན་ལས་ཚིག་ཡིན།།
བདག་གཞན་གཉིས་ལས་གཞན་གྱི་ཁོངས་སུ་བསྡུས།།
དུས་གསུམ་དག་ལས་མ་འོངས་པ་ཡི་ཁོངས།།
འདིར་དཔེར་ན། བློ་བཟང་གིས་ཤིང་གཅད་ལྟ་བུར་མཚོན་ན། གཅད་བྱ་བྱ་བའི་ཡུལ། གཅད་པར་བྱ་བྱ་ལས་ཏེ། གཅད་ཅེས་པའི་ཡིག་གཟུགས་གཅིག་པོའི་བྱ་ཚིག་འདི་ཉིད་གོ་བ་མི་འདྲ་བ་གཉིས་ལ་འཇུག་ཅིང༌། དེ་ཡང་བདག་གཞན་གཉིས་ལས་གཞན་དང༌། དུས་གསུམ་ལས་མ་འོངས་པའི་ཁོངས་སུ་འདུ་བ་ཡིན་ལ། དེས་གཞན་ལའང་རིགས་འགྲེ་ཤེས་དགོས། གོང་གསལ་དེ་དག་བདག་གཞན་དང་དུས་གསུམ་གང་ཞིག་གིས་བསྡུ་བར་བཤད་པ་རྣམས་ནི་སྤྱི་བཤད་ཙམ་སྟེ། ཞིབ་ཏུ་དཔྱད་ན་འཐད་དང་མི་འཐད་ཀྱི་རྒྱུ་མཚན་རྒྱས་པ་གོང་དུ་བཤད་ཟིན་ཏོ།།
བཞི་པ་དུས་གསུམ་གྱི་རྣམ་གཞག་ལ་ཅུང་ཟད་དཔྱོད་པ། བཞི་པ་དུས་གསུམ་གྱི་རྣམ་གཞག་ལ་ཅུང་ཟད་དཔྱོད་པ་ལ་གཉིས། གསུང་རབ་ལས་བཤད་པའི་དུས་གསུམ་དང༌། བརྡ་སྤྲོད་པའི་གཞུང་ལས་འབྱུང་བའི་དུས་གསུམ་བཤད་པའོ། ། དང་པོ་གསུང་རབ་ལས་བཤད་པའི་དུས་གསུམ། དང་པོ་གསུང་རབ་ལས་བཤད་པའི་དུས་གསུམ་གྱི་དབྱེ་གཞི་ནི་འདུས་བྱས་ཁོ་ན་ལ་འཇོག་པ་གྲུབ་མཐའ་ཀུན་མཐུན་ཞིང༌། ནང་གསེས་ཀྱིས་ཕྱེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བུམ་པ་བུམ་པའི་འདས་པའི་དུས་ནའང་ཡོད། དེའི་མ་འོངས་དང་ད་ལྟ་བ་བཅས་གསུམ་ཀའི་དུས་ན་ཡོད་པ་འདོད་དོ། །དེ་ཡང་ཅུང་ཟད་ཞིབ་མོའི་ལུགས་སུ་བྱས་ན། ཆོས་མངོན་པ་མཛོད་ལས། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད།། ཡོད་པ་སྨྲ་བ་འདོད་དེ་དག། རྣམ་བཞི་དངོས་དང་མཚན་ཉིད་དང༌།། གནས་སྐབས་གཞན་འགྱུར་འགྱུར་ཞེས་བྱ།། ཞེས་པ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ནང་ནས། དངོས་པོ་གཞན་འགྱུར་གྱི་དུས་གསུམ་འདོད་མཁན་ནི་བཙུན་པ་ཆོས་སྐྱོབ་ཡིན་ཏེ། དེས་མྱུ་གུའི་མ་འོངས་པ་ནས་ད་ལྟ་བ་དང༌། ད་ལྟ་བ་ནས་འདས་པ་ལ་འཇུག་ན་མ་འོངས་པ་དང༌། ད་ལྟ་བའི་དངོས་པོ་འདོར་གྱི་མ་འོངས་པ་དང་ད་ལྟའི་དུས་ཀྱི་རྫས་མི་འདོར་ཏེ། དཔེར་ན་གསེར་གྱི་གཞོང་པ་བཅོམ་ནས་དེས་གསེར་གྱི་ལག་གདུབ་དང་རྣ་རྒྱན་བྱེད་པ་བཞིན་རྣམ་པ་འདོར་ཡང་རྫས་ཀྱི་ངོ་བོ་མི་འདོར་པའི་ཕྱིར། ཡང་འོ་མ་ཞོར་གྱུར་པ་ན་དབྱིབས་དང་རོ་གཞན་དུ་འགྱུར་གྱི་ཁ་དོག་གཞན་དུ་མི་འགྱུར་བ་བཞིན་ནོ་ཟེར། བཙུན་པ་དབྱངས་སྒྲོགས་ནི་དུས་གསུམ་མཚན་ཉིད་གཞན་འགྱུར་དུ་འདོད་དེ། དུས་རེ་རེར་ཡང་མཚན་ཉིད་གསུམ་ཀ་དང་ལྡན་མོད། གང་ཤས་ཆེ་བ་དེའི་སྒོ་ནས་དུས་གསུམ་འཇོག་དགོས་པའི་ཕྱིར་ཏེ། དཔེར་ན། སྐྱེས་བུ་ཞིག་བུད་མེད་ཅིག་ལ་ཆགས་པ་ཤས་ཆེ་བར་གྱུར་པ་དེའི་ཚེ་སྐྱེས་བུ་དེ་བུད་མེད་གཞན་ལ་ཆགས་བྲལ་མ་ཡིན་པ་བཞིན་ནོ།། བཙུན་པ་དབྱིག་བཤེས་ནི་གནས་སྐབས་གཞན་འགྱུར་གྱི་དུས་གསུམ་སྨྲ་སྟེ། མྱུ་གུ་ལྟ་བུ་དངོས་ཉིད་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོར་ཕྱིན་པ་ན་དུས་སོ་སོར་འཇོག་པ་སྟེ། དཔེར་ན་རིལ་བུ་གཅིག་ཉིད་ཤོ་མིག་ཏུ་རིམ་གྱིས་གཞག་པ་ན་གཅིག་དང་བརྒྱ་དང་སྟོང་གི་ཐ་སྙད་བྱེད་པ་བཞིན་ནོ།། བཙུན་པ་སངས་རྒྱས་ལྷ་ནི་གཞན་ནས་གཞན་དུ་འགྱུར་བའི་དུས་གསུམ་སྨྲ་སྟེ། བུད་མེད་གཅིག་ཉིད་ལྟོས་ས་སོ་སོ་ལ་ལྟོས་ཏེ་ཨ་མ་དང་བུ་མོར་བརྗོད་པ་བཞིན་དུ་དངོས་པོ་གཅིག་ཉིད་ཀྱང་སྔ་མ་ལ་ལྟོས་ཏེ་མ་འོངས་པ་དང་ཕྱི་མ་ལ་ལྟོས་ཏེ་འདས་པ་འཇོག་གོ་ཟེར། ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པས་ནི་སྤྱི་དུས་གསུམ་གྱི་དབྱེ་བ་འཇོག་ཏུ་མེད་དེ་གཞི་གྲུབ་ན་ད་ལྟ་བ་ཡིན་པས་ཁྱབ་པ་སྨྲ་བའི་ཕྱིར། འོན་ཀྱང་ཆོས་དེ་ལ་ལྟོས་པའི་དུས་གསུམ་གྱི་རྣམ་གཞག་འདོད་དེ། གཞི་བུམ་པ་ལྟ་བུ་གཞག་པའི་ཚེ། བུམ་པའི་དུས་སུ་འགགས་ཟིན་པ་རྣམས་བུམ་པའི་དུས་སུ་འདས་པ་དང༌། བུམ་པའི་དུས་སུ་ཡོད་པ་རྣམས་བུམ་པའི་དུས་སུ་ད་ལྟ་བ། བུམ་པའི་དུས་སུ་སྐྱེ་བཞིན་པ་བུམ་པའི་དུས་སུ་མ་འོངས་པར་འདོད་ཅིང༌། དེ་ལས་གཞན་པའི་མདོ་སྡེ་པ་དང་སེམས་ཙམ་པ། རང་རྒྱུད་པ་ཀུན་ཁ་མཐུན་པར། མྱུ་གུའི་དུས་སུ་འགགས་ཟིན་པ་མྱུ་གུའི་དུས་སུ་འདས་པ་དང༌། མྱུ་གུའི་དུས་སུ་སྐྱེས་ལ་མ་འགགས་པ་མྱུ་གུའི་དུས་སུ་ད་ལྟ་བ་དང༌། མྱུ་གུའི་དུས་སུ་སྐྱེ་བཞིན་པ་མྱུ་གུའི་དུས་མ་འོངས་པ་ཡིན་ལ། མྱུ་གུའི་དུས་སུ་འགགས་ཟིན་པ་མྱུ་གུའི་དུས་སུ་འདས་པ་ཡིན་ཡང༌། འདས་པའི་དུས་མ་ཡིན་ཏེ། དུས་ཡིན་ན་སྲོག་དང་མི་ལྡན་པའི་ལྡན་མིན་འདུ་བྱེད་ཡིན་དགོས་པའི་ཕྱིར། དེས་ན་འདས་པ་དང་འདས་པའི་དུས་གཉིས་ཁྱད་པར་འབྱེད་ཤེས་དགོས་ཏེ། ས་བོན་ལྟ་བུ་མྱུ་གུ་ལ་ལྟོས་ཏེ་འདས་པ་ཡིན་ཡང་འདས་པའི་དུས་མ་ཡིན་པའི་ཕྱིར་ཏེ། ཁྱོད་གཟུགས་ཡིན་པའི་ཕྱིར། ཁྱབ་སྟེ། དུས་ཡིན་ན་ལྡན་མིན་འདུ་བྱེད་ཡིན་དགོས་པའི་ཕྱིར། དེས་ད་ལྟ་བ་དང་མ་འོངས་པ་ལའང་རིགས་འགྲེ ཡང་ས་བོན་ལྟ་བུ་མྱུ་གུ་ལ་ལྟོས་ཏེ་འདས་པ་དང་མྱུ་གུའི་དུས་སུ་འདས་པ་ཡིན་ཡང་མྱུ་གུའི་འདས་པ་མ་ཡིན་ཏེ། དེ་མྱུ་གུའི་མ་འོངས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གྲུབ་པའི་སྐབས་རང་འབྲས་མྱུ་གུ་སྐྱེ་འགྱུར་ཡིན་པའི་ཕྱིར། དེས་ན་མྱུ་གུའི་དུས་སུ་འདས་པ་དང༌། མྱུ་གུའི་མ་འོངས་པ། མྱུ་གུའི་རྒྱུ་རྣམས་དོན་གཅིག་ལ། དེས་ད་ལྟ་དང་མ་འོངས་པ་ལའང་རིགས་འགྲེ། ཡང་ས་བོན་ཆོས་ཅན། མྱུ་གུ་ལ་ལྟོས་ཏེ་འདས་པ་ཡིན་ཡང་འདས་པ་མ་ཡིན་ཏེ། རང་དུས་སུ་སྐྱེས་ཟིན་མ་འགགས་པ་ཡིན་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། འདས་པ་ཡིན་ན་དངོས་མེད་ཡིན་དགོས་པའི་ཕྱིར། དེས་ན་ས་བོན་མྱུ་གུ་ལ་ལྟོས་ནས་འདས་པ་ཡིན་ཡང་སྤྱིར་འདས་པ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། དེས་ད་ལྟ་དང་མ་འོངས་པ་གཉིས་ལའང་སྦྱར་བར་བྱའོ། ལུགས་དེ་དག་ཏུ་གཞི་མྱུ་གུའི་དུས་སུ་འདས་མ་འོངས་གཉིས་མྱུ་གུའི་རྒྱུ་དང་འབྲས་བུ་ཡིན་པས་འདུས་བྱས་སུ་ཁས་ལེན་མོད། སྤྱིར་འདས་མ་འོངས་གཉིས་འདུས་བྱས་མ་ཡྀན་ཏེ། དེ་གཉིས་དངོས་མེད་ཡིན་པའི་ཕྱིར། དབུ་མ་ཐལ་འགྱུར་བ་ནི། རྩ་ཤེ་རབ་བྱེད་བཅུ་དགུ་པ་ལས། ད་ལྟར་བྱུང་དང་མ་འོངས་པ།། གལ་ཏེ་འདས་ལ་ལྟོས་གྱུར་ན།། ད་ལྟར་བྱུང་དང་མ་འོངས་པ།། འདས་པའི་དུས་ན་ཡོད་པར་འགྱུར།། ཞེས་དང༌། བཞི་བརྒྱ་པའི་རབ་བྱེད་བཅུ་གཅིག་པ་ལས། མ་འོངས་བུམ་པ་ད་ལྟ་བའི།། བུམ་ཡོད་མ་ཡིན་འདས་པ་མེད།། གང་ཕྱིར་དེ་གཉིས་མ་འོངས་པ།། དེ་ཕྱིར་མ་འོངས་ཡོད་མ་ཡིན།། ཞེས་དང༌། བཞི་བརྒྱ་པའི་འགྲེལ་པར། དེ་ལ་མ་འོངས་པ་ནི་ད་ལྟའི་དུས་སུ་མ་ཕྱིན་པའོ།། འདས་པ་ནི་དེ་ཉིད་ལས་འདས་པའོ།། ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགག་པའོ།། ད་ལྟར་བྱུང་བ་ནི་ད་ལྟར་དམིགས་པའི་ཕྱིར་གཙོ་བོ་ཡིན་གྱི། མ་འོངས་པ་དང་རྒལ་བ་དག་གི་མ་འོངས་པ་དང་འདས་པའི་དུས་གཉིས་རྣམ་པར་འཇོག་པ་ནི་གཙོ་བོ་མ་ཡིན་ནོ།། ཞེས་གསུངས་པ་ལྟར་ལགས་ཏེ། གོ་བདེ་བའི་ལུགས་སུ་བྱས་ན། དུས་གསུམ་གྱི་གཙོ་བོ་མ་ཡིན་པ་གང་ཞིག ཐལ་ཟིན་པ་འདས་པའི་མཚན་ཉིད། དེ་གང་ཞིག་དུས་གསུམ་གང་རུང་ཡང་ཡིན། ཐལ་ཟིན་པ་དང་ད་ལྟ་བ་མ་ཡིན་པའི་གཞི་མཐུན་པ་མ་འོངས་པའི་མཚན་ཉིད། དུས་གསུམ་གྱི་གཙོ་བོ་གང་ཞིག་སྐྱེས་ལ་མ་འགགས་པ་ད་ལྟ་བའི་མཚན་ཉིད་དུ་འདོད་དོ།། འདིར་རི་བོ་དགེ་ལྡན་པའི་མཁས་པ་རྣམས་ཀྱིས་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་བརྒྱད་བགྲངས་པའི་བདུན་པ་ཞིག་པ་དངོས་པོར་འདོད་པ་དང༌། བརྒྱད་པ་དེ་ལ་བརྟེན་ནས་དུས་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པའི་བཤད་པ་མཛད་དེ། ཞིག་པ་དངོས་པོ་འདོད་པའི་ཁུངས་ཀྱང༌། ས་བཅུ་པའི་མདོར། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་པ་དང༌། ཡོངས་སུ་མི་ཤེས་པའི་རྒྱུན་མི་ཆད་པའི་རྒྱུ་ཡང་འབྱིན་པའོ།། ཞེས་དང༌། རྩ་ཤེ་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། ཞེས་དང༌། རིགས་པ་དྲུག་ཅུ་པར། རྒྱུ་ཟད་ཉིད་ལས་ཞི་བ་ནི།། ཟད་ཅེས་བྱ་བ་དམིགས་པ་སྟེ།། ཞེས་པའི་བཀའ་བསྟན་གྱི་གཞུང་རྣམས་བགྲངས་ནས་ཞིག་པ་དངོས་པོའི་དོན་དུ་བཀྲལ་ལ། དཔལ་ལྡན་ས་སྐྱ་པའི་མཁས་པ་ཆེན་པོ་དག་གིས་ནི་དེ་ལས་གཞན་དུ་གསུངས་ཤིང༌། ལུང་རིགས་ཀྱི་སྤྲོས་པ་རྒྱས་པ་ནི་ཀུན་མཁྱེན་གོ་རམས་པའི་འཇུག་ཊིཀ་ཏུ་གསལ་བས་དེར་གཟིགས་དགོས། རྒྱལ་མཆོག་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་ཀུན་མཁྱེན་འཇམ་དབྱངས་མི་ཕམ་པ་ཆེན་པོས་ཀྱང་ཞིག་པ་དངོས་པོར་མི་འདོད་ཅིང༌། ཞིག་དངོས་འདོད་པའི་ཕྱོགས་ལ་ལུང་རིགས་ཀྱིས་སྤྲོས་པ་རྒྱས་པར་བྱས་པ་རྣམས་ཀྱང་བློ་གཟུ་བོར་གནས་ཤིང་རིགས་པའི་རོལ་རྩེད་ཕྲ་ལ་མཛངས་པས་མཁས་པ་མགུ་བའི་ལེགས་བཤད་ཁོ་ན་ཉིད་དུ་ངེས་ཏེ། མཁྱེན་པར་འདོད་ན་དེ་དག་ལས་སྔ་མས་མཛད་པའི་འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་དང༌། ཕྱི་མས་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་ལ་གཟིགས་དགོས། འདི་དག་གི་རྣམ་གཞག་ཤིན་ཏུ་ཟབ་ཅིང་ཕྲ་མོད། འདིར་བཤད་པའི་སྐབས་གཙོ་བོ་མ་ཡིན་པས་དེ་ཙམ་གྱིས་ཆོག་པར་བྱས་སོ། །འདི་ནི་གསུང་རབ་ལས་བཤད་པའི་དུས་གསུམ་དང་བརྡ་སྤྲོད་ནས་བཤད་པའི་དུས་གསུམ་གཉིས་དབྱེ་གཞི་དབྱེ་སྟངས་སོགས་སྒོ་ཀུན་ནས་མི་འདྲ་བ་ཤེས་པའི་ཆེད་དུ་མདོ་ཙམ་བསྟན་པར་བྱས་སོ། །རང་རེའི་ཚད་མའི་གཞུང་ལུགས་ནས་བཤད་པའི་དུས་གསུམ་གྱི་རྣམ་པར་གཞག་སྟངས་ཀྱང་ཕལ་ཆེར་གོང་དུ་བཤད་པ་དེ་དག་གིས་བསྡུས་ཤིང་འདྲ་བ་མངོན་ཏེ། རྣམ་འགྲེལ་གྱི་སྤྱི་ཐལ་དང་བསྡུས་གྲྭ་རྣམས་སུ་གཟིགས་ན་ཤེས་ནུས་པས་འདིར་ཟུར་དུ་སྤྲོས་བཤད་མ་བྱས་ཀྱང་འཐུས་པར་སེམས་སོ།།
གཉིས་པ་བརྡ་སྤྲོད་ཀྱི་གཞུང་ལས་འབྱུང་བའི་དུས་གསུམ་བཤད་པ།
གཉིས་པ་བརྡ་སྤྲོད་ཀྱི་གཞུང་ལས་འབྱུང་བའི་དུས་གསུམ་བཤད་པ་ལ།
༡༽ སྤྱི་ལྡོག་རགས་པའི་དབང་དུ་བྱས་པའི་དུས་གསུམ་གྱི་གོ་བ་བཤད་པ།
༢༽ བྱེད་པ་པོ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པ། ༣༽ བྱ་བ་ཡུལ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པ། ༤༽ དེ་དག་གི་ཁྱད་པར་དུ་མ་བྱས་པའི་དུས་གསུམ་བཤད་པ། ༥༽ བྱེད་པོ་དང་མ་འབྲེལ་བའི་ལས་ཀྱི་དུས་གསུམ་བཤད་པ། ༦༽ དུས་གསུམ་གྱི་དབྱེ་བ་རྒྱས་པ་བཤད་པ། ༧༽ བརྗོད་བྱ་དོན་གྱི་དུས་གསུམ་བཤད་པ། ༨༽ རྗོད་བྱེད་ཚིག་གི་དུས་གསུམ་བཤད་པ། ༩༽ དུས་གསུམ་གྱི་དབྱེ་བ་ཕྱེ་བའི་དགོས་པ་བཤད་པ་སྟེ་དགུ་ཡོད་དོ།།
༡༽ སྤྱི་ལྡོག་རགས་པའི་དབང་དུ་བྱས་པའི་དུས་གསུམ་གྱི་གོ་བ་ཙམ་བཤད་པ། བརྡ་སྤྲོད་རིག་པའི་གཞུང་ལས་བཤད་པའི་དུས་གསུམ་ཞེས་པ་དེ་ནི། གསུང་རབ་ལས་བཤད་པའི་དུས་གསུམ་གྱི་འཇོག་ཚུལ་ལྟར་དངོས་པོ་ཞིག་ཡིན་ཕྱིན་ཆད་དུས་གསུམ་གྱི་དབྱེ་བ་ཕྱེ་རུང་མིན་པར། དབྱེ་བའི་གཞི་བྱེད་པ་པོ་དང་འབྲེལ་མ་འབྲེལ་ཇི་ལྟར་ཡང་བྱ་བ་གང་ཞིག་དེ་ཉིད་བྱས་ཟིན་པ་ལ་འདས་པ། དེ་བསྟན་པའི་ཚིག་ལ་འདས་ཚིག་ཟེར། བྱ་བ་དེ་ཉིད་བྱེད་བཞིན་པའི་ཁྱད་པར་བྱས་པའི་ཆ་ནས་བཞག་པ་ད་ལྟ་བ་དང༌། དེ་སྟོན་པའི་ཚིག་དེ་ད་ལྟ་བའི་ཚིག་ཟེར། བྱ་བ་དེ་ཉིད་བྱ་འགྱུར་གྱི་ཁྱད་པར་དུ་བྱས་པའི་ཆ་ནས་བཞག་པ་མ་འོངས་པ་དང་དེ་ཉིད་སྟོན་པའི་ཚིག་ལ་མ་འོངས་པའི་ཚིག་ཟེར། གོང་གསལ་འདས་ཚིག་དང༌། ད་ལྟ་བའི་ཚིག མ་འོངས་པའི་ཚིག་ཅེས་པའི་ཚིག་དེ་དག་མིང་ཚིག་གཉིས་སུ་ཕྱེས་པའི་ཚིག་དང་འཁྲུལ་བར་མི་བྱ་སྟེ། སྔ་མ་གསུམ་པོ་དེ་དུས་གསུམ་གྱི་ཁྱད་པར་གོ་བྱེད་ཀྱི་སྒྲའི་ཆ་ཤས་ཙམ་ཡིན་གྱི་ལས་ཚིག་དངོས་མིན། ཕྱི་མ་ནི་དོན་གྱི་ཁྱད་པར་བསྟན་པའི་ཚིག་དངོས་ཡིན་པས་སོ།། གོ་སླ་བའི་ཆེད་དུ་དཔེར་བརྗོད་ན།
འདི་དག་ནི་སྤྱི་ལྡོག་རགས་པའི་དབང་དུ་བྱས་པའི་དུས་གསུམ་གྱི་གོ་བ་ཙམ་བཤད་པ་ཡིན་གྱི། མཐའ་གཅིག་ཏུ་ཁྱབ་པ་བཟུང་བའི་བཤད་པ་མ་ཡིན་པ་ནི་འོག་ནས་དུས་གསུམ་ལ་ཞིབ་ཏུ་དཔྱོད་པའི་སྐབས་ཤེས་ནུས་སོ། །སྔོན་གྱི་བརྡ་སྤྲོད་མཁན་པོ་ཕལ་མོ་ཆེས་དུས་གསུམ་གྱི་རྣམ་གཞག་ལ་སྤྱི་ལྡོག་རགས་པའི་དབང་དུ་བྱས་པ་ཙམ་ལས། རྣག་ཐོག་བཙག་བུའི་ཚུལ་གྱིས་དཀའ་གནད་ཞིབ་ཕྲས་དཔྱོད་པ་གནང་བ་ནི་ཆེས་ཤིན་ཏུ་ཉུང་མོད། བཀའ་དང་བསྟན་བཅོས་སྤྱི་དང་ལྷག་པར་བོད་ཀྱི་མཁས་པ་ཚད་ཐུབ་མང་པོའི་གསུང་རབ་གླེགས་བམ་དུ་བཞུགས་པ་རྣམས་ལ་ཞིབ་ཏུ་བལྟས་ན། ད་གཟོད་དུས་གསུམ་གྱི་རྣམ་གཞག་ལ་ཞིབ་འཇུག་དགོས་པའི་བློ་གྲོས་ཀྱི་སྣང་བ་གསར་པ་ཞིག་ཅིས་ཀྱང་འཆར་ངེས་སོ། །
༢༽ བྱེད་པ་པོ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པ། འགྲེལ་བྱེད་ཁ་ཅིག བྱེད་པ་པོ་ལ་ཡོད་པའི་ལས་ད་ལྟ་བ་དང་བྱ་བ་ཡུལ་ལ་ཡོད་པའི་ལས་ནི་མ་འོངས་པ་ཡིན་ཞེས་གསུངས་པ་ནི་སྤྱི་ལྡོག་རགས་པའི་མཚན་གཞིའི་གོ་བ་ཙམ་མམ། ཡང་ན་བྱ་བྱེད་ཀྱི་ཁྱད་པར་དུ་མ་བྱས་པའི་བྱེད་འབྲེལ་གྱི་ལས་ལ་དུས་གསུམ་དུ་ཕྱེས་པའི་ད་ལྟ་བ་དང་བྱེད་པ་པོ་སྟོན་པའི་རྗོད་བྱེད་ཀྱི་སྒྲའམ་ཡིག་གཟུགས་གཅིག་པ་ལ། མ་འོངས་པ་དང་བྱ་ཡུལ་གཉིས་སྟོན་བྱེད་ཀྱི་སྒྲའམ་ཡིག་གཟུགས་གཅིག་པ་ལ་དགོངས་ན་མ་གཏོགས་འཐད་པ་མི་སེམས་ཏེ། བྱེད་པ་པོ་ལ་ཡོད་པའི་ལས་དེ་ད་ལྟ་བ་ཙམ་དུ་མ་ཟད་དུས་གསུམ་གྱི་ཁྱད་པར་ཕྱེ་རྒྱུ་ཡོད་པའི་ཕྱིར་ཏེ། བྱེད་པ་པོ་ལ་ཡོད་པའི་ལས་དེ་བྱ་བ་རང་མཚན་པ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན། བྱེད་པ་པོ་དང་འབྲེལ་མི་འབྲེལ་ལ་མ་ལྟོས་པར་བྱ་བ་ཡིན་ཕྱིན་ཆད་ལ་དུས་གསུམ་གྱི་ཁྱད་པར་ཕྱེ་མི་རུང་བར་འདོད་པ་ཡང་མི་འཐད་པར་ཐལ། འདོད་མི་ནུས་ཏེ་བྱེད་པ་པོས་ཕར་བྱ་བ་བྱེད་པའི་ཆ་ནས་འཇོག་པའི་དུས་གསུམ་དང༌། བྱ་བའི་ཡུལ་གྱི་ངོས་ནས་ཚུར་རྣམ་འགྱུར་སྟོན་སྟངས་ལ་དུས་གསུམ་གྱི་ཁྱད་པར་ཡོད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཞན་ཡང་བྱེད་པ་པོ་ལ་ཡོད་པའི་ལས་དེ་དུས་ད་ལྟ་བ་དང་བྱ་བ་ཡུལ་ལ་ཡོད་པའི་ལས་དེ་མ་འོངས་པ་ཡིན་ན། ཁྱེད་ལ་འདི་འདྲི་བར་བྱ་སྟེ། བྱེད་པ་པོ་དང་འབྲེལ་བའི་ལས་སམ་བྱ་བ་ལ་དུས་གསུམ་གྱི་དབྱེ་བ་ཕྱེ་བ་མི་འཐད་པར་ཐལ། ཁྱེད་ལ་ད་ལྟ་བ་དང་མ་འོངས་པ་གཉིས་མ་གཏོགས་འདས་པ་ངོས་འཛིན་རྒྱུ་མེད་པའི་ཕྱིར། དེར་ཐལ། དེ་འདྲའི་བྱ་བ་དེ་ལ་བྱེད་པ་པོ་དང་འབྲེལ་བའི་བྱ་བ་དང༌། བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གཉིས་སུ་གྲངས་ངེས་ཤིང་དེ་གཉིས་ལས་བྱེད་པ་པོ་ལ་ཡོད་པའི་ལས་ནི་ད་ལྟ་བ་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་སམ་བྱ་བ་ནི་མ་འོངས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ་དུས་གསུམ་གྱི་དབྱེ་བ་དེས་བྱ་བ་ཡིན་ཕྱིན་ཆད་ལ་ཁྱབ་ཅིང༌། ཁྱེད་རང་གིས་ཀྱང་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཀུན་ལ་ཁྱབ་པ་བཤད་འདུག་པའི་ཕྱིར། གལ་ཏེ་དུས་གསུམ་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཀུན་ལ་ཁྱབ་པར་ཐལ། དུས་གསུམ་གང་རུང་ངམ་འདས་མ་འོངས་གཉིས་ཀྱིས་དེ་ལྟར་ཁྱབ་པའི་ཕྱིར་སྙམ་ན་རིགས་པའི་ལམ་ལས་འདས་པ་སྟེ། གསེར་བུམ་ལ་ཀ་བུམ་གཉིས་ཀྱིས་ཁྱབ་པར་ཐལ། ཀ་བུམ་གང་རུང་ངམ་བུམ་པས་ཁྱབ་པའི་ཕྱིར་ཞེས་པ་དང་ཁྱད་པར་ཏིལ་འབྲུ་ཙམ་ཡང་མི་འདུག་པའི་ཕྱིར། ། རྗེས་འབྲངས་ཁ་ཅིག་དངུལ་ཆུ་དུས་གསུམ་གྱི་དབྱེ་བས་བྱ་བྱེད་དང་འབྲེལ་བའི་ལས་ཐམས་ཅད་ལ་ཁྱབ་པའི་སྒྲུབ་བྱེད་དུ། བྱ་བའི་ལས་ཐམས་ཅད་མ་འོངས་པ་དང༌། བྱེད་པའི་ལས་ཐམས་ཅད་ད་ལྟ་བ་ཡིན་པས་སོ། །ཞེས་གསུངས་པ་འདི་ཡང་ཚིག་ཟུར་གྱི་གོ་བ་མཐའ་གཏུགས་ན། བྱ་བྱེད་དང་འབྲེལ་བའི་ལས་ཐམས་ཅད་ལ་དུས་གསུམ་གང་རུང་གིས་ཁྱབ་པའམ། ད་ལྟ་བ་དང་མ་འོངས་པས་ཁྱབ་པའི་དོན་དུ་སོང་འདུག་པས། ཁྱེད་ལ་བྱེད་པ་པོ་དང་འབྲེལ་བའི་བྱ་བ་འདས་པ་ཡོད་མེད་དང༌། ཡོད་ན་དེ་བྱེད་པོ་དང་འབྲེལ་བའམ་བྱ་ཡུལ་དང་འབྲེལ་བའི་ལས་གང་ཞིག་ཡིན་དྲིས་ན་ལན་ཅི་འདེབས། གནད་འདི་དག་ལ་བརྟགས་ཤིང་དཔྱོད་ན་བྱེད་པ་པོ་ལ་ཡོད་པའི་བྱ་བ་ལ་དུས་གསུམ་གྱི་རྣམ་གཞག་བཤད་དགོས་པ་ཤིན་ཏུ་གསལ་ལོ། །དེས་ན་བྱེད་པ་པོ་དང་འབྲེལ་བའི་ལས་སམ་བྱ་བ་ལ་དུས་གསུམ་གྱི་རྣམ་གཞག་འཐད་དེ། བྱེད་པ་པོས་བྱ་བ་གང་ཞིག་ཡིན་པ་དེ་ཉིད་ཕར་བྱེད་ཟིན་པ་དེ་བྱེད་པ་པོ་ལ་ཡོད་པའི་བྱ་བ་འདས་པ་དང༌། དེ་འདྲའི་བྱ་བ་དེ་ཉིད་བྱེད་པ་པོའི་ངོས་ནས་ཕར་བྱེད་བཞིན་པ་དེ་བྱེད་པ་པོ་ལ་ཡོད་པའི་བྱ་བ་ད་ལྟ་བ། དེ་འདྲའི་བྱ་བ་དེ་ཉིད་བྱེད་པ་པོའི་ངོས་ནས་ཕར་བྱེད་འགྱུར་དེ་བྱེད་པ་པོ་ལ་ཡོད་པའི་བྱ་བ་མ་འོངས་པ་ཡིན་ཏེ། དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པ་ལྟ་བུ་ལ་མཚོན་ན། ཤིང་མཁན་གྱི་ངོས་ནས་སྟ་རེས་ཕར་འདེགས་འཇོག་གིས་ཤིང་གཅོད་ཟིན་པ་ལྟ་བུ། བྱེད་པ་པོ་ལ་ཡོད་པའི་བྱ་བ་འདས་པ་ཡིན། དེ་ལྟར་གཅོད་བཞིན་པའི་ཆ་དེ་བྱེད་པ་པོ་ལ་ཡོད་པའི་བྱ་བ་ད་ལྟ་བ་ཡིན། དེ་ལྟར་གཅོད་པར་འགྱུར་བ་དེ་བྱེད་པ་པོ་ལ་ཡོད་པའི་བྱ་བ་མ་འོངས་པ་ཡིན་པའི་ཕྱིར། འདི་ལྟ་བུའི་བྱེད་པ་པོ་ལ་ཡོད་པའི་ལས་ལ་དུས་གསུམ་གྱི་རྣམ་གཞག་འཐད་པ་མདོ་རྒྱུད་དགོངས་འགྲེལ་རྣམས་སུ་ཤིན་ཏུ་གསལ་ཏེ། དཔེ་མཚོན་འགའ་ཞིག་འགོད་ན། ༡ བྱེད་ཚིག་འདས་པ་ལ་འཇུག་པ། དཔེར་ན། མདོ་མཛངས་བླུན་ལས། དེའི་ཆུང་མ་བྱེད་དེ་བུ་ཡང་ཡོད་པར་གྱུར་ཏོ་ཞེས་དང༌། རྒྱལ་པོ་རྫིང་བུར་འོང་བའི་ཚེ་ཐམས་ཅད་ཀྱིས་བཟུང་སྟེ་གསོད་པར་བྱས་སོ། ཞེས་དང༌། ངོ་མཚར་དུ་འཛིན་ཏེ་བསྟོད་ཅིང་བསྔགས་སོ། ལྟ་བུའི་བྱེད་དང༌། གསོད། འཛིན་རྣམས་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང་དུས་འདས་པ་གཉིས་ཀ་སྟོན་པའི་ཚིག་ཡིན་ནོ། །དེས་རིགས་བསྒྲེས་ནས། ཤིང་གཅོད་པར་བྱས། རྡོ་གཅོག་པར་བྱས། ལམ་སྒོམ་པར་གྱུར། ནོར་སྒྲུབ་ཚར། སོགས་བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་འདས་པ་གསལ་བྱེད་དུ་འགྲོ་བ་ནི་ཚིག་གྲོགས་ཕྱི་མ་རྣམས་ལ་བརྟེན་ནས་ཤེས་ནུས་སོ།། ༢ བྱེད་ཚིག་ད་ལྟ་བ་ལ་འཇུག་པ། མདོ་མཛངས་བླུན་ལས། དེའི་གཟུགས་ལ་གཡེངས་བས་ལྟ་བ་ན། ཞེས་དང༌། དབྱངས་ཅན་དགྱེས་གླུར། དབང་ཕྱུག་གོ་ཆ་བློ་གསལ་དགའ་བ་སྐྱེད། ལྷག་བསམ་བསྐུལ་བའི་མདོར། ཕྱིར་ཕྱིར་ཞིང་ནི་རྣམ་པར་འགྱེད་པར་རྩོམ། ལང་ཀར་གཤེགས་མདོར། རྒྱལ་པོ་རྣམས་ཀྱིས་བསྔགས་མཆོད་བྱེད། ལྟ་བུ་བྱེད་ཚིག་ད་ལྟ་བ་ལ་འཇུག་པའི་ཚིག་ཡིན་ནོ། །དེས་རིགས་བསྒྲེས་ནས། ཆོས་སྒྲུབ་བོ། སྐད་སྒྱུར་རོ། ཆོས་འཆད་དོ། ལམ་སྒོམ་པའི་དུས། པར་སྐྲུན་པའི་ཚེ། རྩོད་པའི་སྐབས། རྩོམ་པ་ན། བསམ་བཞིན་པ། ལྟ་བུ་ཡང་ཚིག་གྲོགས་ལ་དཔོག་སྟེ་བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་ད་ལྟ་ཡིན་པར་ཤེས་ནུས་སོ།། ༣ བྱེད་ཚིག་མ་འོངས་པ་ལ་འཇུག་པ། མདོ་མཛངས་བླུན་ལས། ང་གར་སྐྱེས་ཀྱང་ཁྱེད་དང་འཕྲད་ནས་ཁྱེད་ཀྱང་ངས་གསོད་པར་ཤོག་དེས་དམ་བཅའོ། །ཞེས་དང༌། ལྕགས་གཟེར་སྟོང་འདེབས་སོ་ཞེས་བསྒོས། ཞེས་དང༌། ལུས་ཀྱི་ཤ་ཕུག་ནས་མར་མེ་སྟོང་འཛུགས་སོ་ཞེས་རྒྱལ་ཕྲན་དང་མི་ཐམས་ཅད་ལ་བསྒོས། ཞེས་དང༌། ལང་ཀར་གཤེགས་མདོར། གཟིང་དང་མཉམ་པ་ཉིད་དང་ནི།། བྱེད་པར་འགྱུར་བར་ཐེ་ཚོ་མེད། །ཅེས་དང༌། སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །བཟང་སྤྱོད་ལས། སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། །ལྟ་བུའི་གསོད་དང༌། འདེབས། འཛུགས། བྱེད། འཇུག འགོད་རྣམས་རིམ་པ་བཞིན་བྱེད་ཚིག་ཡིན་པར་མ་ཟད་ཚིག་གྲོགས་རྣམས་ལས་མ་འོངས་པའི་འཇུག་པ་ཡང་ཤེས་ནུས་སོ། །དེས་མཚོན་ནས། སྒྲུབ་པར་འགྱུར། འཆད་པར་འགྱུར། སྒོམ་པར་བགྱི། སུམ་རྟགས་སློབ་པོ། རིག་གནས་སྦྱོང་དགོས། ལྟ་བུ་རྣམས་མ་འོངས་པ་སྟོན་པའི་ཚིག་གྲོགས་དང་འགྲོགས་སྟབས་ཀྱིས་བྱེད་ཚིག་མ་འོངས་པ་སྟོན་བྱེད་དུ་ཤེས་དགོས་སོ།།
༣༽ བྱ་བའི་ཡུལ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་སོགས་མཁས་པ་མང་པོ་ཞིག་གིས་བྱ་བའི་ཡུལ་ལ་ཡོད་པའི་ལས་སམ་བྱ་བ་རྣམས་མ་འོངས་པར་འདོད་པ་ནི། བྱ་བྱེད་ཀྱི་ཁྱད་པར་དུ་མ་བྱས་པའི་དུས་མ་འོངས་པར་སྟོན་པའི་རྗོད་བྱེད་ཀྱི་སྒྲའམ་ཡིག་གཟུགས་གཅིག་པ་ཙམ་ལ་དགོངས་པ་ཡིན་ནམ་སྙམ་ལ། རྣམ་པ་གཅིག་ཏུ་ན་བྱ་བ་དེ་ཉིད་རྗོད་བྱེད་ཙམ་གྱི་མ་འོངས་པའི་ཚིག་དང་སྒྲ་འདྲ་བ་ཙམ་མིན་པར་བརྗོད་བྱ་དེ་ག་རང་མ་འོངས་པའི་དོན་དུའང་དགོངས་པ་སྲིད་དེ། དཔེར་ན་ཤིང་མཁན་གྱིས་ཤིང་ལ་སྟ་རེ་ཕར་གཡུགས་པའི་སྐད་ཅིག་དང་པོ་ནས་བྱེད་པ་པོ་ལ་ཡོད་པའི་ལས་གཅོད་པ་གྲུབ་ཀྱང༌། དེ་དུས་བྱ་བའི་ཡུལ་ལ་ཡོད་པའི་ལས་གཅད་པ་གྲུབ་མེད་དེ། དང་པོར་སྟ་རེ་རིམ་པས་རིམ་པས་ཕར་གཡུག དེ་རྗེས་ཤིང་གི་ངོས་ནས་དུམ་བུ་དུམ་བུར་འགྲོ་དགོས་པ་ཡིན་ཏེ། དགྲ་ལ་མེ་མདའ་འཕེན་པ་ན། མེ་མདའ་འཕེན་པ་པོའི་ངོས་ནས་འཕེན་པའི་བྱ་བ་བྱས་ཚར་ཀྱང༌། བྱ་ཡུལ་དགྲ་བོའི་ངོས་ལ་ཡོད་པའི་ལས་མེ་མདའ་ཕོག་པའི་བྱ་བ་དེ་གྲུབ་མ་ཚར་བའི་སྐབས་ཤིག་ཡོད་པའི་ཕྱིར་དང༌། ད་དུང་དེ་ལས་ཕྲ་བར་བཤད་ན། སྐྱེས་བུ་མདའ་རྩལ་སྐྱེན་པོས་ཤིང་གི་ལོ་མ་བརྒྱ་བརྩེགས་པ་ལ་མདའ་བརྒྱབ་ཚེ་ཤིང་ལོ་དང་པོ་ནས་རིམ་བཞིན་འབིགས་དགོས་པ་མ་གཏོགས་ཇི་ཙམ་མདའ་རྩལ་མཁས་ཀྱང་མཉམ་དུ་ཕུག་མི་ཐུབ་པས། དེས་ན་ཤིང་མཁན་གྱི་སྟ་རེ་ཤིང་ལ་ཐུག་མ་ཐག་གཅོད་པའི་བྱ་བ་བྱེད་ཀྱང༌། ཡུལ་ཤིང་སྡོང་གི་ངོས་ནས་དུམ་བུ་རིམ་པ་བཞིན་གོག་པའི་བྱ་བའམ་འགུལ་སྐྱོད་བྱེད་མ་ཚར་བའི་ཆ་ཞིག་ཡོད་པ་ལའང་དགོངས་སྲིད་དེ། གང་ལྟར་ཡང་དཔྱོད་པར་བྱེད་དགོས་སོ། །གནད་འདི་དག་ལ་བརྟེན་ནས་མཁས་པ་འགའ་ཞིག་གིས་བྱ་བྱེད་ལས་གསུམ་དུས་མཉམ་དུ་མ་གྲུབ་ན་བྱ་བྱེད་ཀྱི་འབྲེལ་བ་མེད་པར་འགྱུར་བས། དེས་ན་བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་ནི་གཙོ་བོ་བྱེད་པ་པོ་ལ་ཡོད་པའི་བྱ་བ་ཉིད་འཇོག་གི བྱ་ཡུལ་དང་འབྲེལ་བའི་བྱ་བ་མི་འཇོག་སྟེ་དེ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར། བརྗོད་བྱ་དོན་གྱི་འབྲས་བུའམ་མ་འོངས་པར་བཞག་འདུག་པ་ལའང་བརྟག་དགོས། མཁས་པ་ཆེན་པོ་པྲ་ཏི་རིན་ཆེན་དོན་གྲུབ་སོགས་ཀྱིས་ནི། བྱེད་པ་པོ་དང་འབྲེལ་བའི་ལས་སམ་བྱ་བ་ད་ལྟ་བར་བཞེད་འདུག་སྟེ། གཅོད་པའི་སྐབས་ཀྱི་བྱ་བ་ལ་བསམ་ན་འདི་ཉིད་འཐད་པར་སེམས་ཏེ་བྱེད་པ་པོ་དང་བྱ་ཡུལ་གཉིས་བྱ་བའི་སྒོ་ནས་དངོས་སུ་མ་འབྲེལ་ན་བྱེད་པ་པོ་དང་འབྲེལ་བའི་ལས་མ་ཡིན་པར་འགྱུར་ལ། དངོས་སུ་འབྲེལ་ན། སྟ་རེ་ཤིང་དང་དངོས་སུ་འཕྲད་དགོས་པར་མ་ཟད་སྟ་རེ་འདེགས་འཇོག་གིས་ཤིང་དངོས་སུ་གཅོད་པ་དང༌། ཤིང་དངོས་སུ་དུམ་བུར་འགྲོ་ན་མ་གཏོགས་བྱ་བྱེད་ཀྱི་ལས་གཉིས་དངོས་སུ་འབྲེལ་ལུགས་མེད་པའི་ཕྱིར། བསྟན་དར་ལྷ་རམས་པས། མ་འོངས་པའི་ཚིག་གི་སྔོན་འཇུག་ལ་དངོས་བསྟན་གཙོ་བོའི་དབང་དུ་བྱས་ན་འ་ཡིག་ཁོ་ན་དང༌། བྱ་བ་ཡུལ་ལ་ཡོད་པའི་ལས་མ་འོངས་པ་ཡང་གསུངས་པ་ལྟར་ན་སྔོན་འཇུག་བཞི་ག་འདུག་ཅིང༌། ཞེས་པའི་ཚིག་གི་ངོ་གདོང་ལ་དཔགས་ན། བསྟན་དར་རང་གིས། འབོད། སློབ། ཅེས་པའི་ཚིག་རྣམས་བྱ་བའི་ཡུལ་ལ་ཡོད་པའི་ལས་ད་ལྟ་བར་དགོངས་པ་ཤིན་ཏུ་གསལ་ལོ།། གོང་གསལ་འདོད་པ་དེ་གཉིས་ཀ་ཤིང་གཅོད་པའི་སྐབས་ལྟ་བུའི་ཁྱད་པར་དུ་བྱས་ནས་མ་འོངས་པ་དང་ད་ལྟ་བ་གང་ཞིག་ཡིན་དཔྱོད་པ་དང་གསུང་ཚུལ་གྱི་ཁྱད་པར་ཙམ་ཡིན་གྱི། སྤྱིར་བྱ་ཡུལ་དང་འབྲེལ་བའི་ལས་སམ་བྱ་བ་ལ་དུས་གསུམ་གྱི་ཁྱད་པར་འཐད་དེ། གོང་དུ་བྱེད་པ་པོ་ལ་ཡོད་པའི་ལས་ཀྱི་དུས་གསུམ་བཤད་པའི་སྐབས་དཔྱོད་པ་ལྟར་འདིར་ཡང་འདྲ་བས་སོ།། དཔེར་ན། ཤིང་མཁན་གྱིས་ཤིང་ལ་སྟ་རེས་འདེགས་འཇོག་བྱེད་པ་ན། བྱ་ཡུལ་ཤིང་གི་ངོས་ནས་དུམ་བུར་སོང་ཚར་བའམ་བྱ་ཡུལ་ཤིང་གི་ངོས་ནས་ཚུར་འགུལ་སྐྱོད་ཀྱི་རྣམ་འགྱུར་སྟོན་ཟིན་པ་ནི་བྱ་ཡུལ་ཤིང་ལ་ཡོད་པའི་བྱ་བ་འདས་པ་ཡིན། ཤིང་གི་ངོས་ནས་དུམ་བུར་འགྲོ་བཞིན་པའམ་འགུལ་སྐྱོད་ཀྱི་རྣམ་འགྱུར་སྟོན་བཞིན་པ་ནི། བྱ་ཡུལ་ཤིང་ལ་ཡོད་པའི་བྱ་བ་ད་ལྟ་བ་ཡིན། ཤིང་གི་ངོས་ནས་དུམ་བུར་འགྲོ་འགྱུར་རམ་འགུལ་སྐྱོད་ཀྱི་རྣམ་འགྱུར་སྟོན་ཁ་མ་ལྟ་བུ་བྱ་ཡུལ་ཤིང་ལ་ཡོད་པའི་བྱ་བ་མ་འོངས་པ་ཡིན། དེ་གསུམ་ག་བྱ་བའི་ཡུལ་ལ་ཡོད་པའི་ལས་དང་དུས་ཀྱི་གཞི་མཐུན་ཡིན་པས་བྱ་ཡུལ་གྱི་ཡི་གེའི་ཐོབ་ཐང་དང་གཅིག་པ་ཡིན་ནོ། །ཚུལ་དེ་དག་གི་དཔེར་བརྗོད་ནི། བྱ་བའི་ཡུལ་ལ་ཡོད་པའི་ལས་ཚིག་དུས་འདས་པ་ལ་འཇུག་པ་མདོ་མཛངས་བླུན་ལས། རྒྱལ་པོའི་ཆུང་མ་བླང་བར་བྱས་སོ། །གསེར་གྱི་གླང་པོ་ཆེས་རྟག་ཏུ་བགྲུང་བར་གྱུར་ཏོ། །བསླབ་ན་ཡང་མི་སྟེར་བ་ཞིག་ཡོད། ལྷ་ལས་ཕུལ་བྱུང་ལས། གང་གཱ་དབབ་པར་མ་ནུས་སོ། ། མདོ་མཛངས་བླུན་ལས། ཁོ་བོས་གསད་པར་བྱ་བ་མ་ཡིན་སྙམ་ནས་གཏང་བར་གྱུར། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཆུ་ཤིང་ཡན་ལག་དག། མ་ལུས་བཅས་ཏེ་བཤིག་བྱས་ན། །ཡང་དག་བསྡུམ་པར་བྱས་པ་ཡིས། ཐར་ལམ་གསལ་བྱེད་ལས། རྣམ་བྱང་ཆོས་རྣམས་བརླག་པར་བྱས། །ལྟ་བུ་སོགས་སོ།། གོང་གསལ་གྱི་བླང་དང༌། བསྲུང༌། དབབ། གཏང༌། བཤིག བསྡུམ། བརླག སོགས་བྱ་ཡུལ་ལ་ཡོད་པའི་ལས་ཚིག་ཡིན་ལ་ཚིག་གྲོགས་ལ་བརྟེན་ནས་དུས་འདས་པའང་གོ་ནུས་སོ། །གཞན་ཡང༌། བསྒྲུབ་པར་གྱུར། བསྒོམ་ནས་གྲུབ། བསྒྲུབ་ཚར། གཅག་པར་བྱས་ལྟ་བུ་རྣམས་ཀྱང་བྱ་བའི་ཡུལ་གྱི་ངོས་ནས་ཚུར་འཕོ་འགྱུར་སྟོན་པ་དང་དུས་འདས་པའི་གཞི་མཐུན་དུ་གོ་ནུས་སོ།། བྱ་བའི་ཡུལ་ལ་ཡོད་པའི་བྱ་ཚིག་ད་ལྟ་བ་ལ་འཇུག་པ། ལམ་རིམ་ཆེན་མོ་ལས། ཅི་གསུང་བསྒྲུབ་ཅིང་གུས་པས་བསྟེན་པར་བྱེད་པ་སྟེ། ཡང་ཡང་དཔྱད་ཀྱིན་བསྒོམ་པ་དང༌། སྔར་མ་གྲུབ་པ་གསར་དུ་བསྒྲུབ་པའི་ཚེ། ལམ་བསྙོམ་ཞིང༌། ཁ་ན་མ་ཐོ་གཉིས་སྤོང་བ་གཅོད་པ་དང་འབྱེད་པ་དང༌། བརྡུང་བ་དང༌། དམྱལ་བར་བྱེད་དོ། །ཞེས་སོགས་དང༌། མདོ་མཛངས་བླུན་ལས། བདག་བསྲུང་ཞིང་འདུག་པ་ལས། ཤེར་མདོར། རང་བཞིན་གྱིས་སྟོང་པ་རྣམ་པར་བལྟའོ།། ལྟ་བུའི། བསྒྲུབ་དང༌། དཔྱད། བསྒོམ། བརྡུང༌། བསྲུང༌། བལྟ་རྣམས་བྱ་བའི་ཡུལ་ལ་ཡོད་པའི་ལས་ཚིག་ཡིན་ལ། ཚིག་གྲོགས་ལ་བརྟེན་ནས་དུས་ད་ལྟ་བར་གོ་ནུས་སོ།། དེ་བཞིན་དུ། གསད་པའི་སྐབས། རྡོ་གཅག་པའི་ཚེ། ལམ་དགག་པ་ན། ཡི་གེ་གཏང་དུས་ལྟ་བུ་ཡང་བྱ་ཡུལ་གྱི་ངོས་ནས་ཚུར་འཕོ་འགྱུར་རམ་འགུལ་བསྐྱོད་ཀྱི་རྣམ་འགྱུར་སྟོན་པ་དང་དུས་ད་ལྟ་བའི་གཞི་མཐུན་ཡིན་ནོ།། བྱ་བའི་ཡུལ་ལ་ཡོད་པའི་ལས་ཚིག་མ་འོངས་པ་ལ་འཇུག་པ། དགའ་ལྡན་ལྷ་བརྒྱ་མ་ལས། ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། མཛངས་བླུན་ལས། དམ་དུ་བཟུང་ལ་མ་གཏང་ཞིག། འཇུག་པར། རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་དེ།། ཞེས་དང༌། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཞེས་དང༌། ཕྱིས་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ།། ལྟ་བུ། དབབ་དང༌། གཏང༌། བརྩད། དགྲོལ། བསྟེན་རྣམས་བྱ་ཡུལ་དང་འབྲེལ་བའི་ལས་ཚིག་ཡིན་ལ་ཚིག་གྲོགས་ལ་བརྟེན་ནས་དུས་མ་འོངས་པར་གོ་ནུས་སོ།། དེ་བཞིན་དུ། ལམ་བསྒོམ་པར་འགྱུར། ཆོས་བསྒྲུབ་རྒྱུ་ཡིན། སྐད་བསྒྱུར་ལ་ཉེ། པར་བསྐྲུན་ཁ་མ་ལྟ་བུ་རྣམས་ཀྱང་བྱ་ལས་མ་འོངས་པ་གསལ་བྱེད་ཡིན་ནོ། །
༤༽ བྱ་བྱེད་ཀྱི་ཁྱད་པར་དུ་མ་བྱས་པའི་དུས་གསུམ་བཤད་པ། གོང་དུ་བཤད་པའི་སྐོར་དེ་ནི་བྱེད་ལས་ཀྱི་དབང་དུ་བྱས་པའི་དུས་གསུམ་དང༌། བྱ་ལས་ཀྱི་དབང་དུ་བྱས་པའི་དུས་གསུམ་གྱི་རྣམ་པར་བཞག་སྟངས་ཡིན་ལ། བྱ་བྱེད་ཀྱི་ལས་གཉིས་གང་རུང་གིས་ཁྱད་པར་དུ་མ་བྱས་པར་བྱེད་པ་པོ་དང་འབྲེལ་བའི་ལས་སྤྱི་ཙམ་ལ་དུས་གསུམ་གྱི་རྣམ་པར་བཞག་སྟངས་ནི། དཔེར་ན། ཤིང་མཁན་གྱིས་ཤིང་གཅོད་པའི་ཚེ། བྱེད་ལས་གཅོད་པ་དང་བྱ་ལས་གཅད་པ་གཉིས་ཀ་གང་ལ་ཡང་མ་བསམ་པར་དེ་གཉིས་བར་དུ་སྤྱིར་བཏང་གི་བཅད་པའི་དུས་ཀྱི་ཁྱད་པར་ཕྱེ་ཚུལ་ཞིག་སྟེ། ཤིང་མཁན་གྱིས། ཤིང་བཅད་ཟིན། གཅོད་བཞིན་པ། གཅད་པར་འགྱུར། ལྟ་བུ་དང༌། གཞན་ཡང་གོ་སླ་བའི་ཆེད་དུ། དཔེར་བརྗོད་རེའུ་མིག་ཏུ་ཟུར་ཙམ་འགོད་ན།
འདི་ནི་བྱ་བྱེད་ཀྱི་ལས་གཉིས་ཀྱི་ཁྱད་པར་དུ་མ་བྱས་པའི་བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་གི་དུས་གསུམ་སྟེ། སྔོན་གྱི་མཁས་པ་མང་པོ་དང་ལྷག་པར་ཕྱིས་ཀྱི་གླེགས་བམ་མང་པོ་དང་འགྲེལ་བྱེད་མཁན་པོ་མང་དག་ཅིག་གིས་དུས་གསུམ་གྱི་རྣམ་པར་བཞག་ཚུལ་འདི་ཉིད་ཤིན་ཏུ་མང་བར་བཀོད་འདུག་པ་ནི། བྱ་བྱེད་ཀྱི་ཁྱད་པར་དུ་མ་བྱས་པའི་དབང་དུ་བྱས་པ་ཡིན་གྱི། གོང་གསལ་ལྟར་བྱ་བྱེད་ཀྱི་ཁྱད་པར་གྱི་སྟེང་ནས་དུས་གསུམ་འཇོག་ལུགས་རྣམས་ཀྱང་ཞིབ་ཏུ་ཤེས་སོ། །འོན་ཀྱང་ཕྱིས་འགྲེལ་མང་པོ་ཞིག་ཏུ་ཤིང་གཅོད་ལྟ་བུའི་འདས་ཚིག་ལ་བཅད། མ་འོངས་པའི་ཚིག་ལ་གཅད། ད་ལྟ་བའི་ཚིག་ལ་གཅོད་ཐོབ་རྐྱང་དུ་བྱས་ནས་བཤད་པ་རྣམས་སུམ་རྟགས་ཀྱི་འགྲེལ་པ་དང་དཔེར་བརྗོད་སབ་སོབ་ཙམ་ལས་གསུང་རབ་ཀྱི་བརྡ་ཆད་མིག་ལམ་དུ་མཐོང་བ་ལྟ་ཞོག རྣ་བས་གོ་བ་ཙམ་ཡང་བྱུང་མེད་པའི་རང་རྟགས་ཡིན་ལ། གཞུང་ལུགས་ལ་ཐོས་བསམ་བྱེད་མ་མྱོང་བའི་སུམ་འགྲེལ་མཁན་པོ་རྣམས་ཐུགས་ཁག་མེད་མོད། གཞུང་ཆེན་མོ་ལ་ཐོས་བསམ་གྱིས་མཁས་པར་རློམ་པའི་འགྲེལ་བྱེད་པ་མང་པོ་ཞིག་གིས་ཀྱང་ཚུལ་འདི་དག་གི་ཞིབ་ཆ་རྨི་ལམ་དུའང་བྱུང་མྱོང་མེད་པ་ལྟ་བུར་བྱས་འདུག་སྙམ་སྟེ་འགྲེལ་ཚིག་ལ་བལྟས་ན་ཤེས་ནུས་པས་སོ། །
ད་དུང་ཞིབ་ཏུ་བཤད་ན། བློ་བཟང་གིས་སྟ་རེས་ཤིང་གཅོད་ལྟ་བུ་བརྗོད་པའི་ཚེ། བློ་བཟང་གིས་རྩོལ་བའི་ངོས་ནས་ཕར་འགུལ་སྐྱོད་བྱེད་པའི་དུས་ཀྱི་ཁྱད་པར་བསམས་ནས་བརྗོད་ན། བློ་བཟང་གིས་ཤིང༌། གཅོད་ཟིན། གཅོད་བཞིན་པ། གཅོད་རྒྱུ་རེད། ཅེས་འབྲི་དགོས། གཅད་བྱའི་ཤིང་གི་ངོས་ནས་ཚུར་འཕོ་འགྱུར་འགྲོ་བའི་དུས་ཀྱི་ཁྱད་པར་ལ་བསམས་ནས་བརྗོད་ན། བློ་བཟང་གིས་ཤིང་གཅད་ཟིན། གཅད་བཞིན་པ། གཅད་རྒྱུ་རེད་ཅེས་འབྲི་དགོས། བློ་བཟང་གིས་ཤིང་གཅོད་པའི་ཚེ་བློ་བཟང་གིས་སྟ་རེ་ཕར་འདེགས་འཇོག་གི་རྩོལ་བ་དང༌། ཤིང་གི་ངོས་ནས་ཚུར་འཕོ་འགྱུར་འགྲོ་བའི་ཁྱད་པར་གང་ལ་ཡང་མ་བསམས་པར། ཤིང་གཅོད་པའི་དུས་ཀྱི་ཁྱད་པར་ཙམ་ལ་བསམས་ནས་བརྗོད་ན། བློ་བཟང་གིས། ཤིང་བཅད་ཟིན། གཅོད་བཞིན་པ། གཅད་འགྱུར། ཞེས་འབྲི་དགོས་པ་རྣམས་ཞིབ་ཏུ་ཤེས་ན་གསུང་རབ་ཀྱི་བརྡ་ཆད་མང་པོ་ཞིག་ལ་འཇུག་པ་སླ་ཞིང་སྔར་མ་མྱོང་བའི་བྲོ་བ་གསར་པ་ཞིག་མྱོང་རྒྱུ་ཡོད་པར་སེམས་སོ། །
གནད་འདི་དག་ལ་ཞིབ་ཏུ་མ་བརྟག་པའམ་བློ་གྲོས་ཀྱིས་མ་ཁྱབ་པར་དེང་སང་དཔེ་རྙིང་མང་པོ་ཞིག་ལ་དུས་གསུམ་གྱི་རྣམ་པར་བཞག་སྟངས་རྟགས་འཇུག་གི་འགྲེལ་བཤད་རྣམས་སུ་དུས་གསུམ་གྱི་མཚན་གཞི་འམ་དཔེར་བརྗོད་གྲགས་ཆེ་བ་བཀོད་པ་རྣམས་ཁྱབ་མཐར་བཟུང་སྟེ། མོན་པའི་རྡོར་གཅོད་པར་མ་བཞིན་བྱས་འདུག་པ་ཡང་མང་དུ་སྣང་བ་ནི་བློ་གྲོས་དང་རྣམ་དཔྱོད་ཀྱི་སྨིན་དཀྱུས་ÍÞOa-¾ºÛ-འདབ་མ་ལྟར་དཀྱུས་རིང་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་མཐོང་སྲིད་ཀྱི། གཞན་དག་གིས་ད་དུང་དུས་གསུམ་གྱི་རྣམ་གཞག་ཕྱོགས་རེ་བ་ལ་ཞེན་པའི་རྨོངས་གཉིད་ལས་མ་སད་བར་དུ་གསུང་རབ་ཀྱི་བརྗོད་བྱ་དང་རྗོད་བྱེད་ལ་ཡིན་ལུགས་ཚད་ལྡན་གྱི་གོ་བ་རང་རྐྱ་འཕེར་བ་ཞིག་རྙེད་མི་སྲིད་དོ།།
འོ་ན། བརྡ་སྤྲོད་མཁན་པོ་མང་པོ་ཞིག་གིས། བདག་གཞན་དང་འབྲེལ་བའི་ལས་ཀྱི་དུས་གསུམ་ལ་བཤད་པ་དེ་ཙམ་མ་མཛད་པར། བྱ་བྱེད་ཀྱི་ལས་གཉིས་གང་གི་ཡང་དབང་དུ་མ་བྱས་པར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཙམ་གྱི་འདས་དང་མ་འོངས་ད་ལྟའི་ཁྱད་པར་ཞིབ་ཏུ་བཤད་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྔ་མ་ནི་གཟུགས་མི་འགྱུར་བས་དེ་ཙམ་མགོ་རྙོག་མེད་ལ། ཕྱི་མ་བྱེད་པོ་དང་འབྲེལ་ཞིང་དུས་གསུམ་གར་ཡིག་གཟུགས་འགྱུར་བ་ཐེབས་འགྲོ་བས་སྔ་མ་ལས་མགོ་རྙོག་ཚ་བར་དགོངས་ནས་ཞིབ་ཚ་བོའི་ལུགས་སུ་བྱས་པར་སེམས་ཏེ། ཞིབ་ཏུ་སོམས་དང་མཁྱེན་ངེས་ཡིན།
༥༽ བྱེད་པ་པོ་དང་མ་འབྲེལ་བའི་ལས་ཀྱི་དུས་གསུམ་བཤད་པ།
བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ལ་ལྟོས་པའི་དུས་གསུམ་གྱི་ཁྱད་པར་འཇོག་ཚུལ་ནི། བྱེད་པ་པོ་ཞིག་གིས་རྩོལ་བའི་འབད་པ་ལ་མ་ལྟོས་པར། དངོས་པོ་རང་གི་ངོས་ནས་འགུལ་སྐྱོད་དམ་འཕོ་འགྱུར་གྱི་རྣམ་པ་སྟོན་པ་ལྟ་བུ་ཞིག་དབྱེ་བའི་གཞིར་བྱས་ཏེ། བྱེད་པ་པོ་མེད་པར་དངོས་པོ་རང་ངོས་ནས་འགུལ་སྐྱོད་དམ་འཕོ་འགྱུར་འགྲོ་ཚར་བའི་ཆ་དེ་བྱེད་མེད་ཀྱི་ལས་དུས་འདས་པ་དང༌། དེ་སྟོན་པའི་ཚིག་ལ་དུས་འདས་པ་སྟོན་པའི་བྱེད་མེད་ལས་ཚིག་ཟེར། དཔེར་ན་འཁོར་ལོ་འཁོར་ཟིན། ལྟ་བུ། དངོས་པོ་རང་ངོས་ནས་འཕོ་འགྱུར་འགྲོ་བཞིན་པ་ལ་བྱེད་མེད་ཀྱི་ལས་ད་ལྟ་བ་དང༌། དེ་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་ད་ལྟ་བ་ཟེར། དཔེར་ན། འཁོར་ལོ་འཁོར་བཞིན་པ་ལྟ་བུ། དངོས་པོ་རང་ངོས་ནས་འཕོ་འགྱུར་འགྲོ་རྒྱུའི་ཆ་ལྟ་བུ་བྱེད་མེད་ཀྱི་ལས་མ་འོངས་པ་དང༌། དེ་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་མ་འོངས་པ་ཟེར། དཔེར་ན།
དེ་དག་གིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ།།
༦༽ དུས་གསུམ་གྱི་དབྱེ་བ་རྒྱས་པ་བཤད་པ། འདས་མ་འོངས་ད་ལྟ་གསུམ་པོ་ལ་རྗོད་པའི་གནས་སྐབས་ཀྱི་དབྱེ་བ་རྒྱས་པར་ཕྱེ་ན་དགུར་འགྱུར་ཏེ། འདས་པའི་འདས་པ། འདས་པའི་ད་ལྟ་བ། འདས་པའི་མ་འོངས་པ། ད་ལྟ་བའི་འདས་པ། ད་ལྟ་བའི་ད་ལྟ་བ། ད་ལྟ་བའི་མ་འོངས་པ། མ་འོངས་པའི་འདས་པ། མ་འོངས་པའི་ད་ལྟ་བ། མ་འོངས་པའི་མ་འོངས་པ་སྟེ་དགུ་རྣམས་སོ།། དང་པོ་འདས་པའི་འདས་པ་ནི། བརྗོད་བྱའི་དངོས་པོ་འམ་བྱ་བ་དེ་ཉིད་སྔར་ནས་བྱུང་ཚར་ཞིང་དེ་ཉིད་བྱས་ཟིན་གྱི་ཁྱད་པར་དུ་བྱས་པའི་རྗོད་བྱེད་ཀྱི་སྟོན་ཚུལ་ཞིག་སྟེ། དཔེར་ན། རྒྱལ་པོ་མྱ་ངན་མེད་ཀྱི་སྐབས་སུ་བཀའ་བསྡུ་དང་པོ་བྱས། དུས་རབས་ཉི་ཤུ་པའི་ནང་དམག་ཆེན་གཉིས་པ་མཇུག་བསྒྲིལད། གཅིག་དགུ་དྲུག་ཅུ་ལོར་བོད་ཀྱི་ཆབ་སྲིད་དམངས་གཙོའི་ལམ་ལུགས་སུ་བསྒྱུརད། ལྟ་བུའོ།། གཉིས་པ་འདས་པའི་ད་ལྟ་བ་ནི། རྗོད་པའི་གནས་སྐབས་སུ་བྱུང་ཟིན་པའི་བྱ་བ་ཞིག་འབྱུང་བཞིན་པའི་སྐབས་ཀྱི་ཁྱད་པར་གསལ་བྱེད་དེ། དཔེར་ན། དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ལོ་སྔོན་མའི་དཔྱིད་ཟླ་ཤར་བ་ན་ཞིང་པ་རྣམས་ཀྱིས་ཞིང་ལ་ཆུ་འདྲེན། ཕ་ཡི་རིང་ལ་རང་ས་རང་གིས་འཛིན་བཞིན་པ་རེད། ལྟ་བུ། གསུམ་པ་འདས་པའི་མ་འོངས་པ་ནི། བྱུང་ཟིན་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་གསལ་བྱེད་དེ། དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ཉིད་འཆད་པར་འགྱུར་རོ། སྒྲིག་ཁྲིམས་བསྡོམ་དགོས་ཞེས། དགེ་བསྐོས་སྔོན་མའི་སྐབས་ནས་བཅའ་ཡིག་ལ་བཀོད་ཡོད། ལོ་སྔོན་མ་ནས་རྒྱུགས་སྤྲོད་རྒྱུ་ཡིན་ཞེས་དགེ་རྒན་ལ་ཞུས་ཟིན། ལྟ་བུ། བཞི་པ་ད་ལྟ་བའི་འདས་པ་ནི། རྗོད་པའི་གནས་སྐབས་དེར་བྱ་བ་ཞིག་བྱེད་ཚར་མ་ཐག་པར་གསལ་བྱེད་དེ། དཔེར་ན། སངས་རྒྱས་མ་ཐག་ཏུ་ཆོས་འཁོར་སྐོར། སྐད་ཆ་བཤད་མ་ཁད་ཡིན། ཆོས་སྒྲུབ་ཚར་ཙམ་ཡིན། ད་ལྟ་མཐོང་མ་ཐག་པ་རེད། དེ་རིང་གཞི་ནས་མགོ་བརྩམས། ལྟ་བུ། ལྔ་པ་ད་ལྟ་བའི་ད་ལྟ་བ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་ཞིག་བྱེད་བཞིན་པ་གསལ་བྱེད་དེ། དཔེར་ན། ལམ་སྒོམ་བཞིན་པ། ཆོས་སྒྲུབ་བཞིན། སྐད་སྒྱུར་གྱིན་འདུག འཁོར་ལོ་འཁོར་བའི་སྒང་རེད། གདམས་ངག་གནང་བའི་སྐབས་ཏག་ཏག་འཁེལ། འགྲོ་བའི་དུས་རེད། ལྟ་བུ། དྲུག་པ་ད་ལྟ་བའི་མ་འོངས་པ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པའམ་གཞི་ནས་ཡོང་དགོས་པ་གསལ་བྱེད་དེ། དཔེར་ན། ད་ལྟར་གདམས་ངག་གནང་རྒྱུ་རེད། ཕེབས་རྒྱུ་གཏན་འཁེལ་སོང༌། མིག་གིས་གཟུགས་མཐོང་ནུས། ལྟ་བུ། བདུན་པ་མ་འོངས་པའི་འདས་པ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་གྲུབ་ཚར་བའི་དུས་ཀྱི་ཁྱད་པ་གསལ་བྱེད་དེ། དཔེར་ན། རིན་ཆེན་ཕྲེང་བ་ལས། བདག་ཉིད་ཁོ་ན་བསླུས་པར་འགྱུར། །ཕུང་བ་དག་ནི་ཐོབ་འགྱུར་ཞིང༌། །བཅོམ་འགྱུར་འདི་ནི་རྟད་མ་ཡིན། །སྤྱོད་འཇུག་ལས། བདག་མེད་མཐོང་བས་གྲོལ་འགྱུར་ཕྱིར། །དབུ་མ་བཞི་བརྒྱ་པ་ལས། གཏི་མུག་བཅོམ་པས་བཅོམ་པར་འགྱུར། །་ལེགས་ལྡན་གྱི་རྟོག་གེ་འབར་བ་ལས། སྟོང་ཉིད་ལྟ་བ་གོམས་བྱས་པས། །ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། །ལྟ་བུ་དང༌། དེ་བཞིན་དུ། སང་ཉིན་ཡི་གེ་བྲིས་ནས་སྐུར་ཆོག སླད་ནས་མཁས་པར་གྱུར་ཏེ་སློབ་དཔོན་བྱེད། ལོ་རྗེས་མར་རྒྱུགས་སྤྲད་ཚར་ནས་གུང་སེང་ལ་འགྲོ། སྨན་འདི་ཟོས་ན་སང་ཉིན་ད་ཚོད་དྲག་ཚར་བ་རེད། ལྟ་བུ། བརྒྱད་པ་མ་འོངས་པའི་ད་ལྟ་བ། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་འགྲུབ་བཞིན་པའི་དུས་ཀྱི་ཁྱད་པར་གསལ་བྱེད་དེ། དཔེར་ན། བདག་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། ལོ་རྗེས་མར་དབུ་མ་དཔེ་འཁྲིད་བྱེད། མ་འོངས་བྱམས་པས་ཆོས་འཁོར་སྐོར་བའི་ཚེ། འབྱུང་འགྱུར་ཚེ་ལོ་བཅུ་པའི་དུས། ལྟ་བུ། དགུ་པ་མ་འོངས་པའི་མ་འོངས་པ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་འབྱུང་བར་འགྱུར་བའི་ཁྱད་པར་གསལ་བྱེད་དེ། དཔེར་ན་སངས་རྒྱས་བྱམས་པ་ཞེས་བྱ་བ་འཇིག་རྟེན་འདིར་འབྱུང་ལ་དེས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་འགྱུར་རོ།། ལོ་ལྔ་ཡི་རྗེས་སུ་ང་ཕ་ཡུལ་ལ་བསླེབ་རྒྱུ་རེད། ད་ནས་ལོ་བརྒྱ་སོང་ན་ང་ཅག་ཀུན་འཆི་བར་འགྱུར། རྗེས་མར་དཀའ་ངལ་བྱུང་ན་ཕྱག་བྲིས་གཏང་དགོས། ལྟ་བུའོ།།
༧༽ རྗོད་བྱེད་སྒྲ་ཡི་དུས་གསུམ་བཤད་པ། བརྗོད་བྱ་དོན་གྱི་བྱ་བའི་དུས་གསུམ་སྟོན་པའི་ཚིག་གམ་རྗོད་བྱེད་ཀྱི་སྒྲ་དེ་ལ་སྤྱི་བྱེད་འབྲེལ་ལས་ཚིག་གི་དུས་གསུམ་དང་བྱེད་མེད་ལས་ཚིག་གི་དུས་གསུམ་གཉིས་སུ་ཡོད་མོད་ཀྱང༌། འདི་ནི་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་ཉམས་མྱོང་གི་ཐོག་ནས། གསར་སྤེལ་མཛད་པའི་ལུགས་ལྟར་བཤད་ན་གོ་བདེ་ཞིང་གཞུང་དོན་འབྱེད་པའི་ཡན་ལག་ཏུ་འོས་ཤིང་འཚམ་པས་དེར་གཞི་བཞག་ནས་འགོད་ན། སྤྱིར་དུས་གསུམ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་ལ། དུས་གསུམ་སྤྱིར་བཏང་བ། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་བ་དང་གསུམ་ཡོད་དོ། ༡ དུས་གསུམ་སྤྱིར་གཏང་བ་ནི། བྱ་ཚིག་མ་ནིང་བྱེད་ཚིག་མོ་ཡིས་འཕུལ།། པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ།། སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།། བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད།། བྱ་ཚིག་མ་འོངས་པའི་ཚིག་ལ་སྔོན་འཇུག་མ་ནིང་དང༌། བྱེད་ཚིག་ད་ལྟ་བ་ལ་སྔོན་འཇུག་མོ་ཡིས་འཕུལ་ཞིང༌། མིང་གཞི་པ་སྡེ་ལས་གཞན་པའི་འདས་ཚིག་གི་སྔོན་འཇུག་ལ་ཕོ་ཡིས་འཕུལ་བ། དམིགས་བསལ་བརྗོད་བདེར་བྱེད་ཚིག་ད་ལྟ་བ་གི་སྔོན་འཇུག་མ་ནིང་འགྱུར་བ་ཡང་སྲིད་དོ། །ཞེས་པའོ།། དཔེར་ན། ལམ་སོགས། དགག འགོག བཀག ཁོག སྣོད་ཆུས། དགང༌། འགེང༌། བཀང༌། ཁོང༌། རྣ་བ། དགབ། འགེབ། བཀབ། ཁོབ། ཤིང་སོགས། གཟུགས། འཛུགས། བཙུགས། ཚུགས། ལྟ་བུ་སྟེ། འདི་ལ་ཞིབ་མོའི་ལུགས་སུ་བྱས་ན་ནང་གསེས་ཀྱི་དབྱེ་བ་ཁ་ཤས་ཡོད་པ་འདྲ་སྟེ། མིང་གཞི་སྡེ་པ་གཅིག་པའི་དུས་གསུམ་སྤྱིར་བཏང་བ། མིང་གཞི་སྡེ་པ་གཉིས་འབྲེལ་གྱི་དུས་གསུམ་སྤྱི་བཏང་བ། མིང་གཞི་སྡེ་པ་སུམ་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ་བཅས་ཡོད། དེ་དག་གི་གོ་དོན་རིམ་བཞིན་འགོད་ན། དང་པོ་ནི། དུས་གསུམ་སྤྱིར་བཏང་བ་གང་ཞིག བྱ་ཚིག་དེའི་མ་འོངས་པ་དང་ད་ལྟ་བའི་མིང་གཞི་ལ་སྡེ་པ་དེའི་མོ་ཡིག་ཡིན་དགོས་པ་དང༌། འདས་ཚིག་གི་མིང་གཞི་ལ་སྡེ་པ་དེའི་ཕོ་ཡིག་ཡིན་པས་ཁྱབ་པ། སྐུལ་ཚིག་ལ་སྡེ་པ་དེའི་མིང་གཞི་མ་ནིང་ཡིན་པས་ཁྱབ་པ་ཞིག་ཡིན་དགོས།
དཔེར་ན། ལམ་སོགས་དགག་བྱ། འགོག་བྱེད། བཀག ཁོག་ཅིག་ལྟ་བུ།
དགང་བྱ་འགེངས་བྱེད་བཀང་ཁོང་ཞིག། དགད་བྱ་འགད་བྱེད་བཀད་ཁོད་ཅིག། དགབ་བྱ་འགེབས་བྱེད་བཀབ་ཁེབས་ཤིག། དགར་བྱ་འགེར་བྱེད་བཀར་ཁོར་ཞིག། དགལ་བྱ་འགེལ་བྱེད་བཀལ་ཁོལ་ཞིག། དགུག་བྱ་འགུག་བྱེད་བཀུག་ཁུག་ཅིག། དགུམ་བྱ་འགུམ་བྱེད་བཀུམ་ཁུམ་ཞིག། དགོད་བྱ་འགོད་བྱེད་བཀོད་ཁོད་ཅིག། དགྲམ་བྱ་འགྲེམ་བྱེད་བཀྲམ་གྲོམས་ཤིག། དགྲོལ་བྱ་འགྲོལ་བྱེད་བཀྲོལ་ཁྲོལ་ཞིག། འདི་དག་སྔོན་འཇུག་ད་ཡིག་དང༌།། མིང་གཞི་ཀ་སྡེ་ཁོ་ན་ཡིན།། གདིང་བྱ་འདིང་བྱེད་བཏིངས་ཐིངས་ཤིག། གདགས་བྱ་འདོགས་བྱེད་བཏགས་ཐོགས་ཤིག། གདབ་བྱ་འདེབས་བྱེད་བཏབ་ཐོབ་ཅིག། གདུལ་བྱ་འདུལ་བྱེད་བཏུལ་ཐུལ་ཞིག། གདེག་བྱ་འདེགས་བྱེད་བཏེགས་ཐེག་ཅིག། གདོན་བྱ་འདོན་བྱེད་བཏོན་ཐོན་ཅིག། འདི་དག་བྱ་ཚིག་སྔོན་འཇུག་ག། བྱེད་ཚིག་སྔོན་འཇུག་འ་ཡིག་དང༌།། མིང་གཞི་ཏ་སྡེ་ཁོ་ན་ཡིན།། སྡེ་པ་གཅིག་པའི་མིང་གཞི་ནི།། བྱ་བྱེད་མོ་དང་འདས་པར་ཕོ།། སྐུལ་ཚིག་མིང་གཞི་མ་ནིང་སྟེ།། དབྱངས་དང་ཡང་འཇུག་སྐབས་བསྟུན་སྦྱར།། གཉིས་པ་མིང་གཞི་སྡེ་པ་གཉིས་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ་ནི། དུས་གསུམ་སྤྱིར་བཏང་བ་གང་ཞིག བྱ་བྱེད་ཀྱི་ལས་ཚིག་གི་མིང་གཞི་སྡེ་པ་ཐ་དད་གཉིས་ཀྱི་མོ་ཡིག་དང༌། འདས་ཚིག་སྡེ་བ་དེ་གཉིས་གང་རུང་དུ་གཏོགས་པའི་ཕོ་ཡིག་ཤས་ཆེར་འབྱུང་བ་ཞིག་དགོས་ཏེ། དེ་ཡང་མིང་གཞི་ཅ་སྡེ་དང་ཙ་སྡེ་ཞ་སྡེ་གསུམ་དུ་ངེས་པ་སེམས་སོ།། དཔེར་ན། ཤིང་སོགས་གཟུགས་བྱ། འཛུགས་བྱེད། བཙུགས་ཟིན། ལྟ་བུ། གཞག་བྱ་འཇོག་བྱེད་བཞག་ཞོག་ཅིག། གཞལ་བྱ་འཇལ་བྱེད་བཅལ་འཇོལ་ཞིག། གཞིལ་བྱ་འཇིལ་བྱེད་བཅིལ་ཆིལ་ཞིག། གཞུག་བྱ་འཇུག་བྱེད་བཅུག་ཆུགས་ཤིག། གཞོམ་བྱ་འཇོམ་བྱེད་བཅོམ་ཆོམ་ཞིག། གཟུག་བྱ་འཛུག་བྱེད་བཙུགས་ཚུགས་ཤིག། གཟུང་བྱ་འཛིན་བྱེད་བཟུང་ཟུངས་ཤིག། འདི་དག་དུས་གསུམ་སྐོར་གཅིག་ལ།། མིང་གཞི་སྡེ་པ་གཉིས་སུ་ངེས།། བྱ་ཚིག་སྔོན་འཇུག་ག་ཡིག་ལས།། ད་ཡིག་ཐོབ་པའི་སྐབས་མེད་དོ།། གསུམ་པ་མིང་གཞི་སྡེ་པ་སུམ་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ་ནི། དུས་གསུམ་སྤྱིར་བཏང་བ་གང་ཞིག དུས་གསུམ་སྐོར་གཅིག་གི་མིང་གཞིར་སྡེ་པ་གསུམ་ཚོགས་ནས་གྲུབ་པའི་བྱ་ཚིག་ལ་ཟེར། དཔེར་ན། ཁང་པ་སོགས། གཞིག་བྱ། འཇིག་བྱེད། བཤིགས་ཟིན། ཤིགས་ཤིག ལྟ་བུ་ཙམ་ལས་མང་པོ་མེད་ལ། འདིའི་བྱ་ཚིག་གི་མིང་གཞི་ལ་ཅ་སྡེ་དང༌། བྱེད་ཚིག་གི་མིང་གཞི་ལ་ཞ་སྡེ། འདས་ཚིག་གི་མིང་གཞི་ར་སྡེ་གསུམ་དུ་ངེས་སོ།། བཞི་པ་བརྗོད་བདེར་བྱེད་ཚིག་མ་ནིང་ཐོབ་པའི་དུས་གསུམ་སྤྱིར་བཏང་པ་ནི། དུས་གསུམ་སྤྱིར་བཏང་པ་གང་ཞིག བྱ་བྱེད་ཀྱི་ལས་ཚིག་གི་སྔོན་འཇུག་མ་ནིང་ཡིན་པ་དང༌། དུས་གསུམ་ཀའི་མིང་གཞི་གཅིག་ཏུ་ངེས་པ་ཞིག་ལ་ཟེར། དཔེར་ན། རྡོ་སོགས་གཅག་བྱ། གཅོག་བྱེད། བཅག ཆོག་ཅིག ལྟ་བུ་སྟེ། དཔེ་འགའ་ཞིག་དགོད་ན། གཅག་བྱ་གཅོག་བྱེད་བཅག་ཆོག་ཅིག། གཅད་བྱ་གཅོད་བྱེད་བཅད་ཆོད་ཅིག། གཅར་བྱ་གཅོར་བྱེད་བཅར་ཆོར་ཞིག།མིག་སོགས གཅར་བྱ་གཅོར་བྱེད་བཅར་ཆོར་ཞིག།མདུན་དུ གཅུ་བྱ་གཅུ་བྱེད་བཅུས་ཆུས་ཤིག། གཅུར་བྱ་གཅུར་བྱེད་བཅུར་ཆུར་ཞིག།བསྒྲིམས་ཏེ གཅིར་བྱ་གཅིར་བྱེད་བཅིར་ཆིར་ཞིག། གཏང་བྱ་གཏོང་བྱེད་བཏང་ཐོང་ཞིག། གཏད་བྱ་གཏོད་བྱེད་བཏད་ཐོད་ཅིག། གཙབ་བྱ་གཙབ་བྱེད་བཙབས་ཚོབས་ཤིག། གཙའ་བྱ་གཙའ་བྱེད་བཙས་བཙོས་ཤིག། གཙུབ་བྱ་གཙུབ་བྱེད་བཙུབས་ཚུབས་ཤིག། གསག་བྱ་གསོག་བྱེད་བསགས་སོག་ཅིག།། གསད་བྱ་གསོད་བྱེད་བསད་སོད་ཅིག། གསབ་བྱ་གསོབ་བྱེད་བསབས་སོབ་ཅིག། གསལ་བྱ་གསལ་བྱེད་བསལ་སོལ་ཞིག། གསིལ་བྱ་གསིལ་བྱེད་བསིལ་སིལ་ཞིག། གསོ་བྱ་གསོ་བྱེད་བསོས་སོས་ཤིག། འདི་ཡི་བྱ་བྱེད་སྔོན་འཇུག་ག། འདས་ལ་སྔོན་འཇུག་བ་ཡིགསྟེ།། མིང་གཞི་ཅ་དང་ཏ་ཙ་ས།། བཞི་པོ་ཉིད་དུ་ངེས་པར་སེམས།། དགད་བྱ་དགོད་བྱེད་བགད་དགོད་ཅིག། གཞུང་ཆེན་པོའི་དགོངས་པ་དང་མི་མཐུན ༢ དུས་གསུམ་བྱེ་བྲག་པ་བཤད་པ། བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ།། བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས།། སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས།། མཚོན་ནུས་སྟོན་དང་མགོ་ཅན་མང་པའི་སྡེ།། དུས་གསུམ་བྱེ་བྲག་པ་ཞེས་པ་དེ་ནི་བྱ་ཚིག་མ་འོངས་པ་གི་སྔོན་འཇུག་ཕོ་ཡིས་འཕུལ་ལ་འདས་ཚིག་ཀྱང་དེ་བཞིན་ཕོ་ཡི་སྔོན་འཇུག་ཐོབ། བྱེད་ཚིག་ད་ལྟ་བ་ཕལ་ཆེར་འཕུལ་མེད་ཅན་དུ་ངེས་པ། སྐབས་འགར་འདས་ཚིག་ལ་རྗེས་འཇུག་ས་རྐྱང་གི་ནུས་པས་སྟོན་པ་དང༌། སྤྱིར་མགོ་ཅན་མང་བའི་སྡེ་ཡིན། འོན་ཀྱང་ཐམས་ཅད་ལ་མགོ་ཅན་ཐོབ་པས་ནི་མ་ཁྱབ་བོ། དཔེར་ན། ནོར་བསྒྲུབ་པར་འགྱུར། སྒྲུབ་བཞིན་པ། བསྒྲུབས་ཟིན། ལྟ་བུ་དང༌། སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གི་ནུས་པས་མཚོན་པ་བསྟན་པ་ནི། གཟུགས་ལ་བལྟ་བར་འགྱུར། ལྟ་བཞིན་པ། བལྟས་ཟིན་ལྟ་བུ། འདིའི་སྐོར་མང་ཆེ་བ་ལ་མགོ་ཅན་ཐོབ་ཅིང༌། མི་ཐོབ་པའང་འགའ་ཞིག་ཡོད་དེ་དཔེར་ན། རི་མོ་བསུབ་འགྱུར། སུབ་བཞིན་པ། བསུབས་ཟིན། སུབས་ཤིག་ལྟ་བུ་རྣམས་ཏེ། དུས་གསུམ་གར་མགོ་ཅན་ཐོབ་པའི་དུས་གསུམ་བྱེ་བྲག་པ། ཆོས་སོགས་བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས། སྒྲུབས་ཤིག་ལྟ་བུ། འདི་དག་ལ་དུས་གསུམ་བྱེ་བྲག་པ་ཟེར་དོན་ནི། སྔོན་འཇུག་བྱེ་བྲག་པ་གཅིག་གིས་ཕལ་ཆེར་དུས་གསུམ་སྐོར་གཅིག་བསྟན་པར་ནུས་པས་དེ་སྐད་དུ་བཏགས་པ་ཡིན་ནོ།། དུས་གསུམ་གར་མགོ་ཅན་མི་ཐོབ་ཅིང་ད་ལྟ་བ་ལ་སྔོན་འཇུག་མི་ཐོབ་པའི་དུས་གསུམ་བྱེ་བྲག་པ། སྡོམ་ཚིག་མདོར་བསྡུས་ཙམ་འགོད་ན། བཟའ་བྱ་ཟ་བྱེད་བཟས་ཟོ་ཞིག། བཀླག་བྱ་ཀློག་བྱེད་བཀླགས་ཀློགས་ཤིག། བསམ་བྱ་སེམས་བྱེད་བསམས་སོམས་ཤིག། བགྲུང་བྱ་གྲུངས་བྱེད་བགྲུངས་གྲུངས་ཤིག། བཟླུམ་བྱ་ཟླུམ་བྱེད་བཟླུམས་ཟླུམས་ཤིག། བརླན་བྱ་རློན་བྱེད་བརླནད་རློནད་ཅིག། བསྲང་བྱ་སྲོང་བྱེད་བསྲངས་སྲོངས་ཤིག། བསྲབ་བྱ་སྲབ་བྱེད་བསྲབས་སྲོབས་ཤིག། བསྲན་བྱ་སྲན་བྱེད་བསྲནད་སྲོནད་ཅིག། བསྲེ་བྱ་སྲེ་བྱེད་བསྲེས་སྲེས་ཤིག། བསྲེག་བྱ་སྲེག་བྱེད་བསྲེགས་སྲེགས་ཤིག། བསྲོ་བྱ་སྲོ་བྱེད་བསྲོས་སྲོས་ཤིག། བསླད་བྱ་སླད་བྱེད་བསླད་སློད་ཅིག། བསླུ་བྱ་བསླུ་བྱེད་བསླུས་སླུས་ཤིག། བསློག་བྱ་སློག་བྱེད་བསློགས་སློགས་ཤིག། བསླག་བྱ་སློག་བྱེད་བསླགས་སློགས་ཤིག། བརླག་བྱ་རློག་བྱེད་བརླགས་རློགས་ཤིག། བརླན་བྱ་རློན་བྱེད་བརླནད་རློནད་ཅིག། སྲིང་བྱ་སྲིང་བྱེད་བསྲིངས་སྲིངས་ཤིག། བསྲེལ་བྱ་སྲེལ་བྱེད་བསྲེལད་སྲེལད་ཅིག། ལྟ་བུ་མང་ཞིང༌། འདི་ནི་མཚོན་པ་ཙམ་སྟེ། རྒྱས་པ་ནི་འོག་ནས་སྔོན་འཇུག་བ་ཡིག་དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་སྐབས་རྩལ་དུ་བཏོན་ནས་བཤད་པར་བྱ་བས་དེར་གཟིགས་དགོས། ད་ལྟ་བ་ལ་སྔོན་འཇུག་ཐོབ་པའི་དུས་གསུམ་བྱེ་བྲག་པ། བཅབ་བྱ་འཆབ་བྱེད་བཅབ་ཆོབ་ཅིག བཅག་བྱ་འཆག་བྱེད་བཅགས་ཆོགས་ཤིག། བཅའ་བྱ་འཆའ་བྱེད་བཅས་ཆོས་ཤིག། བཅིབ་བྱ་འཆིབ་བྱེད་བཅིབས་ཆིབས་ཤིག། བཅུར་བྱ་འཇུར་བྱེད་བཅུརད་ཅུརད་ཅིག། བཏོག་བྱ་འཐོག་བྱེད་བཏོགས་ཐོགས་ཤིག། བཏིམ་བྱ་འཐིམས་བྱེད་བཏུམས་ཐུམས་ཤིག། བཙམ་བྱ་འཚམས་བྱེད་བཙམས་ཚོམས་ཤིག། བཙོ་བྱ་འཚོད་བྱེད་བཙོས་ཚོས་ཤིག། བཤད་བྱ་འཆད་བྱེད་བཤད་ཤོད་ཅིག། ལྟ་བུ་རྣམས་སོ།། རྗེས་འཇུག་ས་ཡིག་གིས་འདས་སྐུལ་བསྟན་པའི་དུས་གསུམ་བྱེ་བྲག་པ། བལྟ་བྱ་ལྟ་བྱེད་བལྟས་ལྟོས་ཤིག། བརྫུ་བྱ་རྫུ་བྱེད་བརྫུས་བརྫུས་ཤིག། བསྐྱི་བྱ་སྐྱི་བྱེད་བསྐྱིས་སྐྱིས་ཤིག། བརྐུ་བྱ་རྐུ་བྱེད་བརྐུས་རྐུས་ཤིག། བརྗེ་བྱ་རྗེ་བྱེད་བརྗེས་རྗེས་ཤིག། བརྫི་བྱ་རྫི་བྱེད་བརྫིས་རྫིས་ཤིག། བཟླ་བྱ་ཟླ་བྱེད་བཟླས་ཟློས་ཤིག། བཟླ་བྱ་ཟློ་བྱེད་བཟློས་ཟློས་ཤིག། ལྟ་བུ་སྟེ། རིགས་འགྲེ་ཤེས་པར་བྱའོ།། ༣ དུས་གསུམ་ཐོར་བུ་བ་ནི། གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་ཅིང༌།། ཡོད་ཀྱང་འཕུལ་ཡིག་ལས་འགྱུར་མེད་དང༌།། འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལས།། མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད།། དུས་གསུམ་ཐོར་བུ་བ་ལ་རིགས་གསུམ་ཡོད་པ་ལས། དང་པོ་དུས་གསུམ་ག་སྟོན་པའི་ལས་ཚིག་ལ་འཕུལ་ཡིག་མེད་པ་ནི། གོ་བདེའི་ཆེད་སྡོམ་ཚིག་ཏུ་སྒྲིག་ན། གོ་བྱ་གོ་བྱེད་གོ་གོ་ཞིག། ན་བྱ་ན་བྱེད་ན་ན་ཞིག། ཉོ་བྱ་ཉོ་བྱེད་ཉོས་ཉོས་ཤིག། རེག་བྱ་རེག་བྱེད་རེག་རེག་ཅིག། དུབ་བྱ་དུབ་བྱེད་དུབ་དུབ་ཅིག། སིམ་བྱ་སིམ་བྱེད་སིམ་སིམ་ཞིག། དེ་སོགས་རྐྱང་པའི་མིང་གཞི་ཡིན།། འདི་ཡི་བྱེད་འབྲེལ་བྱེད་མེད་སོགས།། མགོ་ཅན་མེད་པའི་བྱ་ཚིག་ཡིན།། དེས་མཚོན་གཞན་ཡང་ཤེས་པར་གྱིས།། སྤང་བྱ་སྤོང་བྱེད་སྤངས་སྤོངས་ཤིག། བླང་བྱ་ལེན་བྱེད་བླངས་ལོངས་ཤིག། བླུད་བྱ་བླུད་བྱེད་བླུད་བླུད་ཅིག། སྤྲད་བྱ་སྤྲོད་བྱེད་སྤྲད་སྤྲོད་ཅིག། བྱམས་བྱ་བྱམས་བྱེད་བྱམས་བྱམས་ཤིག། སྡང་བྱ་སྡང་བྱེད་སྡང་སྡང་ཞིག། གླེང་བྱ་གླེང་བྱེད་གླེང་གླེངས་ཤིག། སྤུང་བྱ་སྤུང་བྱེད་སྤུངས་སྤུངས་ཤིག། སྤུད་བྱ་སྤུད་བྱེད་སྤུད་སྤུད་ཅིག། སྤོ་བྱ་སྤོ་བྱེད་སྤོས་སྤོས་ཤིག། དེ་དག་མགོ་འདོགས་བརྩེགས་པའི་རིགས། འདིས་མཚོན་མང་དུ་ཤེས་པར་བྱ།། གཉིས་པ་འཕུལ་ཡིག་ཡོད་ཀྱང་གཅིག་ལས་འགྱུར་བ་མེད་པའི་དུས་གསུམ་ཐོར་བུ་བ་ནི། དཔེར་ན། བླ་མ་ལ། བསྟོད་ཚར། བསྟོད་བཞིན་པ། བསྟོད་པར་འགྱུར། ལྟ་བུ། འདིའི་རིགས་ལ་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་གཟུགས་མི་འགྱུར་བའི་བྱ་ཚིག་ཟེར། གོ་བདེའི་ཆེད་སྡོམ་ཚིག་ཏུ་བསྡུས་ན། གཉུལ་བྱ་གཉུལ་བྱེད་གཉུལད་ཉུལ་ཅིག། གཉེར་བྱ་གཉེར་བྱེད་གཉེརད་གཉེརད་ཅིག། གཏམ་བྱ་གཏམ་བྱེད་གཏམས་གཏམས་ཤིག། གཏུབ་བྱ་གཏུབ་བྱེད་གཏུབ་གཏུབས་ཤིག། གཟིགས་བྱ་གཟིགས་བྱེད་གཟིགས་གཟིགས་ཤིག། དཔྱད་བྱ་དཔྱོད་བྱེད་དཔྱད་དཔྱད་ཅིག། དཔྱང་བྱ་དཔྱོང་བྱེད་དཔྱངས་དཔྱོངས་ཤིག། དབང་བྱ་དབང་བྱེད་དབང་དབང་ཞིག། བསྟོད་བྱ་བསྟོད་བྱེད་བསྟོད་བསྟོད་ཅིག། བཞུགས་བྱ་བཞུགས་བྱེད་བཞུགས་བཞུགས་ཞིག། བཤུ་བྱ་བཤུ་བྱེད་བཤུས་བཤུས་ཤིག། བགྲོད་བྱ་བགྲོད་བྱེད་བགྲོད་བགྲོད་ཅིག། བགྲད་བྱ་བགྲད་བྱེད་བགྲད་བགྲོད་ཅིག། བཀན་བྱ་བཀན་བྱེད་བཀན་བཀན་ཅིག། འགྲན་བྱ་འགྲན་བྱེད་འགྲན་འགྲན་ཅིག།། འཇབ་བྱ་འཇབ་བྱེད་འཇབས་འཇབས་ཤིག། འཐེན་བྱ་འཐེན་བྱེད་འཐེནད་འཐེནད་ཅིག། འཕྱ་བྱ་འཕྱ་བྱེད་འཕྱས་འཕྱས་སིག། འཕྱག་བྱ་འཕྱག་བྱེད་འཕྱགས་འཕྱོགས་སིག། མཁྱེན་བྱ་མཁྱེན་བྱེད་མཁྱེནད་མཁྱེནད་ཅིག། མཁས་བྱ་མཁས་བྱེད་མཁས་མཁས་ཤིག། འདི་རིགས་སྔོན་ཇུག་བ་ད་འ།། གསུམ་གྱི་འཇུག་པ་ཉུང་བ་ཡིན།། ག་ཉིད་ཅུང་མང་མ་ཡིག་ནི།། ཕལ་ཆེར་འདི་ཡི་ཁྱབ་པར་བསྡུས།། གསུམ་པ་དེ་ལས་གཞན་པའི་དུས་གསུམ་ཐོར་བུ་བ་ནི། དུས་གསུམ་སྤྱི་དང་བྱེ་བྲག ཐོར་བུའི་རིགས་སྔ་མ་གཉིས་གང་དང་ཡང་མི་མཐུན་པའི་དུས་གསུམ་གྱི་རིགས་ལ་ཟེར། དཔེར་ན། ནོར་སོགས། དབྲོག་བྱ། འཕྲོག་བྱེད། འཕྲོགས། ཕྲོགས་ཤིག ལྟ་བུ། གོ་བདེ་བའི་ཆེད་སྡོམ་ཚིག་ཏུ་བསྡུས་ན། དབྲལ་བྱ་འཕྲལ་བྱེད་ཕྲལད་ཕྲོལད་ཅིག། དབྲོག་བྱ་འཕྲོག་བྱེད་འཕྲོགས་ཕྲོགས་ཤིག། དབུབ་བྱ་འབུབ་བྱེད་ཕུབ་ཕུབས་ཤིག། དབིག་བྱ་འབིགས་བྱེད་ཕིགས་ཕིགས་ཤིག། དབུལ་བྱ་འབུལ་བྱེད་ཕུལ་ཕུལ་ཞིག། དབྲི་བྱ་འབྲི་བྱེད་བྲིས་བྲོས་ཤིག། དབྲི་བྱ་འཕྲི་བྱེད་འཕྲིས་ཕྲིས་ཤིག། དབྲལ་བྱ་འབྲལ་བྱེད་ཕྲལ་ཕྲོལ་ཞིག། དབུར་བྱ་འབུར་བྱེད་ཕུར་ཕུར་ཅིག། དབག་བྱ་འབག་བྱེད་འབགས་ཟིན་ཏོ།། དབབ་བྱ་འབེབས་བྱེད་ཕབ་ཕོབས་ཤིག། དབོ་བྱ་འབོ་བྱེད་འཕོས་ཕོས་ཤིག། དབོག་བྱ་འབོག་བྱེད་ཕོག་ཕོགས་ཤིག། དབྱུག་བྱ་འབྱུག་བྱེད་བྱུགས་བྱུགས་ཤིག། དབྱེ་བྱ་འབྱེད་བྱེད་ཕྱེ་ཕྱེས་ཤིག། འདི་དག་མིང་གཞི་པ་སྡེར་ངེས།། འཁྱེར་བྱ་འཁྱེར་བྱེད་ཁྱེར་ཁྱེརད་ཅིག། འགྲུབ་བྱ་འགྲུབ་བྱེད་གྲུབ་ཟིན་ཏོ།། འགྲོ་བྱ་འགྲོ་བྱེད་ཕྱིན་སོང་ཞིག། འགྱེས་བྱ་འགྱེས་བྱེད་གྱེས་ཟིན་ཏོ།། འགུམ་བྱ་འགུམ་བྱེད་གུམས་ཟིན་ཏོ།། འགས་བྱ་འགས་བྱེད་གས་ཟིན་ཏོ།། འཆར་བྱ་འཆར་བྱེད་ཤར་འཆར་ཞིག། འཛད་བྱ་མཛད་བྱེད་ཟད་འཛོད་ཅིག། འགྱུར་བྱ་འགྱུར་བྱེད་གྱུརད་གྱུར་ཅིག། འབུད་བྱ་འབུད་བྱེད་བུད་བུད་ཅིག། འདི་དག་བྱ་བྱེད་སྔོན་འཇུག་འ།། འདིས་མཚོན་གཞན་ཡང་ཤེས་པར་གྱིས།། གོང་དུ་བཤད་པ་དེ་དག་གིས་མ་ཁྱབ་པའི་བྱ་བྱེད་ཀྱི་ལས་ཚིག་གཞན་མེད་པས་བརྗོད་བྱ་དོན་གྱི་དུས་གསུམ་གྱི་རྣམ་པ་གསལ་པོར་ཤེས་པ་ནི་རྗོད་བྱེད་ཀྱི་ལས་ཚིག་ལ་རག་ལས་པས་གནད་འདི་དག་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་གཟིགས་པ་ནི་ཤིན་ཏུ་གལ་ཆེ་བ་སྣང་ངོ༌།། གཞན་ཡང་ཚིག་གྲོགས་ཀྱི་དུས་གསུམ་གསལ་བྱེད་ཀྱང་འདི་ལྟར་ཡོད་དེ། བྱས། ཚར། གྲུབ། ཟིན། གྱུར། ལྟ་བུ་འདས་པ་གསལ་བྱེད་དང༌། བཞིན་པ། སྐབས། སྒང༌། ཀྱིན་རྣམས་ད་ལྟ་བ་གསལ་བྱེད་དང༌། འགྱུར། ཁ་མ། ཉེ། རྒྱུ་རྣམས་མ་འོངས་པ་གསལ་བྱེད་ཡིན་ཏེ། དཔེར་ན། བྱང་ཆུབ་མཆོག་ཏུ་བསྐྱེད་པར་བྱས། སེམས་བསྐྱེད་ཚར། བསྐྱེད་ཟིན། བསྐྱེད་པར་གྱུར། སྒྲུབ་ནས་གྲུབ། ལྟ་བུ་འདས་པ་དང༌། སྐྱེད་བཞིན་པ། སྐྱེད་པའི་སྐབས། སྐྱེད་པའི་སྒང༌། སྐྱེད་ཀྱིན་འདུག་ལྟ་བུ་ལྟ་བ། བསྐྱེད་པར་འགྱུར། བསྐྱེད་ཁ་མ། བསྐྱེད་ལ་ཉེ། བསྐྱེད་རྒྱུ་རེད། ལྟ་བུ་མ་འོངས་པ་ཡིན་ནོ། །དེ་དག་ཀྱང་ཚིག་གྲོགས་ཀྱིས་དུས་གསལ་པར་བྱེད་པས་རྗོད་བྱེད་ཚིག་གི་དུས་གསུམ་གསལ་བྱེད་དུ་འཇོག་དགོས་སོ།།
༨༽ བརྗོད་བྱ་དོན་གྱི་དུས་གསུམ་བཤད་པ། རྟགས་འཇུག་གི་སྐབས་ནས་སྟོན་པའི་དུས་གསུམ་ཞེས་པ་ནི་གཞི་བུམ་པ་ལྟ་བུ་རང་གི་ངོ་བོ་སོགས་ལ་འཕོ་འགྱུར་རམ་འགུལ་སྐྱོད་འགྲོ་རྒྱུ་ཡོད་ཀྱང་རང་ཉིད་ལ་དུས་གསུམ་གྱི་དབྱེ་བ་འབྱེད་མི་རུང་ཞིང༌། བུམ་པ་རང་ཉིད་ཀྱི་སྟེང་དུ་རིམ་གྱིས་ཆགས་པ་དང་ཡང་ན་བཅག་པ་ལྟ་བུའི་འཕོ་འགྱུར་འགྲོ་བའམ་འགུལ་སྐྱོད་བྱེད་པའི་ཆ་ལ་འདིར་དུས་གསུམ་གྱི་རྣམ་པར་བཞག་པ་ཡིན་པས་གནད་འདི་ཉིད་ལེགས་པར་ཤེས་པར་བྱས་ཏེ། བུམ་པ་རང་ཉིད་ལ་དུས་གསུམ་གྱི་དབྱེ་བ་ཕྱེ་རྒྱུ་མེད། བུམ་པའི་སྟེང་གི་ཆག་འཇིག་གི་བྱ་བ་ལ་དུས་གསུམ་གྱི་དབྱེ་བ་ཕྱེ་རྒྱུ་ཡོད་པ་གཉིས་མ་འཁྲུལ་བ་བྱེད་དགོས། ༩༽ དུས་གསུམ་གྱི་དབྱེ་བ་ཕྱེ་བའི་དགོས་པ། དེ་ལྟར་དུས་གསུམ་གྱི་དབྱེ་བ་ཕྱེ་བའི་དགོས་པ་གང་ཞིག་ཡིན་སྙམ་ན། དངོས་པོ་བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་བྱ་བ་རྣམས་བསྡུ་བའི་ཆེད་དུ་ཡིན་ནོ། །དཔེར་ན་ཆུ་འཁྱིལ། མེ་འབར། འཁོར་ལོ་འཁོར་ལྟ་བུ་སོགས་མང་པོ་ཞིག་བྱ་བ་ཡིན་ཡང་དངོས་པོ་བདག་གཞན་གྱི་དབྱེ་བས་མ་བསྡུས་ཏེ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་སམ་བྱ་བ་ཡིན་པའི་ཕྱིར། དེས་ན་དུས་གསུམ་གྱི་དབྱེ་བ་ཕྱེ་བ་འདིས་ནི། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མི་འབྲེལ་ལ་མ་ལྟོས་པར་བྱ་བ་ཀུན་ལ་ཁྱབ་པ་ཡིན་ནོ། །གལ་ཏེ་དངོས་པོ་བདག་གཞན་ལས་ལོགས་སུ་དུས་གསུམ་གྱི་དབྱེ་བ་མ་ཕྱེས་ན་ཅི་སྐྱོན་ཞེ་ན། དེ་ལྟ་ན། ཆུ་འཁྱིལ། ང་འགྲོ། སྐུ་འཁྲུངས། ལྟ་བུ། བྱེད་མེད་ལས་ཚིག་མང་པོ་ཞིག་ལ་དུས་གསུམ་གྱི་ཁྱད་པར་འཇོག་རྒྱུ་མེད་པར་འགྱུར་རོ། །དེས་ན་དུས་གསུམ་གྱི་དབྱེ་བ་དེས་སྤྱིར་བྱ་བ་ཀུན་ལ་ཁྱབ་མོད་ཀྱང་དམིགས་བསལ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་བ་ལ་གཙོ་བོར་དགོངས་ནས་འབྱེད་པ་ཡིན་ཏེ། བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་བ་རྣམས་ལ་དུས་གསུམ་གྱི་དབྱེ་བ་མ་ཕྱེ་ནའང་དངོས་པོ་བདག་གཞན་གྱི་དབྱེ་བའི་ཁོངས་སུ་འདུ་བའི་ཕྱིར། སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་དངོས་བཤད་པ།
གཉིས་པ་སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་དངོས་བཤད་པ་ལ། དྲི་བས་མཚམས་སྦྱར་བ་དང༌། ལན་གྱིས་བསྙད་པ་གཉིས་ལས། དང་པོ་ནི། རྩ་བར། ཅི་ཕྱིར་འཇུག་པ་བྱེད་ཅེ་ན།། ཞེས་གསུངས། དོན་ནི། དེ་ལྟར་གོང་དུ་བཤད་པའི་དངོས་པོ་བདག་གཞན་དང༌། བྱ་བྱེད་ལས་གསུམ། དུས་གསུམ་བཅས་ཀྱི་ཐ་སྙད་འགྲོ་སྟངས་ཀྱི་གོ་བ་ལེགས་པར་ཤེས་ནས། ད་ནི་སྔོན་འཇུག་ལྔ་པོ་དེ་དག་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་རྣམས་ལ་དགོས་པ་ཅི་ཞིག་བསྟན་པའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། ཞེས་དྲི་བས་མཚམས་སྦྱར་བའོ།། གཉིས་པ། ལན་གྱིས་བསྙད་པ་ལ་བཞི། སྔོན་འཇུག་གི་ཕོ་ཡིག་བ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། མ་ནིང་ག་ད་གཉིས་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། མོ་ཡིག་འ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། ཤིན་ཏུ་མོ་མ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་དང་བཞི་ལས།
༡༽ སྔོན་འཇུག་གི་ཕོ་བ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ། དང་པོ་སྔོན་འཇུག་གི་ཕོ་ཡིག་བ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་གསུངས་ཏེ། སྔོན་འཇུག་ལྔ་ཡི་ནང་ནས་ཕོ་ཡིག་བ་ནི་དུས་གསུམ་གྱི་ནང་ནས་གཙོ་བོ་འདས་པ་དང༌། དངོས་པོ་བདག་གཞན་གཉིས་ཀྱི་ནང་ནས་གཙོ་བོ་གཞན། བྱ་བའི་ལས་དང་བྱེད་པའི་ལས་གཉིས་ཀྱི་ནང་ནས་གཙོ་བོ་བྱ་བའི་ལས་བསྒྲུབ་པའི་ཕྱིར་རམ་དེའི་ཆེད་དུ་འཇུག་གོ སྔོན་འཇུག་གི་ཕོ་ཡིག་བ་དུས་འདས་པ་ལ་འཇུག་པ་ནི། དཔེར་ན། ལམ་བཀག གཞུ་བཀང༌། ཆུས་བཀང༌། འབར་རྫས་བཀད། གྱེན་དུ་བཀན། ཁ་བཀབ། ཟུར་དུ་བཀར། བལ་བཀལ། འཁལ་བཀལ། ཁ་བཀས། གཞུ་བཀུག མཚོན་ཆས་བཀུམས། གོང་དུ་བཀུར། སྨན་བཀུས། དཔའ་བཀོང༌། ཐོ་བཀོད། ཟུར་དུ་བཀོལད། གྱེན་དུ་བཀྱགས། ཐག་པས་བཀྱིགས། གཡུལ་བཀྱེས། བཀའ་བཀྱོན། འོད་ཀྱིས་བཀྲགས། ལེགས་པར་བཀྲབས། མེ་ཏོག་བཀྲམས། དགོངས་པ་བཀྲལད། ལམ་ལ་བཀྲིས། ཕྱེ་མ་བཀྲུམས། གོས་བཀྲུས། ནོར་གྱིས་བཀྲེན། གྲོད་པ་བཀྲེས། བླ་མ་བཀྲོངས། རོལ་མོ་བཀྲོལད། ཆིངས་ཐག་བཀྲོལ། ཆོས་བཀླགས། རྒྱན་ཆ་བཀླུབས། འདོད་པས་བརྐམས། ནོར་བརྐུས། ས་བརྐོས། ཐུགས་དམ་བསྐངས། ཉི་མས་བསྐམས། ཡུལ་གྱིས་བསྐལད། རྒྱན་བསྐུགས། ནོར་བསྐུངས། ལག་པ་བསྐུམས། ཡི་གེ་བསྐུར། གཞན་ལ་བསྐུལད། སྣུམ་བསྐུས། ཚོགས་འདུ་བསྐོངས། གོས་བསྐོན། མཆོད་རྟེན་བསྐོར། ཇ་བསྐོལ། དཔོན་བསྐོས། ལག་པ་བརྐྱངས། འཁོར་བསྐྱངས། ཉམ་ཆུང་བསྐྱབས། སྣོད་དུ་བསྐྱམས། བཟླས་པའི་བསྐྱརད། གཞན་དུ་བསྐྱལད། དངོས་རྫས་བསྐྱས། ཆུ་བསྐྱིལད། དངུལ་བསྐྱིས། སྐྱུག་པ་བསྐྱུགས། ཁེངས་བསྐྱུངས། དྲན་པས་བསྐྱུད། གད་སྙིགས་བསྐྱུརད། འབྲས་བུ་བསྐྱེད། སྐེ་བསྐྱོགས། མདུན་དུ་བསྐྱོད། རླུང་གིས་བསྐྱོད། རྟ་ལ་བསྐྱོནད། གནས་ནས་བསྐྲད། ལམ་དུ་བསྐྲིས། ཟས་ལ་བསྐྲུས། གཉིད་བསྐྲོགས། ལམ་བགགས། གད་མོ་བགད། ཚོད་བགམས། རྐང་པས་བགོམས། ནོར་བགོས། དུས་བགྱངསངག་སྒྲོན་ལས་འབྱུང། བྱ་བ་བགྱིས། གྲངས་བགྲངས། རྡོ་བགྲིལད། ལྤགས་པ་བགྲུས། ཆུ་བགྲུངས། ན་ཚོད་བགྲོས། རྐང་པས་བགྲོད། བཀའ་བགྲོས། མངོན་པས་བརྒྱགས། ཐག་པས་བརྒྱངས། སྒོ་བརྒྱབས། དྲན་མེད་བརྒྱལད། ཐང་དུ་བརྒྱུགས། ཞལ་ནས་བརྒྱུད། ཕྲེང་བ་བརྒྱུས། གནའ་བསྒགས། ཆུས་བསྒངས། ཉེས་ཅན་བསྒབས། གྲོགས་བསྒུགས། མགོ་བསྒུརད། ས་བསྒུལད། ཁ་བསྒོངས། ལམ་བསྒོམས། བཀའ་བསྒོས། ལུས་བསྒྱིངས། སྐད་བསྒྱུརད། གད་སྐྱར་དུ་བསྒྱེལད། དྲིལ་བུ་བསྒྲགས། ཇ་བསྒྲངསགྲང་བཅུག་པ། རྐང་པ་བསྒྲད། བགེགས་བསྒྲལད། དཔུང་བསྒྲིགས། མིག་བསྒྲིབས། བློ་བསྒྲིམས། ཟླ་བསྒྲིལད། ཡར་བསྒྲུགས། ཆུ་བསྒྲུངས། འགྲན་ཟླས་བསྒྲུནད། ཆོས་བསྒྲུབས། རིགས་བསྒྲེས། གྱེན་དུ་བསྒྲེངས། ཐག་པས་བསྒྲོགས། གོམ་པས་བསྒྲོད། མར་མེ་བསྒྲོན། ནོར་གྱིས་བརྔནད། ཟས་ལ་བརྔབས། འདོད་པས་བརྔམས། རྩྭ་བརྔས། དབུགས་བརྔུབས། ཡོས་བརྔོས། རི་དྭགས་བརྔོནད། དཔོན་ལ་བསྔགས། སྦས་པ་བསྔོགས། དགེ་བ་བསྔོས། དཀར་ཡོལ་བཅག ལག་ཏུ་བཅངས། གྲིས་བཅད། ཉེས་པ་བཅབས། མདུན་དུ་བཅརད། ཁྲིམས་བཅས། ཐག་པས་བཅིངས། རྟ་ལ་བཅིབས། གསེབ་ཏུ་བཅུམ། འོག་ཏུ་བཅུར། སོས་བཅེམས། སྤུངས་པའི་བཅེརད། དགྲ་བོ་བཅོམ། ནོར་རྫས་བཅོལད། སྐྱོན་བཅོས། རྔམས་པའི་བརྗིད། སེམས་ཀྱིས་བརྗེད། ནོར་བརྗེས། ཚིག་གིས་བརྗོད། གྲོད་པ་བརྙངས། ནོར་སྐྱིན་པའི་བརྙནད། ལག་པ་བརྙབས། གཞན་གྱིས་བརྙས། ནོར་བརྙསཉོས་པའི་བརྡ་རྙིང། ཟས་བརྙིངས། དབུ་བརྙེས། ཆུ་བརྙོགས། རྗེས་སུ་བསྙགས། ལན་གྱིས་བསྙད། སེམས་བསྙོམས། ཕྲུ་གུ་བསྙལད། ལག་པ་བསྙལད། ཚགས་ཀྱིས་བསྙིགས། ཐང་ལ་བསྙིལད། ལག་པས་བསྙུགས། མང་པོ་ལས་བསྙུངས། སྐུ་བསྙུནད། གོས་བསྙུལདབཀྲུ་བའི་བརྡ་རྙིང་། ལམ་དུ་བསྙེགས། འཇིགས་པའི་བསྙེངས། སྔགས་ཀྱིས་བསྙེནད། ཁེངས་པས་བསྙེམས། རི་མོས་བསྙེརདགཉེར་མ་འདུས་པ། ཐུགས་ཀྱིས་བསྙེལད། ཆུ་བསྙོགས། གནས་ལུགས་ལ་བསྙོནད། རྩེ་ནས་བསྙོརད། ཁྲུས་ཀྱི་བསྙོལད། རྟོག་པས་བརྟགས། ཡི་གེ་བཏང༌། ཇ་བཏུང༌། གུས་པས་བཏུད། རྟ་རྒོད་བཏུལ། ཁོང་ཁྲོས་བཏུམས། བདུལ་བཏུལ། ཀུན་ལས་བཏུས། གྱེན་དུ་བཏེགས། མེ་ཏོག་བཏོགས། གཞན་ལ་བཏོད། མིག་བཏོན། བློས་བརྟགས། བྲེལ་བས་བརྟབས། གོས་དུ་བརྟས། བརྩོན་པས་བརྟུནད། བློ་བརྟུལད། གྱང་ལ་བརྟེནད། རྟ་བརྟོད། ཕྱོགས་སུ་བརྟོལད། ལྟེབ་ཆག་བལྟབས། སྐུ་བལྟམས། མིག་གིས་བལྟས། རྒྱུ་ལ་བལྟོས། སྦྱིན་པ་བསྟངསབཏང་དང་འདྲ། ཕན་པའི་བསྟངསསྟོངས་གྲོགས། སྒ་བསྟད། ཆོས་བསྟནད། ཞལ་དུ་བསྟབས། གྲལ་བསྟརད། སྐྱོན་གྱིས་བསྟིངས། ནང་དུ་བསྟིམས། ཐག་པ་བསྟུངས། རྒྱུན་བསྟུད། དཔོན་ལ་བསྟོད། དཔོན་པོ་བདམས། བདེན་པ་བདརད། ཕྱོགས་སུ་བདལད། རླུང་གིས་བདས། མེ་ལ་བདུག པི་ཝང་བདུངས། འཕེལ་བའི་བདོ། ནོར་གྱིས་བདོགས། ཐལ་མོ་བརྡབས། རྡོ་ལ་བརྡརད། ཕྱོགས་ཀུན་བརྡལད། རྒྱུད་མང་བརྡུངས། མཚོན་ཆས་བརྡེགས། ལྕེས་བལྡགས། ཉེས་པས་བསྡིགས། ལེགས་ཆ་བསྡུས། གཅིག་ཏུ་བསྡེབས། ཉེ་བའི་བསྡོགས། མཉམ་དུ་བསྡོངས། གྲངས་ཁ་བསྡོམས། སྐུ་ལ་བསྡོས། སེམས་ལ་བརྣགས། ཟས་ཀྱི་བརྣངས། ནན་གྱིས་བརྣནད། དུས་བརྣུརད། ས་འོག་ཏུ་བརྣོགས། རྨས་པའི་བརྣོད། གྲངས་ཀ་བསྣནད། དབུ་ཞྭ་བསྣབས། ཕྱག་ཏུ་བསྣམས། ཐག་པ་བསྣརད། ཕྱིར་བསྣུད། ནུ་མ་བསྣུནད། ཆོས་བསྣུབས། དུས་བསྣུརད། སྟན་བསྣེམས། རྩམ་པ་བསྣོགས། བློ་བསྣོརད། གྲོགས་དང་བསྣོད། རྩམ་པ་བསྣོས། ཆུ་བཙགས། གསེབ་ཏུ་བཙངས། དུས་བཙངས། ཤ་བཙབས། ནོར་བཙལད། བུ་བཙས། སྣུམ་བཙིར། ཤིང་བཙུགས། ནང་དུ་བཙུད། གཙིབ་ཤིང་གིས་བཙིབས། རུས་པ་བཙོག ནོར་བཙོངས། ཤ་བཙོས། གནོལ་བརྩངས། རིགས་པས་བརྩད། གཞུང་བརྩམས། ཁང་པ་བརྩིགས། གྲངས་ཀ་བརྩིས། མགྲོན་པོ་བརྩུས། གོང་དུ་བརྩེགས། ཆོས་ལ་བརྩོནད། ཚོགས་བསྩགས། རྨོངས་པ་བསྩངས། བཀའ་བསྩལད། འོད་ཀྱིས་བསྩལད། ནང་དུ་བརྫངས། སྟེང་དུ་བརྫབས། རྩམ་པ་བརྫིས། ཡ་རབས་བརྫུས། ཕུ་དུང་བརྫེས། མདུན་དུ་བཞག བཞད་མོ་བཞད། ཕག་ཏུ་བཞབས། སྐྲ་བཞརད། ཁྲི་ལ་བཞུགས། ལམ་དུ་བཞུད། མར་བཞུས། རྟ་ལྕག་གིས་བཞུས། ཡར་བཞེངས། ཐུགས་ཀྱིས་བཞེད། ཞལ་གྱིས་བཞེས། ཤིང་གཞོགས། འོ་མ་བཞོས། དགྲ་ལ་བཟབས། ཟས་བཟས། བློ་ལ་བཟུང༌། ཟུར་དུ་བཟུར། ཕོར་བ་བཟེད། ཁོང་ཁྲོར་བཟོད། ལས་ཀ་བཟོས། སྔགས་བཟླས། དྲི་བ་བཟླུགས། གཅིག་ཏུ་བཟླུམས། བར་ཆོད་བཟློགས། ཡང་ཡང་བཟློས། ནོར་བརླགས། སེམས་བརླངས། ཆུས་བརླནད། བྱིན་གྱིས་བརླབས། ཁེངས་པས་བརླམས། བརྟན་པོའི་བརླིངས། ཡིད་བརླུགས། ཁོག་ཏུ་བརློངསཆུབ་པ། སྡིག་པ་བཤགས། ལམ་བཤངས། སྐད་ཆ་བཤད། མཆོད་པ་བཤམས། ལམ་དུ་བཤརད། གྲོད་པ་བཤལད། ལུག་བཤས། རྩིག་པ་བཤིགས། མཉམ་དུ་བཤིབས། ཟས་བཤུགས། འཕྱ་སྨད་ཀྱིས་བཤུངས། ངུ་བའི་བཤུམས། མེར་བཤུརད། པགས་པ་བཤུས། དཔོན་གྱིས་བཤེར། ཆུས་བཤེར། ལས་ཀ་ལས་བཤོལད། མཛའ་མོ་དང་བཤོས། ཚོགས་བསགས། སྐྱོ་བ་བསངས། དགྲ་བསད། དྲིན་ལན་བསབས། སེམས་ཀྱིས་བསམས། དྲི་མ་བསལད། རལ་པ་བསིགས། ཆང་བསིངས། ཐུགས་བསུནད། རི་མོ་བསུབས། ཁ་བསུམས། མགྲོན་པོ་བསུས། བལ་བསེད། ལམ་གྱི་བསེལད། ཚོགས་བསོགས། དྲང་པོར་བསྲངས། བཟོད་པས་བསྲནད། ལག་པ་བསྲེངས། ནོར་བསྲུས། དམག་གིས་བསྲུངས། སེམས་བསྲུནད། ཇ་བསྲུབས། བསྲུལ་པོས་བསྲུལད། མེ་ལ་བསྲེགས། ཡུན་རིང་དུ་བསྲེལད། མཉམ་དུ་བསྲེས། མེ་ལ་བསྲོས། ཟས་བསླངས། སྐྱོན་གྱིས་བསླད། ཕྱོགས་སུ་བསླན། ཆོས་ལ་བསླབས། གྲོགས་ཀྱིས་བསླུས། དངུལ་ཕྱིར་བསློགས། གོས་སོགས་ཕྱི་ནང་བསླགས། ལྟ་བུ་ཤིན་ཏུ་མང་ངོ༌། ། གོང་གསལ་དཔེར་བརྗོད་དེ་དག་ལས་བསྒྲུབས་དང་བསྒྱུརད་ལྟ་བུའི་ཡང་འཇུག་ཡོད་པའི་བྱ་ཚིག་དེ་རིགས་ལ་བ་ཡིག་སྔོན་འཇུག་ཐོབ་པ་ཙམ་ལས། གཙོ་བོ་དུས་འདས་པ་ནི་ཡང་འཇུག་གི་ནུས་པས་སྟོན་པ་ཡིན་ཏེ། གཞན་དུ་ན་དུས་མ་འོངས་པར་གོ་བྱེད་དུ་འགྱུར་བའི་ཕྱིར། དེ་ལས་བ་འཕུལ་གྱིས་དུས་ད་ལྟ་བ་ལ་མི་འཁྲུལ་བར་བྱེད། ཡང་འཇུག་གིས་མ་འོངས་པ་ལ་མི་འཁྲུུལ་པ་བྱེད་པས་གཉིས་ཀ་ལ་ལྟོས་དགོས་ཤིང༌། བཀག་དང་བཀང་ལྟ་བུ་ནི་སྔོན་འཇུག་གི་ནུས་པ་ཁོ་ནས་དུས་འདས་པ་གོ་བ་ཡིན་ནོ། ། ༈ སྔོན་འཇུག་བ་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། བྱ་བའི་ཡུལ་ལ་འཇུག་པ་དང་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་ལ་འཇུག་པ་གཉིས་ལས། དང་པོ་ལས་ལ་འཇུག་པ་ནི། དཔེར་ན། སྔོན་འཇུག་བ་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། དཔེར་ན། གྱེན་དུ་བཀན་བྱ། བཀུ་བྱའི་སྨན། བཀུར་བྱའི་བླ་མ། བཀོང་བྱའི་དཔའ། ཟུར་དུ་བཀོལ་བྱ། བཀའ་བཀྱོན་བྱ། བཟང་ཕྱོགས་བཀྲབ་བྱ། འགྲེལ་པའི་བཀྲལ་བྱ། ལམ་ལ་བཀྲི་བྱ། གྲོད་པ་བཀྲེས་བྱ། རྫས་བརྐུ་བྱ། ས་བརྐོ་བྱ། ཆུ་བརྐྱལ་བྱ། ལག་པ་བརྐྱང་བྱ། ཆགས་པའི་བརྐམ་བྱ། ཡུལ་དང་དུས་ཀྱིས་བསྐལ་བྱ། ནོར་བསྐུག་བྱ། ནོར་བསྐུང་བྱ། སྨན་བསྐུ་བྱ། རྐང་པ་བསྐུམ་བྱ། ཡི་གེ་བསྐུར་བྱ། དཔོན་ལ་བསྐུལ་བྱ། ཉི་མའི་བསྐམ་བྱ། དཔོན་བསྐོ་བྱ། ཐུགས་དམ་བསྐང་བྱ། ཚོགས་འདུ་བསྐང་བྱ། གོས་བསྐོན་བྱ། མཆོད་རྟེན་བསྐོར་བྱ། ཟུར་དུ་བསྐོལ་བྱ། དངོས་རྫས་བསྐྱ་བྱ། དངུལ་དངོས་བསྐྱི་བྱ། ཆུ་བསྐྱིལ་བྱ། སྐྱུགས་པ་བསྐྱུག་བྱ། ཁེངས་པ་བསྐྱུང་བྱ། དྲན་པས་བསྐྱུད་བྱ། གད་སྙིགས་བསྐྱུར་བྱ། ཁ་བསྐྱེང་བྱ། འབྲས་བུ་བསྐྱེད་བྱ། མགྲོན་པོ་བསྐྱེལ་བྱ། སྐེ་བསྐྱོག་བྱ། བྱམས་བརྩེས་བསྐྱང་བྱ། ལམ་དུ་བསྐྱོད་བྱ། རླུང་གིས་བསྐྱོད་བྱ། རྟ་ལ་བསྐྱོན་བྱ། ཉམས་ཐག་བསྐྱབ་བྱ། ཆུ་བསྐྱམ་བྱ། བཟློས་པའི་བསྐྱར་བྱ། རྒྱབ་ནས་བསྐྱོར་བྱ། བགེགས་བསྐྲད་བྱ། ལམ་དུ་བསྐྲིན་བྱ། ཁྲིད་པའི་བསྐྲི་བྱ། ཟས་ལ་བསྐྲུ་བྱ། གསར་པ་སོགས་བསྐྲུན་བྱ། གཉིད་བསྐྲོག་བྱ། ལམ་བགག་བྱ། གད་མོ་བགད་བྱ། ཚོད་བགམ་བྱ། རྐང་པས་བགོམ་བྱ། གོ་ཆ་སོགས་བགོ་བྱ། ནོར་བགོ་བྱ། ལམ་དུ་བགོར་བྱ། དུས་བགྱང་བྱ། བྱ་བ་བགྱི་བྱ། གྲངས་བགྲང་བྱ། མིག་བགྲད་བྱ། འབྲས་སོ་བགྲུ་བྱ། ཆུ་བགྲུང་བྱ། ན་ཚོད་བགྲོ་བྱ། རྐང་པས་བགྲོད། བཀའ་བགྲོ་བྱ། མངོན་པས་བརྒྱག་བྱ། ཐག་པས་བརྒྱང་བྱ། སྒོ་བརྒྱབ་བྱ། དྲན་མེད་དུ་བརྒྱལ་བྱ། ཐང་དུ་བརྒྱུག་བྱ། ཞལ་ནས་བརྒྱུད་བྱ། ཕྲེང་བ་བརྒྱུ་བྱ། མནའ་བསྒག་བྱ། ཆུས་བསྒང་བྱ། ཉེས་ཅན་བསྒབ་བྱ། གྲོགས་བསྒུག་བྱ། མགོ་བསྒུར་བྱ། ས་བསྒུལ་བྱ། ཁ་བསྒོང་བྱ། ལམ་བསྒོམ་བྱ། བཀའ་བསྒོ་བྱ། ལུས་བསྒྱིང་བྱ། སྐད་བསྒྱུར་བྱ། གད་སྐྱར་དུ་བསྒྱེལ་བྱ། དྲིལ་བུ་བསྒྲག་བྱ། ཇ་བསྒྲང་བྱགྲང་བཅུག་པ། རྐང་པ་བསྒྲད་བྱ། བགེགས་བསྒྲལ་བྱ། དཔུང་བསྒྲིག་བྱ། མིག་བསྒྲིབ་བྱ། བློ་བསྒྲིམ་བྱ། ཟླ་བསྒྲིལ་བྱ། ཡར་བསྒྲུག་བྱ། ཆུ་བསྒྲུང་བྱ། འགྲན་ཟླས་བསྒྲུན་བྱ། ཆོས་བསྒྲུབ་བྱ། རིགས་བསྒྲེ་བྱ། གྱེན་དུ་བསྒྲེང་བྱ། ཐག་པས་བསྒྲོག་བྱ། གོམ་པས་བསྒྲད་བྱ། མར་མེ་བསྒྲོན་བྱ། ནོར་གྱིས་བརྔན་བྱ། ཟས་ལ་བརྔབ་བྱ། འདོད་པས་བརྔམ་བྱ། རྩྭ་བརྔ་བྱ། དབུགས་བརྔུབ་བྱ། ཡོས་བརྔོ་བྱ། རི་དྭགས་བརྔོན་བྱ། དཔོན་པོ་ལ་བསྔགས། སྦས་པ་བསྔོག་བྱ། དགེ་བ་བསྔོ་བྱ། ཁྲིམས་བཅའ་བྱ། ཐག་པས་བཅིང་བྱ། རྟ་ལ་བཅིབ་བྱ། གསེབ་ཏུ་བཅུམ་བྱ། འཇུར་བའི་བཅུར་བྱ། སོས་བཅེམ་བྱ། སྤུངས་པའི་བཅེར་བྱ། ནོར་རྫས་བཅོལ་བྱ། སྐྱོན་བཅོ་བྱ། སེམས་ཀྱིས་བརྗེད་བྱ། ནོར་བརྗེ་བྱ། ཚིག་གི་བརྗོད་བྱ། གྲོད་པ་བརྙང་བྱ། ནོར་བརྙ་བྱཉོ་བའི་བརྡ་རྙིང་། ནོར་བརྙན་བྱསྐྱིན་པ་དང་གཡར་བའི་བརྡ་རྙིང་། ལག་པ་བརྙབ་བྱ། གཞན་གྱིས་བརྙས་བྱ། ཟས་བརྙིང་བྱ། དབུ་བརྙེས་བྱ། ཆུ་བརྙོག་བྱ། རྗེས་སུ་བསྙག་བྱ། ལན་གྱིས་བསྙད་བྱ། ལག་པ་བསྙབ་བྱ། སེམས་བསྙོམ་བྱ། ཕྲུ་གུ་བསྙལ་བྱ། ཚགས་ཀྱིས་བསྙིག་བྱ། ཐང་ལ་བསྙིལ་བྱ། བྱུག་པའི་བསྙུག་བྱ། མང་པོ་ལས་བསྙུང་བྱ། སྐུ་བསྙུན་བྱ། གོས་བསྙུལ་བྱབཀྲུ་བའི་བརྡ་རྙིང། ལམ་དུ་བསྙེག་བྱ། འཇིགས་པའི་བསྙིང་བྱ། སྔགས་ཀྱིས་བསྙེན་བྱ། ཁེངས་པས་བསྙེམ་བྱ། ཐུགས་ཀྱིས་བསྙེལ་བྱ། ཆུ་བསྙོག་བྱ། གནས་ལུགས་ལ་བསྙོན་བྱ། རྩེ་ནས་བསྙོར་བྱ། ཁྲུས་ཀྱི་བསྙོལ་བྱ། ཆུས་བཏམ་བྱ། བློས་བརྟག་བྱ། སྐུ་ཚེ་བརྟན་བྱ། བྲེལ་བས་བརྟབ་བྱ། གོང་དུ་བརྟ་བྱ། བརྩོན་པས་བརྟུན་བྱ། བློ་བརྟུལ་བྱ། གྱང་ལ་བརྟེན་བྱ། རྟ་བརྟོད་བྱ། ཕྱོགས་སུ་བརྟོལ་བྱ། ལྟེབ་ཆག་བལྟབ་བྱ། སྐུ་བལྟམ་བྱ། མིག་གིས་བལྟ་བྱ། རྒྱུ་ལ་བལྟོས་བྱ། གདོང་གྲོགས་བསྟང་བྱ། ཆོས་བསྟན་བྱ། སྒ་བསྟད་བྱ། ཞལ་དུ་བསྟབ་བྱ། གྲལ་བསྟར་བྱ། སྐྱོན་གྱིས་བསྟིང་བྱ། ནང་དུ་བསྟིམ་བྱ། ཐག་པ་བསྟུང་བྱ། རྒྱུན་བསྟུད་བྱ། དཔོན་ལ་བསྟོད་བྱ། རང་གི་བདག་བྱ། དཔྱོད་པའི་བདར་བྱ། ཕྱོགས་སུ་བདལ་བྱ། རླུང་གིས་བདའ་བྱ། མེ་ལ་བདུག པི་ཝང་བདུང་བྱ། སྙིགས་ལྔ་བདོ་བྱ། ཐལ་མོ་བརྡབ་བྱ། རྡོ་ལ་བརྡར་བྱ། ཕྱོགས་ཀུན་བརྡལ་བྱ། རྒྱུད་མང་བརྡུང་བྱ། མཚོན་ཆས་བརྡེག་བྱ། ལྕེས་བལྡག་བྱ། ཉེས་པས་བསྡིག་བྱ། ལེགས་ཆ་བསྡུ་བྱ། གཅིག་ཏུ་བསྡེབ་བྱ། ཉེ་བའི་བསྡོག་བྱ། མཉམ་དུ་བསྡོང་བྱ། གྲངས་ཁ་བསྡོམ་བྱ། སྐུ་ལ་བསྡོ་བྱ། སེམས་ལ་བརྣག་བྱ། ཟས་ཀྱི་བརྣང་བྱ། སེར་སྣའི་བརྣབ་བྱ། ནན་གྱིས་བརྣན་བྱ། དུས་བརྣུར་བྱ། ས་འོག་ཏུ་བརྣོག་བྱ། རྨས་པའི་བརྣོད་བྱ། ནད་ཀྱིས་བསྣད་བྱ། གྲངས་ཀ་བསྣན་བྱ། དབུ་ཞྭ་བསྣབ་བྱ། ཕྱག་ཏུ་བསྣམ་བྱ། ཐག་པ་བསྣར་བྱ། ཕྱིར་བསྣུད་བྱ། ནུ་མ་བསྣུན་བྱ། ཆོས་བསྣུབ་བྱ། དུས་བསྣུར་བྱ། སྟན་བསྣེམ་བྱ། རྩམ་པ་བསྣོག་བྱ། བློ་བསྣོར་བྱ། གོ་རིམ་བསྣོལ་བྱ། གྲོགས་དང་བསྣོད་བྱཐུག་ཕྲོད་ཀྱི་བརྡ་རྙིང་། རྩམ་པ་བསྣོ་བྱ། དུས་བཙང་བྱ། ཤ་བཙབ་བྱ། བུ་བཙའ་བྱ། སད་ཀྱི་བཙའ་བྱ། སྣུམ་བཙིར་བྱ། ནོར་བཙོང་བྱ། ཤ་བཙོ་བྱ། གནོལ་བརྩང་བྱ། རིགས་པས་བརྩད་བྱ། གཞུང་བརྩམ་བྱ། ཁང་པ་བརྩིག་བྱ། གྲངས་ཀ་བརྩི་བྱ། མགྲོན་པོ་བརྩུ་བྱགསུ་བའི་བརྡ་རྙིང་། གོང་དུ་བརྩེག་བྱ། ཆོས་ལ་བརྩོན་བྱ། ཚོགས་བསྩག་བྱགསག་པའི་བརྡ་རྙིང་། རྨོངས་པ་བསྩང་བྱ། བཀའ་བསྩལ་བྱ། འོད་ཀྱིས་བསྩལ་བྱབསལ་བའི་བརྡ་རྙིང་། ནང་དུ་བརྫང་བྱ། སྟེང་དུ་བརྫབ་བྱ། རྩམ་པ་བརྫི་བྱ། ཡ་རབས་བརྫུ་བྱ། ཕུ་དུང་བརྫེ་བྱ། བཞད་མོ་བཞེད་བྱ། ཕག་ཏུ་བཞབ་བྱ། སྐྲ་བཞར་བྱ། ཁྲི་ལ་བཞུགས་བྱ། ལམ་དུ་བཞུད་བྱ། མར་བཞུ་བྱ། རྟ་ལྕག་གིས་བཞུ་བྱ། ཡར་བཞེངས་བྱ། ཐུགས་ཀྱིས་བཞེད་བྱ། ཞལ་གྱིས་བཞེས་བྱ། ཤིང་གཞོག་བྱ། འོ་མ་བཞོ་བྱ། དགྲ་ལ་བཟབ་བྱ། ཟས་བཟའ་བྱ། ཆང་གིས་བཟི་བྱ། གསར་དུ་བཟོ་བྱ། ཟུར་དུ་བཟུར་བྱ། ཕོར་བ་བཟེད་བྱ། ཁོང་ཁྲོ་བཟོད་བྱ། ལས་ཀ་བཟོ་བྱ། སྔགས་བཟླ་བྱ། དྲི་བ་བཟླུག་བྱ། གཅིག་ཏུ་བཟླུམ་བྱ། བར་ཆོད་བཟློག་བྱ། ནོར་བརླག་བྱ། སེམས་བརླང་བྱ། ཆུས་བརླན་བྱ། བྱིན་གྱིས་བརླབ་བྱ། ཁེངས་པས་བརླམ་བྱ། བརྟན་པོའི་བརླིང་བྱ། ཡིད་བརླུག་བྱ། ཁོག་ཏུ་བརློང་བྱཁོག་ཏུ་ཆུབ་པའི་བརྡ་རྙིང། ལམ་བཤང་བྱ། སྐད་ཆ་བཤད་བྱ། ལུག་བཤའ་བྱ། རྩིག་པ་བཤིག་བྱ། པགས་པ་བཤུ་བྱ། ཟས་བཤུག་བྱསློང་བའི་བརྡ་རྙིང་། འཕྱ་སྨད་ཀྱིས་བཤུང་བྱ། ངུ་བའི་བཤུམ་བྱ། མེར་བཤུར་བྱ། དཔོན་གྱིས་བཤེར་བྱ། ཆུས་བཤེར་བྱ། ལས་ཀ་ལས་བཤོལ་བྱ། མཛའ་མོ་དང་བཤོ་བྱ། སྐྱོ་བ་བསང་བྱ། དྲིན་ལན་བསབ་བྱ། སེམས་ཀྱིས་བསམ་བྱ། དྲི་མ་བསལ་བྱ། རལ་པ་བསིང་བྱ། དུ་བུར་བསིལ་བྱ། མགྲོན་པོ་བསུ་བྱ། ཐུགས་བསུན་བྱ། རི་མོ་བསུབ་བྱ། ཁ་བསུམ་བྱ། བལ་བསེད་བྱ། ལམ་གྱི་བསེལ་་བྱ། དྲང་པོར་བསྲང་བྱ། བཟོད་པས་བསྲན་བྱ། གོས་བསྲབ་བྱ། སེར་སྣས་བསྲི་བྱ། ལག་པ་བསྲིང་བྱརིང་དུ་གཏང་བ། ནོར་བསྲུང་བྱ། དམག་གིས་བསྲུང་བྱ། སེམས་བསྲུན་བྱ། ཇ་བསྲུབ་བྱ། བསྲུལ་པོས་བསྲུལ་བྱ། མེ་ལ་བསྲེག་བྱ། ཡུན་རིང་དུ་བསྲེལ་བྱ། མཉམ་དུ་བསྲེ་བྱ། མེ་ལ་བསྲོ་བྱ། སྨྱུག་མ་བསླ་བྱ། ཟས་བསླང་བྱ། སྐྱོན་གྱིས་བསླད་བྱ། ཕྱོགས་སུ་བསླན་བྱ། ཆོས་ལ་བསླབ་བྱ། གྲོགས་ཀྱིས་བསླུ་བྱ། དངུལ་ཕྱིར་བསློག་བྱ། གོས་སོགས་ཕྱི་ནང་བསླག་བྱ། ལྟ་བུ་མང་དུ་ཤེས་པར་བྱའོ།། ༈ སྔོན་འཇུག་བ་ཡིག་བྱ་བའི་ལས་བསྒྲུབ་པའི་ཆེད་དུ་འཇུག་པ་ནི། དཔེར་ན། གྱེན་དུ་བཀན་པར་བྱ། བཀུ་བྱའི་སྨན། བཀུར་བྱའི་བླ་མ། བཀོང་བྱའི་དཔའ། ཟུར་དུ་བཀོལ་བར་བྱ། བཀའ་བཀྱོན་པར་བྱ། བཟང་ཕྱོགས་བཀྲབ་པར་བྱ། འགྲེལ་པ་བཀྲལ་བར་བྱ། ལམ་ལ་བཀྲི་བར་བྱ། གྲོད་པ་བཀྲེས་པར་བྱ། རྫས་རྐུ་བར་བྱ། ས་བརྐོ་བར་བྱ། ཆུ་བརྐྱལ་བར་བྱ། ལག་པ་བརྐྱང་བར་བྱ། ཆགས་པའི་བརྐམ་པར་བྱ། ཡུལ་དང་དུས་ཀྱིས་བསྐལ་བར་བྱ། ནོར་བསྐུག་པར་བྱ། ནོར་སྐུང་བར་བྱ། སྨན་བསྐུ་བར་བྱ། རྐང་པ་བསྐུམ་པར་བྱ། ཡི་གེ་བསྐུར་བར་བྱ། དཔོན་ལ་བསྐུལ་བར་བྱ། ཉི་མས་བསྐམ་པར་བྱ། དཔོན་བསྐོ་བར་བྱ། ཐུགས་དམ་བསྐང་བར་བྱ། ཚོགས་འདུ་བསྐོང་བར་བྱ། གོས་བསྐོན་པར་བྱ། མཆོད་རྟེན་བསྐོར་བར་བྱ། ཟུར་དུ་བསྐོལ་བར་བྱ། དངོས་རྫས་བསྐྱ་བར་བྱ། དངུལ་དངོས་བསྐྱི་བར་བྱ། ཆུ་བསྐྱིལ་བར་བྱ། སྐྱུགས་པ་བསྐྱུག་པར་བྱ། ཁེངས་བསྐྱུང་བར་བྱ། དྲན་པས་བསྐྱུད་པར་བྱ། གད་སྙིགས་བསྐྱུར་བར་བྱ། ཁ་བསྐྱེང་བར་བྱ། འབྲས་བུ་བསྐྱེད་པར་བྱ། མགྲོན་པོ་བསྐྱེལ་བར་བྱ། སྐེ་བསྐྱོག་པར་བྱ། བྱམས་བརྩེས་བསྐྱང་བར་བྱ། ལམ་དུ་བསྐྱོད་པར་བྱ། རླུང་གིས་བསྐྱོད་པར་བྱ། རྟ་ལ་བསྐྱོན་པར་བྱ། ཉམ་ཐག་བསྐྱབ་པར་བྱ། ཆུ་བསྐྱམ་པར་བྱ། བཟློས་པ་བསྐྱར་བར་བྱ། རྒྱབ་ནས་བསྐྱོར་བར་བྱ། བགེགས་བསྐྲད་པར་བྱ། ལམ་དུ་བསྐྲིན་པར་བྱ། ལམ་དུ་ཁྲིད་པའི་བསྐྲི་བར་བྱ། ཟས་ལ་བསྐྲུ་བར་བྱ། གསར་པ་སོགས་བསྐྲུན་པར་བྱ། གཉིད་བསྐྲོག་པར་བྱ། ལམ་བགག་པར་བྱ། གད་མོ་བགད་པར་བྱ། ཚོད་བགམ་པར་བྱ། རྐང་པས་བགོམ་པར་བྱ། གོ་ཆ་སོགས་བགོ་བར་བྱ། ནོར་བགོ་བར་བྱ། ལམ་དུ་བགོར་བར་བྱ། དུས་བགྱང་བར་བྱ། ལས་བགྱི་བར་བྱ། གྲངས་བགྲང་བར་བྱ། མིག་བགྲད་པར་བྱ། འབྲས་སོ་བགྲུ་བར་བྱ། ཆུ་བགྲུང་བར་བྱ། ན་ཚོད་བགྲོ་བར་བྱ། རྐང་པས་བགྲོད་པར་བྱ། བཀའ་བགྲོ་བར་བྱ། མངོན་པས་བརྒྱག་པར་བྱ། ཐག་པས་བརྒྱང་བར་བྱ། སྒོ་བརྒྱབ་པར་བྱ། དྲན་མེད་དུ་བརྒྱལ་བར་བྱ། ཐང་དུ་བརྒྱུག་པར་བྱ། ཞལ་ནས་བརྒྱུད་པར་བྱ། ཕྲེང་བ་བརྒྱུ་བར་བྱ། གནའ་བསྒག་པར་བྱ། ཆུས་བསྒང་བར་བྱ། ཉེས་ཅན་བསྒབ་པར་བྱ། གྲོགས་བསྒུག་པར་བྱ། མགོ་བསྒུར་བར་བྱ། ས་བསྒུལ་བར་བྱ། ཁ་བསྒོང་བར་བྱ། ལམ་བསྒོམ་པར་བྱ། བཀའ་བསྒོ་བར་བྱ། ལུས་བསྒྱིང་བར་བྱ། སྐད་བསྒྱུར་བར་བྱ། གད་སྐྱར་དུ་བསྒྱེལ་བར་བྱ། དྲིལ་བུ་བསྒྲག་པར་བྱ། ཇ་བསྒྲང་བར་བྱགྲང་བཅུག་པ། རྐང་པ་བསྒྲད་པར་བྱ། བགེགས་བསྒྲལ་བར་བྱ། དཔུང་བསྒྲིག་པར་བྱ། མིག་བསྒྲིབ་པར་བྱ། བློ་བསྒྲིམ་པར་བྱ། ཟླ་བསྒྲིལ་བར་བྱ། ཡར་བསྒྲུག་པར་བྱ། ཆུ་བསྒྲུང་བར་བྱ། འགྲན་ཟླས་བསྒྲུན་པར་བྱ། ཆོས་བསྒྲུབ་པར་བྱ། རིགས་བསྒྲེ་བར་བྱ། གྱེན་དུ་བསྒྲེང་བར་བྱ། ཐག་པས་བསྒྲོག་པར་བྱ། གོམ་པས་བསྒྲད་པར་བྱ། མར་མེ་བསྒྲོན་པར་བྱ། ནོར་གྱིས་བརྔན་པར་བྱ། ཟས་ལ་བརྔབ་པར་བྱ། འདོད་པས་བརྔམ་པར་བྱ། རྩྭ་བརྔ་བར་བྱ། དབུགས་བརྔུབ་པར་བྱ། ཡོས་བརྔོ་བར་བྱ། རི་དྭགས་བརྔོན་པར་བྱ། དཔོན་ལ་བསྔགས་པར་བྱ། སྦས་པ་བསྔོག་པར་བྱ། དགེ་བ་བསྔོ་བར་བྱ། ཁྲིམས་བཅའ་བར་བྱ། ཐག་པས་བཅིང་བར་བྱ། རྟ་ལ་བཅིབ་པར་བྱ། གསེབ་ཏུ་བཅུམ་པར་བྱ། འཇུར་བའི་བཅུར་བར་བྱ། སོས་བཅེམ་པར་བྱ། སྤུངས་པའི་བཅེར་བར་བྱ། ནོར་རྫས་བཅོལ་བར་བྱ། སྐྱོན་བཅོ་བར་བྱ། སེམས་ཀྱིས་བརྗེད་པར་བྱ། ནོར་བརྗེ་བར་བྱ། ཚིག་གིས་བརྗོད་པར་བྱ། གྲོད་པ་བརྙང་བར་བྱ། ནོར་བརྙ་བར་བྱཉོ་བའི་བརྡ་རྙིང་། ནོར་བརྙན་པར་བྱསྐྱིན་པ་དང་གཡར་བའི་བརྡ་རྙིང་། ལག་པ་བརྙབ་པར་བྱ། གཞན་གྱིས་བརྙེས་པར་བྱ། ཟས་བརྙིང་བར་བྱ། དབུ་བརྙེས་པར་བྱ། ཆུ་བརྙོག་པར་བྱ། རྗེས་སུ་བསྙག་པར་བྱ། ལན་གྱིས་བསྙད་པར་བྱ། ལག་པ་བསྙབ་པར་བྱ། སེམས་བསྙོམ་པར་བྱ། ཕྲུ་གུ་བསྙལ་བར་བྱ། ཚགས་ཀྱིས་བསྙིག་པར་བྱ། ཐང་ལ་བསྙིལ་བར་བྱ། བྱུག་པས་བསྙུག་པར་བྱ། མང་པོ་ལས་བསྙུང་བར་བྱ། སྐུ་བསྙུན་པར་བྱ། གོས་བསྙུལ་བར་བྱ་བཀྲུ་བའི་བརྡ་རྙིང། ལམ་དུ་བསྙེག་པར་བྱ། འཇིགས་པའི་བསྙིང་བར་བྱ། སྔགས་ཀྱིས་བསྙེན་པར་བྱ། ཁེངས་པས་བསྙེམ་པར་བྱ། ཐུགས་ཀྱིས་བསྙེལ་བར་བྱ། ཆུ་བསྙོག་པར་བྱ། གནས་ལུགས་ལ་བསྙོན་པར་བྱ། རྩེ་ནས་བསྙོར་བར་བྱ། ཁྲུས་ཀྱི་བསྙོལ་བར་བྱ། ཆུས་བཏམ་པར་བྱ། བློས་བརྟག་པར་བྱ། སྐུ་ཚེ་བརྟན་པར་བྱ། བྲེལ་བས་བརྟབ་པར་བྱ། གོང་དུ་བརྟ་བར་བྱ། བརྩོན་པས་བརྟུན་པར་བྱ། བློ་བརྟུལ་བར་བྱ། གྱང་ལ་བརྟེན་པར་བྱ། རྟ་བརྟོད་པར་བྱ། ཕྱོགས་སུ་བརྟོལ་བར་བྱ། ལྟེབ་ཆག་བལྟབ་བར་བྱ། སྐུ་བལྟམ་པར་བྱ། མིག་གིས་བལྟ་བར་བྱ། རྒྱུ་ལ་བལྟོས་པར་བྱ། གདོང་གྲོགས་བསྟང་བར་བྱ། ཆོས་བསྟན་པར་བྱ། ཞལ་དུ་བསྟབ་པར་བྱ། གྲལ་བསྟར་བར་བྱ། སྐྱོན་གྱིས་བསྟིང་བར་བྱ། ནང་དུ་བསྟིམ་པར་བྱ། ཐག་པ་བསྟུང་བར་བྱ། རྒྱུན་བསྟུད་པར་བྱ། དཔོན་ལ་བསྟོད་པར་བྱ། རང་གི་བདག་པར་བྱ། དཔྱོད་པས་བདར་བར་བྱ། ཕྱོགས་སུ་བདལ་བར་བྱ། རླུང་གིས་བདའ་བར་བྱ། མེ་ལ་བདུག་པར་བྱ། པི་ཝང་བདུང་བར་བྱ། སྙིགས་ལྔ་བདོ་བར་བྱ། ཐལ་མོ་བརྡབ་པར་བྱ། རྡོ་ལ་བརྡར་བར་བྱ། ཕྱོགས་ཀུན་བརྡལ་བར་བྱ། རྒྱུད་མང་བརྡུང་བར་བྱ། མཚོན་ཆས་བརྡེག་པར་བྱ། ལྕེས་བལྡག་པར་བྱ། ཉེས་པས་བསྡིག་པར་བྱ། ལེགས་ཆ་བསྡུ་བར་བྱ། གཅིག་ཏུ་བསྡེབ་པར་བྱ། ཉེ་བར་བསྡོག་པར་བྱ། མཉམ་དུ་བསྡོང་བར་བྱ། གྲངས་ཁ་བསྡོམ་པར་བྱ། སྐུ་ལ་བསྡོ་བར་བྱ། སེམས་ལ་བརྣག་པར་བྱ། ཟས་ཀྱིས་བརྣང་བར་བྱ། སེར་སྣའི་བརྣབ་པར་བྱ། ནན་གྱིས་བརྣན་པར་བྱ། དུས་བརྣུར་བར་བྱ། ས་འོག་ཏུ་བརྣོག་པར་བྱ། རྨས་པའི་བརྣོད་པར་བྱ། ནད་ཀྱིས་བསྣད་པར་བྱ། གྲངས་ཀ་བསྣན་པར་བྱ། དབུ་ཞྭ་བསྣབ་པར་བྱ། ཕྱག་ཏུ་བསྣམ་པར་བྱ། ཐག་པ་བསྣར་བར་བྱ། ཕྱིར་བསྣུད་པར་བྱ། ནུ་མ་བསྣུན་པར་བྱ། ཆོས་བསྣུབ་པར་བྱ། དུས་བསྣུར་བར་བྱ། སྟན་བསྣེམ་པར་བྱ། རྩམ་པ་བསྣོག་པར་བྱ། བློ་བསྣོར་བར་བྱ། གོ་རིམ་བསྣོལ་བར་བྱ། གྲོགས་དང་བསྣོད་པར་བྱཐུག་འཕྲད་ཀྱི་བརྡ་རྙིང་། རྩམ་པ་བསྣོ་བར་བྱ། དུས་བཙང་བར་བྱ། ཤ་བཙབ་པར་བྱ། བུ་བཙའ་བར་བྱ། སད་ཀྱི་བཙའ་བར་བྱ། སྣུམ་བཙིར་བར་བྱ། ནོར་བཙོང་བར་བྱས། ཤ་བཙོ་བར་བྱ། གནོལ་བརྩང་བར་བྱ། རིགས་པས་བརྩད་པར་བྱ། གཞུང་བརྩམ་པར་བྱ། ཁང་པ་བརྩིག་པར་བྱ། གྲངས་ཀ་བརྩི་བར་བྱ། མགྲོན་པོ་བརྩུ་བར་བྱགསུ་བའི་བརྡ་རྙིང་། གོང་དུ་བརྩེག་པར་བྱ། ཆོས་ལ་བརྩོན་པར་བྱ། ཚོགས་བསྩག་པར་བྱགསག་པའི་བརྡ་རྙིང་། རྨོངས་པ་བསྩང་བར་བྱ། བཀའ་བསྩལ་བར་བྱ། འོད་ཀྱིས་བསྩལ་བར་བྱབསལ་བའི་བརྡ་རྙིང་། ནང་དུ་བརྫང་བར་བྱ། སྟེང་དུ་བརྫབ་པར་བྱ། རྩམ་པ་བརྫི་བར་བྱ། ཡ་རབས་བརྫུ་བར་བྱ། ཕུ་དུང་བརྫེ་བར་བྱ། བཞད་མོ་བཞད་པར་བྱ། ཕག་ཏུ་བཞབ་པར་བྱ། སྐྲ་བཞར་བར་བྱ། ཁྲི་ལ་བཞུགས་པར་བྱ། ལམ་དུ་བཞུད་པར་བྱ། མར་བཞུ་བར་བྱ། རྟ་ལྕག་གིས་བཞུ་བར་བྱ། ཡར་བཞེངས་པར་བྱ། ཐུགས་ཀྱིས་བཞེད་པར་བྱ། ཞལ་གྱིས་བཞེས་པར་བྱ། ཤིང་གཞོག་པར་བྱ། འོ་མ་བཞོ་བར་བྱ། དགྲ་ལ་བཟབ་པར་བྱ། ཟས་བཟའ་བར་བྱ། ཆང་གིས་བཟི་བར་བྱ། གསར་དུ་བཟོ་བར་བྱ། ཟུར་དུ་བཟུར་བར་བྱ། ཕོར་བ་བཟེད་པར་བྱ། ཁོང་ཁྲོ་བཟོད་པར་བྱ། ལས་ཀ་བཟོ་བར་བྱ། སྔགས་བཟླ་བར་བྱ། དྲི་བ་བཟླུག་པར་བྱ། གཅིག་ཏུ་བཟླུམ་པར་བྱ། བར་ཆོད་བཟློག་པར་བྱ། ནོར་བརླག་པར་བྱ། སེམས་བརླང་བར་བྱ། ཆུས་བརླན་པར་བྱ། བྱིན་གྱིས་བརླབ་པར་བྱ། ཁེངས་པས་བརླམ་པར་བྱ། བརྟན་པོའི་བརླིང་བར་བྱ། ཡིད་བརླུག་པར་བྱ། ཁོག་ཏུ་བརློང་བར་བྱཁོག་ཏུ་ཆུབ་པའི་བརྡ་རྙིང། ལམ་བཤང་བར་བྱ། སྐད་ཆ་བཤད་པར་བྱ། ལུག་བཤའ་བར་བྱ། རྩིག་པ་བཤིག་པར་བྱ། པགས་པ་བཤུ་བར་བྱ། ཟས་བཤུག་པར་བྱསློང་བའི་བརྡ་རྙིང་། འཕྱ་སྨད་ཀྱིས་བཤུང་བར་བྱ། ངུ་བའི་བཤུམ་པར་བྱ། མེར་བཤུར་བར་བྱ། དཔོན་གྱིས་བཤེར་བར་བྱ། ཆུས་བཤེར་བར་བྱ། ལས་ཀ་ལས་བཤོལ་བར་བྱ། མཛའ་མོ་དང་བཤོ་བར་བྱ། སྐྱོ་བ་བསང་བར་བྱ། དྲིན་ལན་བསབ་པར་བྱ། སེམས་ཀྱིས་བསམ་པར་བྱ། དྲི་མ་བསལ་བར་བྱ། རལ་པ་བསིང་བར་བྱ། དུམ་བུར་བསིལ་བར་བྱ། མགྲོན་པོ་བསུ་བར་བྱ། ཐུགས་བསུན་པར་བྱ། རི་མོ་བསུབ་པར་བྱ། ཁ་བསུམ་པར་བྱ། བལ་བསེད་པར་བྱ། ལམ་གྱི་བསེལ་བར་བྱ། དྲང་པོར་བསྲང་བར་བྱ། བཟོད་པས་བསྲན་པར་བྱ། གོས་བསྲབ་པར་བྱ། སེར་སྣས་བསྲི་བར་བྱ། ལག་པ་བསྲིང་བར་བྱརིང་དུ་གཏང་པ། ནོར་བསྲུ་བར་བྱ། དམག་གིས་བསྲུང་བར་བྱ། སེམས་བསྲུན་པར་བྱ། ཇ་བསྲུབ་བར་བྱ། བསྲུལ་པོས་བསྲུལ་བར་བྱ། མེ་ལ་བསྲེག་པར་བྱ། ཡུན་རིང་དུ་བསྲེལ་བར་བྱ། མཉམ་དུ་བསྲེ་བར་བྱ། མེ་ལ་བསྲོ་བར་བྱ། སྨྱུག་མ་བསླ་བར་བྱ། ཟས་བསླང་བར་བྱ། སྐྱོན་གྱིས་བསླད་པར་བྱ། ཕྱོགས་སུ་བསླན་པར་བྱ། ཆོས་ལ་བསླབ་པར་བྱ། གྲོགས་ཀྱིས་བསླུ་བར་བྱ། ལྟ་བུ་མང་དུ་ཤེས་པར་བྱའོ།། བ་ཡིག་གཙོ་བོ་དུས་འདས་པ་ལ་འཇུག་པ་ཡང་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་དང་མ་འབྲེལ་བའི་ལས་ཀྱི་ནང་ནས་བྱེད་འབྲེལ་ལས་ཚིག་དུས་འདས་པ་ལ་གཙོ་བོར་འཇུག་པ་ཡིན་གྱི། བྱེད་མེད་ལས་ཚིག་འདས་པ་ལ་བ་ཡིག་སྔོན་འཇུག་ཐོབ་པ་ནི་ཤིན་ཏུ་ཡང་ཉུང་ངོ༌།། འདི་དག་ནི་ཉམས་མྱོང་ཚད་མ་ཡུན་རིང་བསགས་པའི་མན་ངག་ཡིན་པས་བློ་གསལ་པ་རྣམས་ཀྱིས་གཅེས་པར་ཟུངས་ཤིག ༈ སྔོན་འཇུག་གི་ཕོ་བ་ཡིག་དུས་མ་འོངས་པ་ལ་འཇུག་པ་ནི། དཔེར་ན། གཞུ་བཀང༌། གྱེན་དུ་བཀན། སྨན་བཀུ་བར་འགྱུར། བླ་མ་བཀུར། དཔའ་བཀོང༌། ཟུར་དུ་བཀོལ། བཀའ་བཀྱོན། བཟང་ཕྱོགས་བཀྲབ། འགྲེལ་པས་བཀྲལ། ལམ་ལ་བཀྲི། གྲོད་པ་བཀྲེས། རྫས་བརྐུ། ས་བརྐོ། ཆུ་བརྐྱལ། ལག་པ་བརྐྱང༌། ཆགས་པས་བརྐམ། ཡུལ་དང་དུས་ཀྱིས་བསྐལ་བར་འགྱུར། ནོར་བསྐུག། ནོར་བསྐུང༌། སྨན་བསྐུ། རྐང་པ་བསྐུམ། ཡི་གེ་བསྐུར། དཔོན་ལ་བསྐུལ། ཉི་མར་བསྐམ། དཔོན་བསྐོ། ཐུགས་དམ་བསྐང༌། ཚོགས་འདུ་བསྐང༌། གོས་བསྐོན། མཆོད་རྟེན་བསྐོར། ཟུར་དུ་བསྐོལ། དངོས་རྫས་བསྐྱ། དངུལ་དངོས་བསྐྱི། ཆུ་བསྐྱིལ། སྐྱུགས་པ་བསྐྱུག ཁེངས་བསྐྱུང༌། དྲན་པས་བསྐྱུད། གད་སྙིགས་བསྐྱུར། ཁ་བསྐྱེང༌། འབྲས་བུ་བསྐྱེད། མགྲོན་པོ་བསྐྱེལ། སྐེ་བསྐྱོག བྱམས་བརྩེས་བསྐྱང༌། ལམ་དུ་བསྐྱོད། རླུང་གིས་བསྐྱོད། རྟ་ལ་བསྐྱོན། ཉམ་ཐག་བསྐྱབ། ཆུ་བསྐྱམ། བཟློས་ནས་བསྐྱར། རྒྱབ་ནས་བསྐྱོར། བགེགས་བསྐྲད། ལམ་དུ་བསྐྲིན། ཁྲིད་པའི་བསྐྲི། ཟས་ལ་བསྐྲུ། གསར་པ་སོགས་བསྐྲུན། གཉིད་བསྐྲོག། ལམ་བགག གད་མོ་བགད། ཚོད་བགམ། རྐང་པས་བགོམ། གོ་ཆ་སོགས་བགོ། ནོར་བགོ། ལམ་དུ་བགོར། དུས་བགྱང༌། བྱ་བ་བགྱི། གྲངས་བགྲང༌། མིག་བགྲད། འབྲས་སོ་བགྲུ་བར་འགྱུར། ཆུ་བགྲུང༌། ན་ཚོད་བགྲོ་བར་འགྱུར། རྐང་པས་བགྲོད། བཀའ་བགྲོ། མངོན་པས་བརྒྱག ཐག་པས་བརྒྱང༌། སྒོ་བརྒྱབ། དྲན་མེད་དུ་བརྒྱལ་བར་འགྱུར། ཐང་དུ་བརྒྱུག། ཞལ་ནས་བརྒྱུད། ཕྲེང་བ་བརྒྱུ་བར་འགྱུར། མནའ་བསྒག ཆུས་བསྒང༌། ཉེས་ཅན་བསྒབ། གྲོགས་བསྒུག། མགོ་བསྒུར་བར་འགྱུར། ས་བསྒུལ་བར་འགྱུར། ཁ་བསྒོང༌། ལམ་བསྒོམ། བཀའ་བསྒོ་བར་འགྱུར། ལུས་བསྒྱིང༌། སྐད་བསྒྱུར་བར་འགྱུར། གད་སྐྱར་དུ་བསྒྱེལ་བར་འགྱུར། དྲིལ་བུ་བསྒྲག། ཇ་བསྒྲང་པར་འགྱུརགྲང་བཅུག་པ། རྐང་པ་བསྒྲད། བགེགས་བསྒྲལ། དཔུང་བསྒྲིག། མིག་བསྒྲིབ། བློ་བསྒྲིམ། ཟླ་བསྒྲིལ། ཡར་བསྒྲུག། ཆུ་བསྒྲུང༌། འགྲན་ཟླས་བསྒྲུན། ཆོས་བསྒྲུབ། རིགས་བསྒྲེ། གྱེན་དུ་བསྒྲེང༌། ཐག་པས་བསྒྲོག། གོམ་པས་བསྒྲད། མར་མེ་བསྒྲོན། ནོར་གྱིས་བརྔན། ཟས་ལ་བརྔབ། འདོད་པས་བརྔམ། རྩྭ་བརྔ། དབུགས་བརྔུབ། ཡོས་བརྔོ། རི་དྭགས་བརྔོན། དཔོན་ལ་བསྔགས། སྦས་པ་བསྔོག། དགེ་བ་བསྔོ། མདུན་དུ་བཅར། ཁྲིམས་བཅའ། ཐག་པས་བཅིང༌། རྟ་ལ་བཅིབ། གསེབ་ཏུ་བཅུམ། འཇུར་བའི་བཅུར། སོས་བཅེམ། དངོས་པོ་སྤུངས་པའི་བརྡ་རྙིང་བཅེར། ནོར་རྫས་བཅོལ། སྐྱོན་བཅོ། སེམས་ཀྱིས་བརྗེད། ནོར་བརྗེ། ཚིག་གིས་བརྗོད། གྲོད་པ་བརྙང༌། ནོར་བརྙ་བར་འགྱུརཉོ་བའི་བརྡ་རྙིང་། ནོར་བརྙན་པར་འགྱུརསྐྱིན་པ་དང་གཡར་བའི་བརྡ་རྙིང་། ལག་པ་བརྙབ། གཞན་གྱིས་བརྙས། ཟས་བརྙིང༌། དབུ་བརྙེས། ཆུ་བརྙོག རྗེས་སུ་བསྙག ལན་གྱིས་བསྙད། ལག་པ་བསྙབ། སེམས་བསྙོམ། ཕྲུ་གུ་བསྙལ། ཚགས་ཀྱིས་བསྙིག ཐང་ལ་བསྙིལ། བྱུག་པས་བསྙུག མང་པོ་ལས་བསྙུང༌། སྐུ་བསྙུན། གོས་བསྙུལ་པར་འགྱུརབཀྲུ་བའི་བརྡ་རྙིང་། ལམ་དུ་བསྙེག། འཇིགས་པའི་བསྙིང༌། སྔགས་ཀྱིས་བསྙེན། ཁེངས་པས་བསྙེམ། ཐུགས་ཀྱིས་བསྙེལ། ཆུ་བསྙོག གནས་ལུགས་ལ་བསྙོན། རྩེ་ནས་བསྙོར། ཁྲུས་ཀྱི་བསྙོལ། ཆུས་བཏམ། བློས་བརྟག སྐུ་ཚེ་བརྟན། བྲེལ་བས་བརྟབ། གོང་དུ་བརྟ། བརྩོན་པས་བརྟུན། བློ་བརྟུལ། གྱང་ལ་བརྟེན། རྟ་བརྟོད། ཕྱོགས་སུ་བརྟོལ། ལྟེབ་ཆག་བལྟབ། སྐུ་བལྟམ། མིག་གིས་བལྟ། རྒྱུ་ལ་བལྟོས། གདོང་གྲོགས་བསྟང༌། ཆོས་བསྟན། ཞལ་དུ་བསྟབ། གྲལ་བསྟར། སྐྱོན་གྱིས་བསྟིང༌། ནང་དུ་བསྟིམ། ཐག་པ་བསྟུང༌། རྒྱུན་བསྟུད། དཔོན་ལ་བསྟོད། རང་གིས་བདག དཔྱོད་པས་བདར། ཕྱོགས་སུ་བདལ། རླུང་གིས་བདའ། མེ་ལ་བདུག པི་ཝང་བདུང༌། སྙིགས་ལྔ་བདོ། ཐལ་མོ་བརྡབ། རྡོ་ལ་བརྡར། ཕྱོགས་ཀུན་བརྡལ། རྒྱུད་མང་བརྡུང༌། མཚོན་ཆས་བརྡེག། ལྕེས་བལྡག། ཉེས་པས་བསྡིག། ལེགས་ཆ་བསྡུ། གཅིག་ཏུ་བསྡེབ། ཉེ་བའི་བསྡོག། མཉམ་དུ་བསྡོང༌། གྲངས་ཁ་བསྡོམ། སྐུ་ལ་བསྡོ། སེམས་ལ་བརྣག། ཟས་ཀྱིས་བརྣང༌། སེར་སྣའི་བརྣབ། ནན་གྱིས་བརྣན། དུས་བརྣུར། ས་འོག་ཏུ་བརྣོག། རྨས་པའི་བརྣོད། ནད་ཀྱིས་བསྣད། གྲངས་ཀ་བསྣན། དབུ་ཞྭ་བསྣབ། ཕྱག་ཏུ་བསྣམ། ཐག་པ་བསྣར། ཕྱིར་བསྣུད། ནུ་མ་བསྣུན། ཆོས་བསྣུབ། དུས་བསྣུར། སྟན་བསྣེམ། རྩམ་པ་བསྣོག བློ་བསྣོར། གོ་རིམ་བསྣོལ། གྲོགས་དང་བསྣོད་པར་འགྱུརཐུག་འཕྲད་ཀྱི་བརྡ་རྙིང་། རྩམ་པ་བསྣོ། དུས་བཙང༌། ཤ་བཙབ། བུ་བཙའ། སད་ཀྱིས་བཙའ། སྣུམ་བཙིར། ནོར་བཙོང༌། ཤ་བཙོ། གནོལ་བརྩང༌། རིགས་པས་བརྩད། གཞུང་བརྩམ། ཁང་པ་བརྩིག གྲངས་ཀ་བརྩི། མགྲོན་པོ་བརྩུ་གསུ་བའི་བརྡ་རྙིང་། གོང་དུ་བརྩེག ཆོས་ལ་བརྩོན། ཚོགས་བསྩགགསག་པའི་བརྡ་རྙིང༌། རྨོངས་པ་བསྩང༌། བཀའ་བསྩལ། འོད་ཀྱིས་བསྩལབསལ་བའི་བརྡ་རྙིང་། ནང་དུ་བརྫང༌། སྟེང་དུ་བརྫབ། རྩམ་པ་བརྫི། ཡ་རབས་བརྫུ། ཕུ་དུང་བརྫེ། བཞད་མོ་བཞད། ཕག་ཏུ་བཞབ། སྐྲ་བཞར། ཁྲི་ལ་བཞུགས། ལམ་དུ་བཞུད། མར་བཞུ། རྟ་ལྕག་གིས་བཞུ། ཡར་བཞེངས། ཐུགས་ཀྱིས་བཞེད། ཞལ་གྱིས་བཞེས། ཤིང་གཞོག འོ་མ་བཞོ། དགྲ་ལ་བཟབ། ཟས་བཟའ། ཆང་གིས་བཟི། གསར་དུ་བཟོ། ཟུར་དུ་བཟུར། ཕོར་བ་བཟེད། ཁོང་ཁྲོ་བཟོད། ལས་ཀ་བཟོ། སྔགས་བཟླ། དྲི་བ་བཟླུག གཅིག་ཏུ་བཟླུམ། བར་ཆོད་བཟློག ནོར་བརླག སེམས་བརླང༌། ཆུས་བརླན། བྱིན་གྱིས་བརླབ། ཁེངས་པས་བརླམ། བརྟན་པོའི་བརླིང༌། ཡིད་བརླུག ཁོག་ཏུ་བརློང་ཁོག་ཏུ་ཆུབ་པའི་བརྡ་རྙིང། ལམ་བཤང༌། སྐད་ཆ་བཤད། ལུག་བཤའ། རྩིག་པ་བཤིག པགས་པ་བཤུ། ཟས་བཤུག་པར་འགྱུརསློང་བའི་བརྡ་རྙིང་། འཕྱ་སྨད་ཀྱིས་བཤུང༌། ངུ་བའི་བཤུམ། མེར་བཤུར། དཔོན་གྱིས་བཤེར། ཆུས་བཤེར། ལས་ཀ་ལས་བཤོལ། མཛའ་མོ་དང་བཤོ། སྐྱོ་བ་བསང༌། དྲིན་ལན་བསབ། སེམས་ཀྱིས་བསམ། དྲི་མ་བསལ། ཆང་བསིང༌། དུ་བུར་བསིལ། མགྲོན་པོ་བསུ། ཐུགས་བསུན། རི་མོ་བསུབ། ཁ་བསུམ། བལ་བསེད། ལམ་གྱི་བསེལ། དྲང་པོར་བསྲང༌། བཟོད་པས་བསྲན། གོས་བསྲབ། སེར་སྣས་བསྲི། ལག་པ་བསྲིང་རིང་དུ་གཏང་པ། ནོར་བསྲུ། དམག་གིས་བསྲུང༌། སེམས་བསྲུན། ཇ་བསྲུབ། བསྲུལ་པོས་བསྲུལ། མེ་ལ་བསྲེག། ཡུན་རིང་དུ་བསྲེལ། མཉམ་དུ་བསྲེ་པར་འགྱུར། མེ་ལ་བསྲོ། སྨྱུག་མ་བསླ། ཟས་བསླང༌། སྐྱོན་གྱིས་བསླད། ཕྱོགས་སུ་བསླན། ཆོས་ལ་བསླབ། གྲོགས་ཀྱིས་བསླུ། སོགས་མཐའ་ཡས་སོ།། འོ་ན། རྩ་བར། ཕོ་ནི་འདས་དང་གཞན་བསྒྲུབ། །ཞེས་གསུངས་པ་མ་གཏོགས། མ་འོངས་པ་ལ་འཇུག་པ་གསུངས་མི་འདུག་པ་ཇི་ལྟར་ཡིན་སྙམ་ན། དེ་ནི་གཙོ་ཆེར་འདས་པ་དང་དངོས་པོ་གཞན་དངོས་དང་དེ་དང་འབྲེལ་བའི་ལས་ལ་འཇུག་ཅེས་སྟོན་པ་ཡིན་གྱི་མ་འོངས་པ་དང་ད་ལྟ་བ་གཉིས་དང༌། དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་ལ་རྩ་བ་ནས་མི་འཇུག་པ་བསྟན་པ་ག་ལ་ཡིན། འདི་གཙོ་བོ་ཞེས་པ་འཇུག་ཡུལ་མང་ཉུང་གི་སྒོ་ནས་འཇོག་པ་ཡིན་ཏེ། སྔོན་འཇུག་བ་ཡིག་སྤྱིར་འདས་མ་འོངས་གཉིས་ཀ་ལ་འཇུག་ས་མང་ཡང༌། འདས་པ་ལ་ལྟོས་ཏེ་མ་འོངས་པ་ལ་དེ་ཙམ་མང་པོ་མི་འཇུག་པའི་ཕྱིར་ཏེ། དཔེར་ན། ལམ་བཀག་དང་དགག སྣོད་བཀང་དང་དགང༌། ཤིང་བཙུགས་དང་གཟུགས། ལོགས་སུ་བཀར་དང་དགར། ཐོ་བཀོད་དང་དགོད། གཞུ་བཀུག་དང་དགུག ཁ་བཀབ་དང་འགེབ། ལྟ་བུ་དུས་གསུམ་སྤྱིར་བཏང་བ་མང་པོ་ཞིག་གི་འདས་པ་ལ་བས་འཕུལ་ཐོབ་ཅིང་དེའི་ཚིག་ཟླས་དྲངས་པའི་མ་འོངས་པ་རྣམས་ལ་བས་འཕུལ་གཏན་ནས་མི་ཐོབ་པའི་ཕྱིར། ༈ ཞར་ལ་སྔོན་འཇུག་བ་ཡིག་དངོས་པོ་བདག་དངོས་དང༌། བདག་དང་འབྲེལ་བའི་ལས་ལ་མི་འཇུག་ས་རྣམས་ཤེས་དགོས་པ་གལ་ཆེ་བས། དཔེ་མཚོན་འགའ་ཞིག་འགོད་ན། དཔེར་ན། རྫས་རྐུ་བ་པོ། ས་རྐོ་བ་པོ། ཆུ་རྐྱལ་པ་པོ། ལག་པ་རྐྱོང་པ་པོ། ཆགས་པའི་རྐམ་པ་པོ། ནོར་སྐུག་པ་པོ། ནོར་སྐུང་བ་པོ། རྐང་པ་སྐུམ་པ་པོ། ཡི་གེ་སྐུར་བ་པོ། དཔོན་ལ་སྐུལ་བ་པོ། ཉི་མས་སྐོམ་པ་པོ། དཔོན་སྐོ་བ་པོ། ཐུགས་དམ་སྐོང་བ་པོ། ཚོགས་འདུ་སྐོང་བ་པོ། གོས་སྐོན་པ་པོ། མཆོད་རྟེན་སྐོར་བ་པོ། ཟུར་དུ་སྐོལ་བ་པོ། དངོས་རྫས་སྐྱ་བ་པོ། དངུལ་དངོས་སྐྱི་བ་པོ། ཆུ་སྐྱིལ་བ་པོ། སྐྱུགས་པ་སྐྱུག་པ་པོ། ཁེངས་སྐྱུང་བ་པོ། དྲན་པས་སྐྱུད་པ་པོ། གད་སྙིགས་སྐྱུར་བ་པོ། ཁ་སྐྱེང་བ་པོ། འབྲས་བུ་སྐྱེད་པ་པོ། མགྲོན་པོ་སྐྱེལ་བ་པོ། སྐེ་སྐྱོག་པ་པོ། བྱམས་བརྩེས་སྐྱོང་བ་པོ། ལམ་དུ་སྐྱོད་པ་པོ། རླུང་གིས་སྐྱོད་པ་པོ། རྟ་ལ་སྐྱོན་པ་པོ། ཉམ་ཐག་སྐྱོབ་པ་པོ། ཆུ་སྐྱམ་པ་པོ། ཟློས་པའི་སྐྱར་བ་པོ། རྒྱབ་ནས་སྐྱོར་བ་པོ། བགེགས་སྐྲོད་པ་པོ། ལམ་དུ་སྐྲིན་པ་པོ། ཁྲིད་པའི་སྐྲི་བ་པོ། ཟས་ལ་སྐྲུ་བ་པོ། གསར་པ་སོགས་སྐྲུན་པ་པོ། གཉིད་སྐྲོག་པ་པོ། མངོན་པས་རྒྱག་པ་པོ། ཐག་པས་རྒྱང་བ་པོ། སྒོ་རྒྱག་པ་པོ། དྲན་མེད་དུ་རྒྱལ་བ་པོ། ཐང་དུ་རྒྱུག་པ་པོ། ཞལ་ནས་རྒྱུད་པ་པོ། ཕྲེང་བ་རྒྱུ་བ་པོ། མནའ་སྒག་པ་པོ། ཆུས་སྒོང་པ་པོ། ཉེས་ཅན་སྒབ་པ་པོ། གྲོགས་སྒུག་པ་པོ། མགོ་སྒུར་བ་པོ། ས་སྒུལ་བ་པོ། ཁ་སྒོང་བ་པོ། ལམ་སྒོམ་པ་པོ། བཀའ་སྒོ་བ་པོ། ལུས་སྒྱིང་བ་པོ། སྐད་སྒྱུར་བ་པོ། གད་སྐྱལ་དུ་སྒྱེལ་བ་པོ། དྲིལ་བུ་སྒྲོག་པ་པོ། ཇ་སྒྲང་བ་པོགྲང་ཅུག་པ། རྐང་པ་སྒྲོད་པ་པོ། གེགས་སྒྲོལ་བ་པོ། དཔུང་སྒྲིག་པ་པོ། མིག་སྒྲིབ་པ་པོ། བློ་སྒྲིམ་པ་པོ། ཟླ་སྒྲིལ་བ་པོ། ཡར་སྒྲུག་པ་པོ། ཆུ་སྒྲུང་བ་པོ། འགྲན་ཟླས་སྒྲུན་པ་པོ། ཆོས་སྒྲུབ་པ་པོ། རིགས་སྒྲེ་བ་པོ། གྱེན་དུ་སྒྲེང་བ་པོ། ཐག་པས་སྒྲོག་པ་པོ། གོམ་པས་སྒྲོད་པ་པོ། མར་མེ་སྒྲོན་པ་པོ། ནོར་གྱིས་རྔོན་པ་པོ། ཟས་ལ་རྔ་བ་པོ། འདོད་པས་རྔོམ་པ་པོ། རྩྭ་རྔ་བ་པོ། དབུགས་རྔུབ་པ་པོ། ཡོས་རྔོ་བ་པོ། རི་དྭགས་རྔོན་པ་པོ། དཔོན་ལ་བསྔགས་པ་པོ། སྦས་པ་སྔོག་པ་པོ། དགེ་བ་སྔོ་བ་པོ། སེམས་ཀྱིས་རྗེད་པ་པོ། ནོར་རྗེ་བ་པོ། ཚིག་གི་རྗོད་པ་པོ། གྲོད་པ་རྙོང་བ་པོ། ནོར་རྙོན་པ་པོསྐྱིན་པ་དང་གཡར་བའི་བརྡ་རྙིང་། ལག་པ་སྙོལ་བ་པོ། ཟས་རྙིང་བ་པོ། ཆུ་རྙོག་བ་པོ། རྗེས་སུ་སྙོག་པ་པོ། ལན་གྱིས་སྙོད་པ་པོ། ལག་པ་སྙོབ་པ་པོ། སེམས་སྙོམ་པ་པོ། ཕྲུ་གུ་སྙོལ་བ་པོ། ཚགས་ཀྱིས་སྙིག་པ་པོ། ཐང་ལ་སྙིལ་བ་པོ། དབྱུག་པས་སྙུག་པ་པོ། མང་པོ་ལས་སྙུང་བ་པོ། སྐུ་སྙུན་པ་པོ། གོས་སྙུལ་བ་པོབཀྲུ་བའི་བརྡ་རྙྀང། ལམ་དུ་སྙེག་པ་པོ། སྔགས་ཀྱིས་སྙེན་པ་པོ། ཁེངས་པས་སྙེམ་པ་པོ། ཐུགས་ཀྱིས་སྙེལ་བ་པོ། ཆུ་སྙོག་པ་པོ། གནས་ལུགས་ལ་སྙོན་པ་པོ། རྩེ་ནས་སྙོར་བ་པོ། ཁྲུས་ཀྱི་སྙོལ་བ་པོ། བློས་རྟོག་པ་པོ། བྲེལ་བས་རྟོབ་པ་པོ། བརྩོན་པས་རྟུན་པ་པོ། བློ་རྟུལ་བ་པོ། གྱང་ལ་རྟེན་པ་པོ། རྟ་རྟོད་པ་པོ། ཕྱོགས་སུ་རྟོལ་བ་པོ། ལྟེ་ཆག་ལྟེབ་པ་པོ། སྐུ་ལྟོམ་པ་པོ། མིག་གིས་ལྟ་བ་པོ། རྒྱུ་ལ་ལྟོས་པ་པོ། གདོང་གྲོགས་སྟངས་པ་པོ། ཆོས་སྟོན་པ་པོ། སྒ་སྟད་པ་པོ། ཞལ་དུ་སྟབས་པ་པོ། གྲལ་སྟར་བ་པོ། ནང་དུ་སྟིམ་པ་པོ། ཐག་པ་སྟུང་བ་པོ། རྒྱུན་སྟུད་པ་པོ། ཐལ་མོ་རྡོབ་པ་པོ། ཁང་པ་རྡིག་པ་པོ། རྡོ་ལ་རྡར་བ་པོ། ཕྱོགས་ཀུན་རྡལ་བ་པོ། རྒྱུད་མང་རྡུང་བ་པོ། མཚོན་ཆས་རྡེག་པ་པོ། ལྕེས་ལྡག་པ་པོ། ཉེས་པས་སྡིག་པ་པོ། ལེགས་ཆ་སྡུད་པ་པོ། གཅིག་ཏུ་སྡེབ་པ་པོ། ཉེ་བའི་སྡོག་པ་པོ། ལམ་དུ་སྡོང་བ་པོ། གྲངས་ཁ་སྡོམ་པ་པོ། སྐུ་ལ་སྡོ་བ་པོ། སེམས་ལ་རྣག་པ་པོ། ཟས་ཀྱིས་རྣང་བ་པོ། སེར་སྣའི་རྣབ་པ་པོ། དུས་རྣུར་བ་པོ། ས་འོག་ཏུ་རྣོག་པ་པོ། རྨས་པའི་རྣོད་པ་པོ། གྲངས་ཀ་སྣོན་པ་པོ། དབུ་ཞྭ་སྣོབ་པ་པོ། ཕྱག་ཏུ་སྣོམ་པ་པོ། ཐག་པ་སྣར་བ་པོ། ཕྱིར་སྣུད་པ་པོ། ནུ་མ་སྣུན་པ་པོ། ཆོས་སྣུབ་པ་པོ། དུས་སྣུར་བ་པོ། སྟན་སྣེམ་པ་པོ། རྩམ་པ་སྣོག་པ་པོ། བློ་སྣོར་བ་པོ། གོ་རིམ་སྣོལ་བ་པོ། གྲོགས་དང་སྣོད་པ་པོཐུག་འཕྲད་ཀྱི་བརྡ་རྙིང་། རྩམ་པ་སྣོབ་པ་པོ། གནོལ་རྩང་བ་པོ། རིགས་པས་རྩོད་པ་པོ། གཞུང་རྩོམ་པ་པོ། ཁང་པ་རྩིག་པ་པོ། གྲངས་ཀ་རྩི་བ་པོ། གོང་དུ་རྩེག་པ་པོ། ཚོགས་སྩོག་པ་པོགསག་པའི་བརྡ་རྙིང་། རྨོངས་པ་སྩངཔ་པོ། བཀའ་སྩལ་བ་པོ། ནང་དུ་རྫོང་བ་པོ། སྟེང་དུ་རྫབ་པ་པོ། རྩམ་པ་རྫི་བ་པོ། ཡ་རབས་རྫུ་བ་པོ། ཕུ་དུང་རྫེ་བ་པོ། སྔགས་ཟླ་བ་པོ། དྲི་བ་ཟླུག་པ་པོ། གཅིག་ཏུ་ཟླུམ་པ་པོ། བར་ཆད་ཟློག་པ་པོ། ནོར་རློག་པ་པོ། སེམས་རློང་བ་པོ། ཆུས་རློན་པ་པོ། བྱིན་གྱིས་རློབ་པ་པོ། ཁེངས་པས་རློམ་པ་པོ། བརྟན་པོའི་རླིང་བ་པོ། ཡིད་རླུག་པ་པོ། ཁོག་ཏུ་རློང་བ་པོཁོག་ཏུ་ཆུབ་པའི་བརྡ་རྙིང། དྲང་པོར་སྲོང་བ་པོ། བཟོད་པས་སྲན་པ་པོ། གོས་སྲབ་པ་པོ། སེར་སྣས་སྲི་བ་པོ། ལག་པ་སྲིང་བ་པོརིང་དུ་གཏང་པ། ནོར་སྲུང་བ་པོ། དམག་གིས་སྲུང་བ་པོ། སེམས་སྲུན་པ་པོ། ཇ་སྲུ་བ་པོ། སྲུལ་པོས་སྲུལ་བ་པོ། མེ་ལ་སྲེག་པ་པོ། ཡུན་རིང་དུ་སྲེལ་བ་པོ། ལམ་དུ་སྲེ་བ་པོ། མེ་ལ་སྲོ་པ་པོ། སྨྱུག་མ་སླ་པ་པོ། ཟས་སློང་པ་པོ། སྐྱོན་གྱིས་སླད་པ་པོ། ཕྱོགས་སུ་སླན་པ་པོ། ཆོས་ལ་སློབ་པ་པོ། གྲོགས་ཀྱིས་སླུ་བ་པོ། དངུལ་ཕྱིར་སློག་པ་པོ། གོས་སོགས་ཕྱི་ནང་སློག་པ་པོ། ལྟ་བུ་མང་དུ་ཤེས་པར་བྱའོ།། འདིས་བདག་དང་འབྲེལ་བའི་ལས་ལ་མི་འཇུག་ས་ཡང་རིགས་འགྲེས་ནས་ཤེས་དགོས་ལ། དུས་ད་ལྟ་བ་ལ་མི་འཇུག་ས་ཡང་འདི་དག་ཡིན་པ་རིགས་འགྲེས་ནས་མཁྱེན་པར་མཛོད་ཅིག ༈ བས་འཕུལ་ད་ལྟ་བ་དང༌། དངོས་པོ་བདག་དངོས་དང༌། བདག་དང་འབྲེལ་བའི་ལས་ལ་འཇུག་ས་ཉུང་ཤས་ཡོད་པ་ནི། དཔེར་ན། ལྷ་ལ་བསྟོད་བཞིན་པ། བསྟོད་པ་པོ། བསྟོད་པར་བྱེད། ཁྲི་ལ་བཞུགས་བཞིན་པ། བཞུགས་པ་པོ། བཞུགས་བྱེད། ཤུན་པ་བཤུ་བཞིན་པ། བཤུ་པ་པོ། བཤུ་བྱེད། གཞུ་བཀང་བཞིན་པ། ལམ་དུ་བགྲོད་བཞིན་པ། བགྲོད་པ་པོ། བགྲོད་བྱེད། མིག་བགྲད་བཞིན་པ། བགྲད་པ་པོ། བགྲད་བྱེད། གྱེན་དུ་བཀན་བཞིན་པ། བཀན་པ་པོ། བཀན་བྱེད། ཡོན་ཏན་བརྙེས་པ་པོ། བརྙེས་བཞིན་པ། བདེན་པ་བདར་བཞིན་པ། བདར་པ་པོ། བདར་བྱེད། མགྲོན་པོ་བསུ་བ་པོ་ལྟ་བུ་ལས་ཤིན་ཏུ་ཉུང་ཞིང༌། དེ་དག་ཀྱང་ཕལ་ཆེ་བ་གཟུགས་མི་འགྱུར་བའི་བྱ་ཚིག་གི་བསྟན་བྱ་ཡིན་གྱི། དུས་གསུམ་གར་གཟུགས་འགྱུར་བའི་བྱ་ཚིག་ད་ལྟ་བ་དང་བདག་དངོས་དང་བདག་དང་འབྲེལ་བའི་ལས་གང་རུང་ཡིན་ན། ཁྱོད་ལ་བས་འཕུལ་མེད་པས་ཁྱབ་ཅེས་མགྲིན་པ་གཟེངས་ཏེ་སྨྲ་ཆོག་པ་སེམས་སོ།། དེས་ན་ཐོན་མིས་རྩ་བར། བ་ཡིག་འདས་པ་དང༌། དངོས་པོ་གཞན་དངོས་དང་གཞན་དང་འབྲེལ་བའི་ལས་ལ་གཙོ་བོར་འཇུག་པར་བསྟན་ཅིང༌། དེ་ལས་གཞན་དངོས་པོ་བདག་དང་བདག་དང་འབྲེལ་བའི་ལས་རྣམས་ལ་བས་འཕུལ་འཇུག་ས་ཡོད་ཀྱང་གཙོ་བོའི་ཚུལ་དུ་མ་བསྟན་པའི་རྒྱུ་མཚན་ཡང་དེ་ཉིད་ཡིན་པར་ཤེས་པར་བྱོས། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་དུས་གསུམ་གྱི་རེའུ་མིག་ཏུ། བླ་མ་སྐུ་བལྟམས་བྱ། བལྟམས་བྱེད། བལྟམས་ཟིན། བལྟམས་ཤིག ཅེས་དུས་གསུམ་བསྐུལ་ཚིག་དང་བཅས་པ་ལ་བལྟམས་ཞེས་གཟུགས་མི་འགྱུར་བའི་བྱ་ཚིག་ཏུ་བཀོད་འདུག་པ་ནི། རྗེ་ཙོང་ཁ་པས་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ལ་ལ་བལྟམ་ཞིང་ཞིང་མཆོག་གཞན་དུ་དུ་མའི་འགྲོ་ལ་དོན་བྱེད་པ། །ཞེས་སྙན་ངག་སྒྲ་རྒྱན་གྱི་ལམ་ནས་གསུངས་པ་དང་དངོས་སུ་འགལ་མོད། དེང་སང་གི་ཆོས་སྤྱོད་དཔེ་སྐྲུན་པ་འགའ་ཞིག་གིས་ལ་ལ་བལྟམས་ཤིང་ཞིང་མཆོག་གཞན་དུ་དུ་མའི་འགྲོ་ལ་ཞེས། བཅོས་འདུག་པ་ནི་མ་དག་པས་དག་པ་སུན་ཕྱུངས་པ་སྟེ། རྗེ་ཙོང་ཁ་པ་ལྟ་བུའི་མཁས་པ་ཆེན་པོ་ཞིག་སྙན་ངག་སྒྲ་རྒྱན་གྱིས་ཕོངས་ནས་ཤིང་དང་ཞིང་མཉམ་སྡེབ་མཛད་དགོས་པ་རྨི་ལམ་དུ་ཡང་ཡོང་མི་སྲིད་ཅིང༌། བཀའ་གདམས་གླེགས་བམ་ལས་ཀྱང༌། བལྟམ་འདི་ཡང་ཡང་བྲིས་འདུག་པས། སྐུ་བལྟམ་བྱ། ལྟམ་བྱེད། བལྟམས་ཟིན། ལྟོམས་ཤིག ཅེས་དབྲི་དགོས་པའི་གཟུགས་འགྱུར་གྱི་བྱ་ཚིག་ཡིན་པ་རྒྱུ་མཚན་ཤེས་པའི་སྒོ་ནས་ངེས་པར་གྱིས་ཤིག གཞན་ཡང་རེའུ་མིག་དེར། དཔུང་པ་མཉམ་དུ་གཤིབ་པ་པོ་དང་གཤིབ་བྱེད་ལ་ཤིབས། ཆགས་པས་རྐམ་པ་པོ་དང་རྐམ་བྱེད་པ་བརྐམ། ཉམ་སད་པའི་ཚད་འགམ་པ་པོ་དང་འགམ་བྱེད་ལ་བགམ། ལན་གྱིས་སྙད་པ་པོ་དང་སྙད་བྱེད་ལ་བསྙད། རང་ཕྱོགས་སུ་སློན་པ་པོ་དང་སློན་བྱེད་ལ་བསླན། ཅེས་གཟུགས་མི་འགྱུར་བའི་བྱ་ཚིག་ཏུ་བཅོས་འདུག དེ་ལ་སོགས་པའི་དོགས་གཞི་ཤིན་ཏུ་མང་ཞིང༌། འདི་དག་ནི་མཚན་གཞི་ཙམ་སྟེ་འགའ་ཞིག་ནི་འོག་ཏུ་ཡང་འཆད་པར་འགྱུར་རོ།། གང་ལྟར་ཡང་གླེགས་བམ་དུ་བཞུགས་པའི་མདོ་བསྟན་བཅོས་དང་ཐ་སྙད་རིག་གནས་ཚད་ཐུབ་རྣམས་ལ་གཏུགས་ཏེ་གང་ཞིག་འཐད་དང་མི་འཐད་བརྟག་པར་བྱ་བའི་རིགས་སོ།། གོང་གསལ་དེ་དག་གི་དོན་འགྲེལ་བ་ལ་པྲ་སྟི་དགེ་བཤེས་རིན་པོ་ཆེས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་གསུངས་འདས་པ་བསྒྲུབས་ཟིན་དང༌།། ཞེས་པ་ནས། འདས་དང་དངོས་གཞན་བསྒྲུབ་པའོ།། ཞེས་གསུངས་སོ།། འདི་ཉིད་འཆད་ལ་ཕོ་སྒྲོབ་ཆེ་བ་འགའ།། དོན་གྱི་འགག་ལ་ཐུག་དུས་བ་གླང་བཞིན།། གང་ལ་ཅི་ཕྱིར་འཇུག་པ་དངོས་ཀྱི་དོན།། སྨྲ་བའི་འབབ་སྟེགས་དགུན་གྱི་ཁུ་བྱུག་ཟླ།། ཕོ་རབ་དར་མའི་ལེགས་བཤད་བ་སོ་ཕྲེང༌།། ཅི་ཕྱིར་འདོགས་པའི་དགོས་པ་མཁྱེན་འདོད་ན།། འདས་དང་དེང་གི་མཁས་པ་གཞན་དག་ལའང༌།། བསྟེན་ནས་མཁས་གྲལ་འཇུག་ཅིག་དཔྱོད་ལྡན་དག། མཁས་པའི་བཞེད་གཞུང་ཧ་རི་ཙན་དན་ན།། ཉེས་པའི་སྦྲུལ་གྱིས་འཁྱུད་པ་མཐོང་གཞིན་དུ།། གཞན་གཞུང་དྭངས་གཙང་སྤོས་ཀྱི་རྫིང་བུ་ཡང༌།། མི་གཙང་འདམ་བུར་འཛིན་པ་བླུན་པོའི་ལུགས།། མང་ཐོས་ལང་ཚོ་བརྟས་པའི་མཛའ་ན་མོ།། མཁྱེན་དཔྱོད་ÍÞOa¾-མཐིང་གའི་སྤྱན་ཞགས་ཀྱིས།། གཟིགས་མོ་སྤྲོ་ན་ལེགས་བཤད་དགའ་ཚལ་འདི།། སེམས་ཀྱི་རྐང་དྲུག་མྱོས་པའི་འབབ་སྟེགས་མཛོད།།
༢ སྔོན་འཇུག་གི་མ་ནིང་ག་ད་གཉིས་དགོས་པ་ ཅིའི་ཕྱིར་འཇུག་པ་བཤད་པ། གཉིས་པ་སྔོན་འཇུག་གི་མ་ནིང་ག་ད་གཉིས་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ། རྩ་བར། མ་ནིང་གཉིས་ཀ་ད་ལྟ་ཆེད།། ཞེས་གསུངས་ཏེ་སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་ནི་དངོས་པོ་བདག་གཞན་གཉིས་ཀ་དང་དུས་གསུམ་གྱི་ནང་ནས་གཙོ་བོ་དུས་ད་ལྟ་བ་གོ་བའི་ཆེད་དུ་འཇུག་ཅེས་པའོ།། ༈ སྔོན་འཇུག་གི་མ་ནིང་ག་ཡིག་དངོས་པོ་བདག་ལ་འཇུག་པ་ནི། བྱེད་པ་པོ་གཙོ་བོ་དང༌། བྱེད་པ་ཕལ་བ། བྱེད་པའི་ལས་གསུམ་ལས། དང་པོ་བྱེད་པ་པོ་ལ་འཇུག་པ་ནི། དཔེར་ན། རྡོ་གཅོག་པ་པོ། ཤིང་གཅོད་པ་པོ། མདུན་དུ་གཅོར་པ་པོ། གཅིན་གཅི་བ་པོ། སྐེ་གཅུ་བ་པོ། ཁ་དོན་གཅོལ་བ་པོ། སོ་ཡིས་གཉོག་པ་པོ། ཉལ་ནས་གཉིད་པ་པོ། ནོར་གཉེར་བ་པོ། དོན་དུ་གཉེར་བ་པོ། ཡི་གེ་གཏོང་བ་པོ། བང་མཛོད་གཏོམས་པ་པོ། ཁྲག་གཏར་བ་པོ། ཆུ་ཐིགས་གཏིག་པ་པོ། སྤྲིན་པ་གཏིབ་པ་པོ། གྱོད་གཏུག་པ་པོ། ཤ་གཏུབ་པ་པོ། རས་ཀྱིས་གཏུམ་པ་པོ། དུ་བ་གཏུལ་བ་པོ། བྲག་གཏོར་བ་པོ། གྱེན་དུ་གདེངས་པ་པོ། ཆོས་གནང་མཁན། ནང་དུ་གནས་པ་པོ། མི་ལ་གནོད་པ་པོ། འོག་ཏུ་གནོན་པ་པོ། ཁབ་ཀྱིས་གཙག་པ་པོ། ཤ་གཙབ་པ་པོ། མཆེ་བ་གཙིགས་པ་པོ། ཤིང་གཙུགས་པ་པོ། ཡུན་དུ་གཙེར་བ་པོ། ཚད་མས་གཞག་པ་པོ། སྐྲ་གཞར་བ་པོ། བསམ་པས་གཞིག་པ་པོ། སྒྲིག་ཏུ་གཞུག་པ་པོ། ཤིང་གཞོག་པ་པོ། བརྩོན་པས་གཞོལ་བ་པོ། ལྟད་མོ་གཟིགས་པ་པོ། མལ་དུ་གཟིམ་པ་པོ། བློ་གཟོབ་པ་པོ། ལག་པས་གཡོབ་པ་པོ། ཅ་ལག་གཡར་བ་པོ། གཡང་གཟར་གཡུག་པ་པོ། རྟ་གཡུང་བ་པོ། འཁྲིག་པས་གཡེམ་པ་པོ། སེམས་གཡེལ་བ་པོ། ཕན་ཚུན་གཡོ་བ་པོ། ཟས་གཡོ་བ་པོ། དཔོན་གཡོག་པ་པོ། རྩོད་པས་གཤག་པ་པོ། ལམ་དུ་གཤར་བ་པོ། ཤིང་གཤོག་པ་པོ། ལྐོག་ནས་གཤུང་བ་པོ། གཡོག་ལ་གཤེ་བ་པོ། ཆུ་གཤོ་བ་པོ། གཏོར་མ་གཤོམ་པ་པོ། རི་དྭགས་གཤོར་བ་པོ། ཕོ་མོ་གཤོ་བ་པོ། ཚོགས་གསོག་པ་པོ། གཞན་ལ་གསང་བ་པོ། གཏམ་གསན་པ་པོ། མི་སོགས་གསོན་པ་པོ། གསོབ་པ་པོ། རལ་པ་གསིག་པ་པོ། འཕྲུལ་འཁོར་གསིར་བ་པོ། དྲིལ་བུ་གསིལ་བ་པོ། ཆོས་གསུང་བ་པོ། ལྟ་བུ། ༈ བྱེད་པ་ཕལ་བ་ལ་འཇུག་པ་ནི། དཔེར་ན། རྡོ་གཅོག་བྱེད། ཤིང་གཅོད་བྱེད། མདུན་དུ་གཅོར་བྱེད། གཅུན་གཅི་བྱེད། སྐེ་གཅུ་བྱེད། ཁ་དོན་གཅོལ་བྱེད། སོ་ཡིས་གཉོག་བྱེད། ཉལ་ནས་གཉིད་བྱེད། ནོར་གཉེར་བྱེད། དོན་དུ་གཉེར་བྱེད། ཡི་གེ་གཏོང་བྱེད། བང་མཛོད་གཏོམས་བྱེད། ཁྲག་གཏར་བྱེད། ཆུ་ཐིགས་གཏིག་བྱེད། སྤྲིན་པ་གཏིབ་བྱེད། གྱོད་གཏུག་བྱེད། ཤ་གཏུབ་བྱེད། རས་ཀྱིས་གཏུམ་བྱེད། དུ་བ་གཏུལ་བྱེད། བྲག་གཏོར་བྱེད། གྱེན་དུ་གདེངས་བྱེད། ཆོས་གནང་མཁན། ནང་དུ་གནས་བྱེད། མི་ལ་གནོད་བྱེད། འོག་ཏུ་གནོན་བྱེད། ཁབ་ཀྱིས་གཙག་བྱེད། ཤ་གཙབ་བྱེད། མཆེ་བ་གཙིགས་བྱེད། ཡུན་དུ་གཙེར་བྱེད། ཚད་མས་གཞག་བྱེད། སྐྲ་གཞར་བྱེད། བསམ་པས་གཞིག་བྱེད། སྒྲིག་ཏུ་གཞུག་བྱེད། ཤིང་གཞོག་བྱེད། བརྩོན་པས་གཞོལ་བྱེད། ལྟད་མོ་གཟིགས་བྱེད། མལ་དུ་གཟིམ་བྱེད། བློ་གཟོབ་བྱེད། ལག་པའི་གཡོབ་བྱེད། ཅ་ལག་གཡར་བྱེད། གཡང་གཟར་གཡུག་བྱེད། རྟ་གཡུང་བྱེད། འཁྲིག་པའི་གཡེམ་བྱེད། སེམས་གཡེལ་བྱེད། ཕན་ཚུན་གཡོ་བྱེད། ཟས་གཡོ་བྱེད། དཔོན་གཡོག་བྱེད། རྩོད་པའི་གཤག་བྱེད། ལམ་དུ་གཤར་བྱེད། ཤིང་གཤོག་བྱེད། ལྐོག་ནས་གཤུང་བྱེད། གཡོག་ལ་གཤེ་བྱེད། ཆུ་གཤོ་བྱེད། གཏོར་མ་གཤོམ་བྱེད། རི་དྭགས་གཤོར་བྱེད། ཕོ་མོ་གཤོ་བྱེད། ཚོགས་གསོག་བྱེད། གཞན་ལ་གསང་བྱེད། གཏམ་གསན་བྱེད། མི་སོགས་གསོན་བྱེད། གསོབ་བྱེད། རལ་པ་གསིག་བྱེད། འཕྲུལ་འཁོར་གསིར་བྱེད། དྲིལ་བུ་གསིལ་བྱེད། ཆོས་གསུང་བྱེད། ལྟ་བུ། ༈ བྱེད་པའི་ལས་ལ་འཇུག་པ་ནི། དཔེར་ན། རྡོ་གཅོག་པར་བྱེད། ཤིང་གཅོད་པར་བྱེད། མདུན་དུ་གཅོར་བར་བྱེད། གཅིན་གཅི་བར་བྱེད། སྐེ་གཅུ་བར་བྱེད། ཁ་དོན་གཅོལ་བར་བྱེད། སོ་ཡིས་གཉོག་པར་བྱེད། ཉལ་ནས་གཉིད་པར་བྱེད། ནོར་གཉེར་བར་བྱེད། དོན་དུ་གཉེར་བར་བྱེད། ཡི་གེ་གཏོང་བར་བྱེད། བང་མཛོད་གཏོམས་པར་བྱེད། ཁྲག་གཏར་བར་བྱེད། ཆུ་ཐིགས་གཏིག་པར་བྱེད། སྤྲིན་པ་གཏིབ་པར་བྱེད། གྱོད་གཏུག་པར་བྱེད། ཤ་གཏུབ་པར་བྱེད། རས་ཀྱིས་གཏུམ་པར་བྱེད། དུ་བ་གཏུལ་བར་བྱེད། བྲག་གཏོར་བར་བྱེད། གྱེན་དུ་གདེངས་པར་བྱེད། ཆོས་གནང་བར་བྱེད། ནང་དུ་གནས་པར་བྱེད། མི་ལ་གནོད་པར་བྱེད། འོག་ཏུ་གནོན་པར་བྱེད། ཁབ་ཀྱིས་གཙག་པར་བྱེད། ཤ་གཙབ་པར་བྱེད། མཆེ་བ་གཙིགས་པར་བྱེད། ཡུན་དུ་གཙེར་བར་བྱེད། ཚད་མས་གཞག་པར་བྱེད། སྐྲ་གཞར་བར་བྱེད། བསམ་པས་གཞིག་པར་བྱེད། སྒྲིག་ཏུ་གཞུག་པར་བྱེད། ཤིང་གཞོག་པར་བྱེད། བརྩོན་པས་གཞོལ་བར་བྱེད། ལྟད་མོ་གཟིགས་པར་བྱེད། མལ་དུ་གཟིམ་པར་བྱེད། ཤིང་གཟུགས་པར་བྱེད། བློ་གཟོབ་པར་བྱེད། ལག་པའི་གཡོབ་པར་བྱེད། ཅ་ལག་གཡར་བར་བྱེད། གཡང་གཟར་གཡུག་པར་བྱེད། རྟ་གཡུང་བར་བྱེད། འཁྲིག་པས་གཡེམ་པར་བྱེད། སེམས་གཡེལ་བར་བྱེད། ཕན་ཚུན་གཡོ་བར་བྱེད། ཟས་གཡོ་བར་བྱེད། དཔོན་གཡོག་པར་བྱེད། རྩོད་པས་གཤག་པར་བྱེད། ལམ་དུ་གཤར་བར་བྱེད། ཤིང་གཤོག་པར་བྱེད། ལྐོག་ནས་གཤུང་བར་བྱེད། གཡོག་ལ་གཤེ་བར་བྱེད། ཆུ་གཤོ་བར་བྱེད། གཏོར་མ་གཤོམ་པར་བྱེད། རི་དྭགས་གཤོར་བར་བྱེད། ཕོ་མོ་གཤོ་བར་བྱེད། ཚོགས་གསོག་པར་བྱེད། གཞན་ལ་གསང་བར་བྱེད། གཏམ་གསན་པར་བྱེད། མི་སོགས་གསོན་པར་བྱེད། གསོབ་པར་བྱེད། རལ་པ་གསིག་པར་བྱེད། འཕྲུལ་འཁོར་གསིར་བར་བྱེད། དྲིལ་བུ་གསིལ་བར་བྱེད། ཆོས་གསུང་བར་བྱེད། ལྟ་བུ་བྱེད་ལས་གསལ་བྱེད་དེ། རྒྱ་ཆེར་ཤེས་པར་བྱའོ།། ༈ སྔོན་འཇུག་གི་མ་ནིང་ག་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། བྱ་བའི་ཡུལ་ལ་འཇུག་པ་དང༌། བྱ་བའི་ལས་ལ་འཇུག་པ་གཉིས་ལས། ༈ དང་པོ་བྱ་བའི་ཡུལ་ལ་འཇུག་པ་ནི། དཔེར་ན། རྡོ་གཅག་བྱ། ཤིང་གཅད་བྱ། མདུན་དུ་གཅར་བྱ། གཅུན་གཅི་བྱ། སྐེ་གཅུ་བྱ། ཁ་དོན་གཅོལ་བྱ། སོ་ཡིས་གཉག་བྱ། ཉལ་ནས་གཉིད་བྱ། ནོར་གཉེར་བྱ། དོན་དུ་གཉེར་བྱ། ཡི་གེ་གཏང་བྱ། བང་མཛོད་གཏོམས་བྱ། ཁྲག་གཏར་བྱ། ཆུ་ཐིགས་གཏིག་བྱ། སྤྲིན་པ་གཏིབ་བྱ། གྱོད་གཏུག་བྱ། ཤ་གཏུབ་བྱ། རས་ཀྱིས་གཏུམ་བྱ། དུ་བ་གཏུལ་བྱ། བྲག་གཏོར་བྱ། གདན་གདིང་བྱ། མིང་གདགས་བྱ། ས་བོན་གདབ་བྱ། ཆོས་ཀྱི་གདུལ་བྱ། གྱེན་དུ་གདེག་བྱ། ཕྱིར་གདོན་བྱ། གྱེན་དུ་གདེང་བྱ། ལམ་གདམ་བྱ། ཆོས་གནང་བྱ། ནང་དུ་གནས་བྱ། མི་ལ་གནོད་བྱ། འོག་ཏུ་གནན་བྱ། ཁབ་ཀྱིས་གཙག་བྱ། ཤ་གཙབ་བྱ། མཆེ་བ་གཙིགས་བྱ། ཡུན་དུ་གཙེར་བྱ། ཚད་མས་གཞག་བྱ། སྐྲ་གཞར་བྱ། བསམ་པས་གཞིག་བྱ། སྒྲིག་ཏུ་གཞུག་བྱ། ཤིང་གཞོག་བྱ། དགྲ་བོ་གཞོམ་བྱ། བརྩོན་པས་གཞོལ་བྱ། ལྟད་མོ་གཟིགས་བྱ། མལ་དུ་གཟིམ་བྱ། ཤིང་གཟུགས་བྱ། མིག་ཤེས་ཀྱི་གཟུང་བྱ། བློ་གཟབ་བྱ། ལག་པ་གཡབ་བྱ། ཅ་ལག་གཡར་བྱ། གཡང་གཟར་གཡུག་བྱ། མིད་པ་གཡིད་བྱ། རྟ་གཡུང་བྱ། འཁྲིག་པས་གཡེམ་བྱ། སེམས་གཡེལ་བྱ། ཕན་ཚུན་གཡོ་བྱ། ཟས་གཡོ་བྱ། དཔོན་གཡོག་བྱ། རྩོད་པས་གཤག་བྱ། ལམ་དུ་གཤར་བྱ། ཤིང་གཤག་བྱ། ལྐོག་ནས་གཤུང་བྱ། གཡོག་ལ་གཤེ་བྱ། ཆུ་གཤོ་བྱ། གཏོར་མ་གཤམ་བྱ། རི་དྭགས་གཤོར་བྱ། ཕོ་མོ་གཤོ་བྱ། ཚོགས་གསག་བྱ། གཞན་ལ་གསང་བྱ། གཏམ་གསན་བྱ། མི་སོགས་གསོན་བྱ། གསོབ་བྱ། རལ་པ་གསིག་བྱ། འཕྲུལ་འཁོར་གསིར་བྱ། དྲིལ་བུ་གསིལ་བྱ། ཆོས་གསུང་བྱ། ༈ ག་ཡིག་བྱ་བའི་ལས་ལ་འཇུག་པ་ནི། དཔེར་ན། རྡོ་གཅག་པར་བྱ། ཤིང་གཅད་པར་བྱ། མདུན་དུ་གཅར་བར་བྱ། གཅིན་གཅི་བར་བྱ། སྐེ་གཅུ་བར་བྱ། ཁ་དོན་གཅོལ་བར་བྱ། སོ་ཡིས་གཉག་པར་བྱ། ཉལ་ནས་གཉིད་པར་བྱ། ནོར་གཉེར་བར་བྱ། དོན་དུ་གཉེར་བར་བྱ། ཡི་གེ་གཏང་བར་བྱ། བང་མཛོད་གཏམས་པར་བྱ། ཁྲག་གཏར་བར་བྱ། ཆུ་ཐིགས་གཏིག་པར་བྱ། སྤྲིན་པ་གཏིབ་པར་བྱ། གྱོད་གཏུག་པར་བྱ། ཤ་གཏུབ་པར་བྱ། རས་ཀྱིས་གཏུམ་པར་བྱ། དུ་བ་གཏུལ་བར་བྱ། བྲག་གཏོར་བར་བྱ། གདན་གདིང་བར་བྱ། མིང་གདགས་པར་བྱ། ས་བོན་གདབ་པར་བྱ། ཆོས་ཀྱི་གདུལ་བར་བྱ། གྱེན་དུ་གདེག་པར་བྱ། ཕྱིར་གདོན་པར་བྱ། གྱེན་དུ་གདེང་བར་བྱ། ལམ་གདམ་པར་བྱ། ཆོས་གནང་མཁན། ནང་དུ་གནས་པར་བྱ། མི་ལ་གནོད་པར་བྱ། འོག་ཏུ་གནན་པར་བྱ། ཁབ་ཀྱིས་གཙག་པར་བྱ། ཤ་གཙབ་པར་བྱ། མཆེ་བ་གཙིག་པར་བྱ། ཡུན་དུ་གཙེར་བར་བྱ། ཚད་མས་གཞག་པར་བྱ། སྐྲ་གཞར་བར་བྱ། བསམ་པས་གཞིག་པར་བྱ། སྒྲིག་ཏུ་གཞུག་པར་བྱ། ཤིང་གཞོག་པར་བྱ། དགྲ་བོ་གཞོམ་པར་བྱ། བརྩོན་པས་གཞོལ་བར་བྱ། ལྟད་མོ་གཟིགས་པར་བྱ། མལ་དུ་གཟིམ་པར་བྱ། ཤིང་གཟུགས་པར་བྱ། ཉེས་ཅན་་གཟུང་བར་བྱ། བློ་གཟབ་པར་བྱ། ལག་པས་གཡབ་པར་བྱ། ཅ་ལག་གཡར་བར་བྱ། གཡང་གཟར་གཡུག་བར་བྱ། མིད་པ་གཡིད་པར་བྱ། རྟ་གཡུང་བར་བྱ། འཁྲིག་པས་གཡེམ་པར་བྱ། སེམས་གཡེལ་བར་བྱ། ཕན་ཚུན་གཡོ་བར་བྱ། ཟས་གཡོ་བར་བྱ། དཔོན་གཡོག་པར་བྱ། རྩོད་པས་གཤག་པར་བྱ། ལམ་དུ་གཤར་བར་བྱ། ཤིང་གཤག་པར་བྱ། ལྐོག་ནས་གཤུང་བར་བྱ། གཡོག་ལ་གཤེ་བར་བྱ། ཆུ་གཤོ་བར་བྱ། གཏོར་མ་གཤམ་པར་བྱ། རི་དྭགས་གཤོར་བར་བྱ། ཕོ་མོ་གཤོ་བར་བྱ། ཚོགས་གསག་པར་བྱ། གཞན་ལ་གསང་བར་བྱ། གཏམ་གསན་པར་བྱ། མི་སོགས་གསོན་པར་བྱ། གསོབ་པར་བྱ། རལ་པ་གསིག་པར་བྱ། འཕྲུལ་འཁོར་གསིར་བར་བྱ། དྲིལ་བུ་གསིལ་བར་བྱ། ཆོས་གསུང་བར་བྱ། ལྟ་བུ། ༈ ག་ཡིག་བྱེད་ལས་ད་ལྟ་བ་ལ་འཇུག་པ་ནི། དཔེར་ན། རྡོ་གཅོག་བཞིན་པ། ཤིང་གཅོད་པའི་སྐབས༌། མདུན་དུ་གཅོར་གྱི་འདུག གཅིན་གཅི་བའི་སྒང༌། དེ་བཞིན་དུ་སྐེ་གཅུ། ཁ་དོན་གཅོལ། སོ་ཡིས་གཉོག ཉལ་ནས་གཉིད། ནོར་གཉེར། དོན་དུ་གཉེར། ཡི་གེ་གཏོང། བང་མཛོད་གཏོམས། ཁྲག་གཏར། ཆུ་ཐིགས་གཏིག སྤྲིན་པ་གཏིབ། གྱོད་གཏུག ཤ་གཏུབ། རས་ཀྱིས་གཏུམ། དུ་བ་གཏུལ། བྲག་གཏོར། གྱེན་དུ་གདེངས། ལམ་གདམས། ཆོས་གནང་མཁན། ནང་དུ་གནས། མི་ལ་གནོད། འོག་ཏུ་གནོན། ཁབ་ཀྱིས་གཙག ཤ་གཙབ། མཆེ་བ་གཙིགས། ཤིང་གཙུགས། ཡུན་དུ་གཙེར། ཚད་མས་གཞག སྐྲ་གཞར། བསམ་པས་གཞིག སྒྲིག་ཏུ་གཞུག ཤིང་གཞོག བརྩོན་པས་གཞོལ། ལྟད་མོ་གཟིགས། མལ་དུ་གཟིམ། ཤིང་གཟུགས། བློ་བཟོབ། ལག་པ་གཡོབ། ཅ་ལག་གཡར། གཡང་གཟར་གཡུག རྟ་གཡུང༌། འཁྲིག་པས་གཡེམ ། སེམས་གཡེལ། ཕན་ཚུན་གཡོ། ཟས་གཡོ། དཔོན་གཡོག རྩོད་པས་གཤག ལམ་དུ་གཤར། ཤིང་གཤོག ལྐོག་ནས་གཤུང༌། གཡོག་ལ་གཤེ ཆུ་གཤོ གཏོར་མ་གཤོམ ། རི་དྭགས་གཤོར། ཕོ་མོ་གཤོ། ཚོགས་གསོག གཞན་ལ་གསང། གཏམ་གསན། མི་སོགས་གསོན། གསོབ། རལ་པ་གསིག འཕྲུལ་འཁོར་གསིར། དྲིལ་བུ་གསིལ། ཆོས་གསུང༌། ལྟ་བུའོ།། ༈ ག་ཡིག་བྱ་ལས་མ་འོངས་པ་ལ་འཇུག་པ་ནི། དཔེར་ན། རྡོ་གཅག ཤིང་གཅད། མདུན་དུ་གཅར། གཅུན་གཅི། སྐེ་གཅུ། ཁ་དོན་གཅོལ། སོ་ཡིས་གཉག ཉལ་ནས་གཉིད། ནོར་གཉེར། དོན་དུ་གཉེར། ཡི་གེ་གཏང། བང་མཛོད་གཏམ། ཁྲག་གཏར། ཆུ་ཐིགས་གཏིག སྤྲིན་པ་གཏིབ། གྱོད་གཏུག ཤ་གཏུབ། རས་ཀྱིས་གཏུམ། དུ་བ་གཏུལ། བྲག་གཏོར། གདན་གདིང། མིང་གདགས། ས་བོན་གདབ། ཆོས་ཀྱི་གདུལ། གྱེན་དུ་གདེག ཕྱིར་གདོན། གྱེན་དུ་གདེང། ལམ་གདམ། ཆོས་གནང། ནང་དུ་གནས། མི་ལ་གནོད། འོག་ཏུ་གནན། ཁབ་ཀྱིས་གཙག ཤ་གཙབ། མཆེ་བ་གཙིགས། ཡུན་དུ་གཙེར། ཚད་མས་གཞག སྐྲ་གཞར། བསམ་པས་གཞིག སྒྲིག་ཏུ་གཞུག ཤིང་གཞོག དགྲ་བོ་གཞོམ། བརྩོན་པས་གཞོལ། ལྟད་མོ་གཟིགས། མལ་དུ་གཟིམ། ཤིང་གཟུགས། མིག་ཤེས་ཀྱི་གཟུང། བློ་གཟབ། ལག་པའི་གཡབ། ཅ་ལག་གཡར། གཡང་གཟར་གཡུག མིད་པ་གཡིད། རྟ་གཡུང། འཁྲིག་པས་གཡེམ། སེམས་གཡེལ། ཕན་ཚུན་གཡོ། ཟས་གཡོ། དཔོན་གཡོག། རྩོད་པས་གཤག ལམ་དུ་གཤར། ཤིང་གཤག ལྐོག་ནས་གཤུང༌། གཡོག་ལ་གཤེ། ཆུ་གཤོ གཏོར་མ་གཤམ། རི་དྭགས་གཤོར། ཕོ་མོ་གཤོ། ཚོགས་གསག གཞན་ལ་གསང། གཏམ་གསན། མི་སོགས་གསོན། གསོབ། རལ་པ་གསིག། འཕྲུལ་འཁོར་གསིར། དྲིལ་བུ་གསིལ། ཆོས་གསུང། ལྟ་བུའོ།། ༈ སྔོན་འཇུག་ག་ཡིག་འདས་པ་ལ་འཇུག་པ་ཡང་ཉུང་ཤས་ཡོད་པ། དཔེར་ན། གཅུན་གཅིས། གསེབ་དུ་གཅིརད། སྐེ་གཅུས། གོས་གཅུས། བུ་ལ་གཅེས། སོ་ཡིས་གཉགས། ཉལ་ནས་གཉིད། ནོར་གཉུལད། ནོར་གཉེར། དོན་དུ་གཉེར། བསྟན་པ་གཏད། བང་མཛོད་གཏམས། ཁྲག་གཏར། ཆུ་ཐིགས་གཏིགས། སྤྲིན་པ་གཏིབས། གྱོད་གཏུགས། ཤ་གཏུབས། རས་ཀྱིས་གཏུམས། དུ་བ་གཏུལ། ཁོངས་སུ་གཏོགས། བྲག་གཏོརད། ཆོས་གནང༌། ནང་དུ་གནས། མི་ལ་གནོད། ཁབ་ཀྱིས་གཙགས། མཆེ་བ་གཙིགས། གཙུབ་ཤིང་གིས་གཙུབས། ཡུན་དུ་གཙེརད། བསམ་པས་གཞིགས། ཤ་གཞུར། ཤིང་གཞོགས། འཚིག་པའི་གཞོབ། བརྩོན་པས་གཞོལད། ཆར་པ་གཞོལད། བློ་གཟབས། ཞལ་ཐང་གཟརད། གྱེན་དུ་གཟིངས། ལྟད་མོ་གཟིགས། མལ་དུ་གཟིམས། ལག་པའི་གཡབས། ཅ་ལག་གཡརད། གཡང་གཟར་གཡུགས། མིད་པ་གཡིད། རྟ་གཡུངས། འཁྲིག་པས་གཡེམས། དུས་ལས་གཡོརད། སེམས་གཡེལད། དུས་ལས་གཡོལད། ཕན་ཚུན་གཡོས། ཟས་གཡོས། དཔོན་གཡོགས། རྩོད་པས་གཤགས། མཉམ་དུ་གཤིགས། ལམ་དུ་གཤེགས། གཡོག་ལ་གཤེ། ཆུ་གཤོལ། རི་དྭགས་གཤོར། གཞན་ལ་གསངས། གཏམ་གསནད། ཆོས་གསུངས། ལྟ་བུ་འགའ་ཞིག་མ་གཏོགས་སྔོན་འཇུག་ག་ཡིག་འདས་མ་འོངས་གཉིས་ལ་འཇུག་པ་ཉུང་ངོ༌།། དེའི་དོན་འགྲེལ་བ་ལ་པྲ་ཏི་དགེ་བཤེས་རིན་པོ་ཆེའི་ཤན་སྦྱར་མར། མ་ནིང་གཉིས་ཀ་ད་ལྟ་ཆེད།། ཞེས་གསུངས་མ་ནིང་ག་ཡིག་ནི།། གཏང་བྱ་གཅད་བྱ་གཟུང་བྱ་སོགས།། དངོས་པོ་གཞན་ལ་འཇུག་པ་སྟེ།། གཏོང་བྱེད་གཅོད་བྱེད་གནོན་པ་སོགསབ྄། དངོས་པོ་བདག་དང་འབྲེལ་བའི་ལས།། བྱེད་ལས་ད་ལྟ་བ་ཡང་ཡིན།། གཏོང་བ་པོ་སོགས་བདག་པོ་ཉིད།། ཞེས་གསལ་བར་གསུངས་སོ། །འདིས་བྱེད་པ་པོ་དང་བྱེད་པའི་ལས་གཉིས་དངོས་པོ་བདག་དང༌། བྱ་བའི་ཡུལ་དང་བྱ་བ་གཉིས་དངོས་པོ་གཞན་དུ་བྱས་པའི་སྲོལ་ཆེན་ཐོག་མར་བཏོད་པ་ཡིན་ཏེ། དེང་སང་ཁ་ཅིག་སྲོལ་འདི་ཐོག་མར་འགྲེལ་ཆེན་གྱིས་འབྱེད་པའི་ལུགས་སུ་འགྲེལ་བ་ནི་རང་ཉིད་དེའི་གོང་གི་སུམ་རྟགས་འགྲེལ་བ་རྣམས་ལ་མཐོང་ཐོས་ཉམས་མྱོང་གིས་མ་ཁྱབ་པའི་དེ་ཉིད་གསལ་བྱེད་ཙམ་དུ་ཟད་དོ།། ༈ སྔོན་འཇུག་གི་མ་ནིང་ད་ཡིག་དངོས་པོ་བདག་ལ་འཇུག་པ་ཙམ་ནི། བྱེད་པ་པོ་དང༌། བྱེད་པ་ཕལ་པ། བྱེད་པའི་ལས་གསུམ་ལས། ༈ ད་ཡིག་བྱེད་པ་པོ་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་བ་པོ། ཕྲེང་བ་དཀྲི་བ་པོ། སྤྲིན་དཀྲིག་པ་པོ། ཇ་དཀྲུག་པ་པོ། ཇ་དཀྲོག་པ་པོ། རོལ་མོ་དཀྲོལ་པ་པོ། གྲོགས་ལ་དགའ་པ་པོ། ཐུགས་ཀྱིས་དགོངས་པ་པོ། ལུས་དཀྱེ་པ་པོ། དབུགས་དངངས་པ་པོ། ཚར་དུ་དངར་པ་པོ། རྗེས་སུ་དཔོག་པ་པོ། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་པ་པོ། ཡི་གེ་དཔོད་པ་པོ། རིགས་པས་དཔྱོད་པ་པོ། ཐུར་དུ་དཔྱོང་པ་པོ། ཁྲི་ལ་དབང་པ་པོ། ཡུལ་ལ་དམིགས་པ་པོ། འཛུམ་དམུལ་པ་པོ། ཡིད་དམུས་པ་པོ། ཉམ་དམད་པ་པོ། ཆོས་ལ་དམྱུག་པ་པོ། ལྟ་བུ་རྣམས་སོ།། ༈ ད་ཡིག་བྱེད་པ་ཕལ་བ་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་བྱེད། ཕྲེང་བ་དཀྲི་བྱེད། སྤྲིན་དཀྲིག་བྱེད། ཇ་དཀྲུག་བྱེད། ཇ་དཀྲོག་བྱེད། གྲོགས་ལ་དགའ་བྱེད། ཐུགས་ཀྱིས་དགོངས་བྱེད། ལུས་དཀྱེ་བྱེད། དབུགས་དངངས་བྱེད། ཚར་དུ་དངར་བྱེད། རྗེས་སུ་དཔོག་བྱེད། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་བྱེད། ཡི་གེ་དཔོད་བྱེད། རིགས་པས་དཔྱོད་བྱེད། ཐུར་དུ་དཔྱོང་བྱེད། ཁྲི་ལ་དབང་བྱེད། ཡུལ་ལ་དམིགས་བྱེད། འཛུམ་དམུལ་བྱེད། ཡིད་དམུས་བྱེད། ཉམ་དམད་བྱེད། ཆོས་ལ་དམྱུག་བྱེད། ལྟ་བུ། ༈ ད་ཡིག་བྱེད་ལས་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་བར་བྱེད། ཕྲེང་བ་དཀྲི་བར་བྱེད། སྤྲིན་དཀྲིག་པར་བྱེད། ཇ་དཀྲུག་པར་བྱེད། ཇ་དཀྲོག་པར་བྱེད། གྲོགས་ལ་དགའ་བར་བྱེད། ཐུགས་ཀྱིས་དགོངས་པར་བྱེད། ལུས་དཀྱེ་བར་བྱེད། དབུགས་དངངས་པར་བྱེད། ཚར་དུ་དངར་བར་བྱེད། རྗེས་སུ་དཔོག་པར་བྱེད། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་བར་བྱེད། ཡི་གེ་དཔོད་པར་བྱེད། རིགས་པས་དཔྱོད་པར་བྱེད། ཐུར་དུ་དཔྱོང་བར་བྱེད། ཁྲི་ལ་དབང་བར་བྱེད། ཡུལ་ལ་དམིགས་པར་བྱེད། འཛུམ་དམུལ་བར་བྱེད། ཡིད་དམུས་པར་བྱེད། ཉམ་དམད་པར་བྱེད། ཆོས་ལ་དམྱུག་པར་བྱེད། ལྟ་བུ་འདི་དག་ནི་སྔོན་འཇུག་ད་ཡིག་ཐོབ་པའམ་འཇུག་པ་ཙམ་ལས། དངོས་པོ་བདག་ངོས་དང༌། བདག་དང་འབྲེལ་བའི་ལས་གོ་བྱེད་ཀྱི་ནུས་པ་གཙོ་བོ་ཐོན་པའི་སྒོ་ནས་སྔོན་འཇུག་ད་ཡིག་ཐོབ་པ་རྩ་བ་ནས་མེད་དེ། བཤད་སྦྱར་མར། མ་ནིང་ད་ནི་བདག་དངོས་དང༌།། བདག་དང་འབྲེལ་བའི་ལས་མི་འཇུག། གསུངས་པས་སོ།། འོག་ཏུ་རྒྱས་པར་འཆད་དོ།། ༈ སྔོན་འཇུག་ད་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། བྱ་བའི་ཡུལ་དང༌། བྱ་བའི་ལས་ལ་འཇུག་པ་གཉིས་ལས། དང་པོ་བྱ་བའི་ཡུལ་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་བྱ། ཕྲེང་བ་དཀྲི་བྱ། སྤྲིན་དཀྲིག་བྱ། ཇ་དཀྲུག་བྱ། ཇ་བཀྲོག་བྱ། རོལ་མོ་དཀྲོལ་བྱ། ལམ་དགག་བྱ། ཆུ་དགང་བྱ། འབར་རྫས་དགད་བྱ། རྣ་བ་དགབ་བྱ། གྲོགས་ལ་དགའ་བྱ། ལོགས་སུ་དགར་བྱ། གཞུ་དགུག་བྱ། ཐུགས་ཀྱིས་དགོངས་བྱ། ཐོ་དགོད་བྱ། ལུས་དཀྱེ་བྱ། དབུགས་དངངས་བྱ། ཚར་དུ་དངར་བྱ། རྗེས་སུ་དཔག་བྱ། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་བྱ། ཡི་གེ་དཔོད་བྱ། རིགས་པས་དཔྱད་བྱ། ཐུར་དུ་དཔྱང་བྱ། སྐྱོན་གྱིས་དབག་བྱ། ཁྲི་ལ་དབང་བྱ། ཆར་དབབ་བྱ། ཨི་ཁུང་དབིག་བྱ། ཨི་ཁུང་དབུག་བྱ། གུར་དབུབ་བྱ། སྨན་དབུར་བྱ། མཆོད་པ་དབུལ་བྱ། ཆུ་དབོ་བྱ། ལུང་དབོག་བྱ། ཚོན་དབྱུག་བྱ། སུན་དབྱུང་བྱ། དབྱུལ་བྱ། རི་མོ་དབྱི་བྱ། རྣམ་གྲངས་དབྱེ་བྱ། དགེ་འདུན་དབྱེན་བྱ། ཡི་གེ་དབྲི་བྱ། མཛོད་ནས་དབྲི་བྱ། ཁ་དབྲལ་བྱ། རྐུན་མས་དབྲོག་བྱ། ཡུལ་ལ་དམིགས་བྱ། འཛུམ་དམུལ་བྱ། ཡིད་དམུས་བྱ། ཉམ་དམད་བྱ། ཆོས་ལ་དམྱུག་བྱ། ལྟ་བུ་རྣམས་སོ།། ༈ ད་ཡིག་བྱ་བའི་ཡུལ་དང་འབྲེལ་བའི་ལས་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་པར་བྱ། ཕྲེང་བ་དཀྲི་པར་བྱ། སྤྲིན་དཀྲིག་པར་བྱ། ཇ་དཀྲུག་པར་བྱ། ཇ་དཀྲོག་པར་བྱ། རོལ་མོ་དཀྲོལ་པར་བྱ། ལམ་དགག་པར་བྱ། ཆུ་དགང་པར་བྱ། འབར་རྫས་དགད་པར་བྱ། རྣ་བ་དགབ་པར་བྱ། གྲོགས་ལ་དགའ་བར་བྱ། ལོགས་སུ་དགར་པར་བྱ། གཞུ་དགུག་པར་བྱ། ཐུགས་ཀྱིས་དགོངས་པར་བྱ། ཐོ་དགོད་པར་བྱ། ལུས་དཀྱེ་བར་བྱ། དབུགས་དངངས་པར་བྱ། ཚར་དུ་དངར་བར་བྱ། རྗེས་སུ་དཔག་པར་བྱ། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་བར་བྱ། ཡི་གེ་དཔོད་པར་བྱ། རིགས་པས་དཔྱད་པར་བྱ། ཐུར་དུ་དཔྱང་བར་བྱ། སྐྱོན་གྱིས་དབག་པར་བྱ། ཁྲི་ལ་དབང་བར་བྱ། ཆར་དབབ་པར་བྱ། ཨི་ཁུང་དབིག་པར་བྱ། ཨི་ཁུང་དབུག་པར་བྱ། གུར་དབུབ་པར་བྱ། སྨན་དབུར་བར་བྱ། མཆོད་པ་དབུལ་བར་བྱ། ཆུ་དབོ་བར་བྱ། ལུང་དབོག་པར་བྱ། ཚོན་དབྱུག་པར་བྱ། སུན་དབྱུང་བར་བྱ། དབྱུལ་བར་བྱ། རི་མོ་དབྱི་བར་བྱ། རྣམ་གྲངས་དབྱེ་བར་བྱ། དགེ་འདུན་དབྱེན་པར་བྱ། ཡི་གེ་དབྲི་བར་བྱ། མཛོད་ནས་དབྲི་བར་བྱ། ཁ་དབྲལ་བར་བྱ། རྐུན་མས་དབྲོག་པར་བྱ། ཡུལ་ལ་དམིགས་པར་བྱ། འཛུམ་དམུལ་བར་བྱ། ཡིད་དམུས་པར་བྱ། ཉམ་དམད་པར་བྱ། ཆོས་ལ་དམྱུག་པར་བྱ། ལྟ་བུ་འོ།། དེ་རྣམས་ལ་ད་ཡིག་སྔོན་འཇུག་ཐོབ་པ་ཙམ་ལས་ད་ཡིག་གི་ནུས་པ་གཙོ་བོ་བྱས་ནས་དངོས་པོ་གཞན་མ་བསྟན་ཀྱང༌། ད་ཡིག་གི་ནུས་པས་དངོས་པོ་གཞན་བསྟན་པ་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། གཞན་ལུགས་དགག་བྱ། དགག་པར་བྱ། དགང་བྱའི་བུམ་པ། དགང་བར་བྱ། དགབ་བྱའི་རྣ་བ། དགབ་པར་བྱ། དགོད་བྱའི་ཟུར་ཐོ། དགོད་པ་བྱ། དགད་བྱའི་འབར་རྫས་དགད་པར་བྱ། ལོགས་སུ་དགར་པར་བྱ། གཞུ་དགུག་པར་བྱ། སྐྱོན་གྱིས་དབག་པར་བྱ། ཆར་དབབ་པར་བྱ། ཨི་ཁུང་དབིག་པར་བྱ། ཨི་ཁུང་དབུག་པར་བྱ། གུར་དབུབ་པར་བྱ། སྨན་དབུར་བར་བྱ། མཆོད་པ་དབུལ་བར་བྱ། ཆུ་དབོ་བར་བྱ། ལུང་དབོག་པར་བྱ། ཚོན་དབྱུ་བར་བྱ། སུན་དབྱུང་བར་བྱ། དབྱུལ་བར་བྱ། རི་མོ་དབྱི་བར་བྱ། རྣམ་གྲངས་དབྱེ་བར་བྱ། དགེ་འདུན་དབྱེན་པར་བྱ། ཡི་གེ་དབྲི་བར་བྱ། མཛོད་ནས་དབྲི་བར་བྱ། ཁ་དབྲལ་བར་བྱ། རྐུན་མས་དབྲོག་པར་བྱ། ལྟ་བུ་རྣམས་ནི་སྔོན་འཇུག་ད་ཡིག་གི་ནུས་པས་དངོས་པོ་གཞན་དངོས་དང་དེ་དང་འབྲེལ་བའི་ལས་བསྟན་ཏེ། དེ་དག་གི་ཚིག་ཟླས་དྲངས་པའི་བྱེད་པ་པོ་དང་བྱེད་ལས་ལ་འགོག་དང༌། འགེང༌། འགེབ། འགོད། སོགས་འབྲི་དགོས་པས་དེ་དག་དངོས་པོ་བདག་གཞན་གྱི་ཁྱད་པར་མི་འཁྲུལ་བ་དེ་སྔོན་འཇུག་ད་ཡིག་གི་ནུས་པ་ལ་བརྟེན་ནས་འཇོག་དགོས་པའི་ཕྱིར། དེས་ན་སྔོན་འཇུག་ད་ཡིག་གི་ནུས་པས་དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་བསྟན་པར་མི་ནུས་ཤིང༌། དངོས་པོ་གཞན་དངོས་དང་གཞན་དང་འབྲེལ་བའི་ལས་བསྟན་ནུས་པའི་ཁྱད་པར་ཤེས་པར་བྱའོ།། ༈ སྔོན་འཇུག་ད་ཡིག་བྱ་ལས་དང་འབྲེལ་བའི་དུས་ད་ལྟ་བ་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་བཞིན་པ། ཕྲེང་བ་དཀྲི་བཞིན་པ། སྤྲིན་དཀྲིག་བཞིན་པ། ཇ་དཀྲུག་བཞིན་པ། ཇ་བཀྲོག་བཞིན་པ། རོལ་མོ་དཀྲོལ་བཞིན་པ། ལམ་དགག་བཞིན་པ། ཆུ་དགང་བཞིན་པ། འབར་རྫས་དགད་བཞིན་པ། རྣ་བ་དགབ་བཞིན་པ། གྲོགས་ལ་དགའ་བཞིན་པ། ལོགས་སུ་དགར་བཞིན་པ། གཞུ་དགུག་བཞིན་པ། ཐུགས་ཀྱིས་དགོངས་བཞིན་པ། ཐོ་དགོད་བཞིན་པ། ལུས་དཀྱེ་བཞིན་པ། དབུགས་དངངས་བཞིན་པ། ཚར་དུ་དངར་བཞིན་པ། རྗེས་སུ་དཔག་བཞིན་པ། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་བཞིན་པ། ཡི་གེ་དཔོད་བཞིན་པ། རིགས་པས་དཔྱད་བཞིན་པ། ཐུར་དུ་དཔྱང་བཞིན་པ། སྐྱོན་གྱིས་དབག་བཞིན་པ། ཁྲི་ལ་དབང་བཞིན་པ། ཆར་དབབ་བཞིན་པ། ཨི་ཁུང་དབིག་བཞིན་པ། ཨི་ཁུང་དབུག་བཞིན་པ། གུར་དབུབ་བཞིན་པ། སྨན་དབུར་བཞིན་པ། མཆོད་པ་དབུལ་བཞིན་པ། ཆུ་དབོ་བཞིན་པ། ལུང་དབོག་བཞིན་པ། ཚོན་དབྱུག་བཞིན་པ། སུན་དབྱུང་བཞིན་པ། རི་མོ་དབྱི་བཞིན་པ། རྣམ་གྲངས་དབྱེ་བཞིན་པ། དགེ་འདུན་དབེན་བཞིན་པ། ཡི་གེ་དབྲི་བཞིན་པ། མཛོད་ནས་དབྲི་བཞིན་པ། ཁ་དབྲལ་བཞིན་པ། རྐུན་མས་དབྲོག་བཞིན་པ། ཡུལ་ལ་དམིགས་བཞིན་པ། འཛུམ་དམུལ་བཞིན་པ། ཡིད་དམུས་བཞིན་པ། ཉམ་དམད་བཞིན་པ། ཆོས་ལ་དམྱུག་བཞིན་པ། ལྟ་བུ་རྣམས་སོ།། ༈ སྔོན་འཇུག་གི་ད་ཡིག་དུས་མ་འོངས་པ་ལ་འཇུག་པ་ནི། དཔེར་ན། དཀྱུ་སར་དཀྱུ་བར་འགྱུར། ཕྲེང་བ་དཀྲི་བར་འགྱུར། སྤྲིན་དཀྲིག་པར་འགྱུར། ཇ་དཀྲུག་པར་འགྱུར། ཇ་དཀྲོག་པར་འགྱུར། རོལ་མོ་དཀྲོལ་བར་འགྱུར། ལམ་དགག་པར་འགྱུར། ཆུ་དགང་བར་འགྱུར། འབར་རྫས་དགད་པར་འགྱུར། རྣ་བ་དགབ་པར་འགྱུར། གྲོགས་ལ་དགའ་བར་འགྱུར། ལོགས་སུ་དགར་བར་འགྱུར། གཞུ་དགུག་པར་འགྱུར། ཐུགས་ཀྱིས་དགོངས་པར་འགྱུར། ཐོ་དགོད་པར་འགྱུར། ལུས་དཀྱེ་བར་འགྱུར། དབུགས་དངངས་པར་འགྱུར། ཚར་དུ་དངར་བར་འགྱུར། རྗེས་སུ་དཔག་པར་འགྱུར། རླུང་གིས་དཔུར་སྤུར་བའི་བརྡ་རྙིང་བར་འགྱུར། ཡི་གེ་དཔོད་པར་འགྱུར། རིགས་པས་དཔྱད་པར་འགྱུར། ཐུར་དུ་དཔྱང་བར་འགྱུར། སྐྱོན་གྱིས་དབག་པར་འགྱུར། ཁྲི་ལ་དབང་བར་འགྱུར། ཆར་དབབ་པར་འགྱུར། ཨི་ཁུང་དབིག་པར་འགྱུར། ཨི་ཁུང་དབུག་པར་འགྱུར། གུར་དབུབ་པར་འགྱུར། སྨན་དབུར་བར་འགྱུར། མཆོད་པ་དབུལ་བར་འགྱུར། ཆུ་དབོ་བར་འགྱུར། ལུང་དབོག་པར་འགྱུར། ཚོན་དབྱུག་པར་འགྱུར། སུན་དབྱུང་བར་འགྱུར། དབྱུལ་བར་འགྱུར། རི་མོ་དབྱི་བར་འགྱུར། རྣམ་གྲངས་དབྱེ་བར་འགྱུར། དགེ་འདུན་དབྱེན་པར་འགྱུར། ཡི་གེ་དབྲི་བར་འགྱུར། མཛོད་ནས་དབྲི་བར་འགྱུར། ཁ་དབྲལ་བར་འགྱུར། རྐུན་མས་དབྲོག་པར་འགྱུར། ཡུལ་ལ་དམིགས་པར་འགྱུར། འཛུམ་དམུལ་བར་འགྱུར། ཡིད་དམུས་པར་འགྱུར། ཉམ་དམད་པར་འགྱུར། ཆོས་ལ་དམྱུག་པར་འགྱུར། ལྟ་བུ་མང་པོ་ཞིག་ལ་འཇུག་ཀྱང་རྩ་བར་ད་ལྟ་ཆེད། ཅེས་གསུངས་ཤིང་མ་འོངས་པ་འཇུག་པ་མང་པོ་ཞིག་ཡོད་ནའང་མ་འོངས་པའི་ཆེད་དུ་འཇུག་པ་མ་གསུངས་པར། ད་ལྟ་བ་ལ་ཆེད་དུ་འཇུག་པ་གསུངས་པའི་གནད་གང་ཞིག་ཡིན་དཔྱོད་རིགས་སོ། །ཁོ་བོ་ནི་ད་ལྟ་བ་ལ་ཆེད་དུ་འཇུག་ན་མ་འོངས་པ་ལ་ཆེད་དུ་མི་འཇུག་པ་ཡིན་མི་དགོས་པས། འཇུག་ཚུལ་མང་ཉུང་ལ་བལྟས་ན་སྔོན་འཇུག་གི་ག་ད་གཉིས་ཀ་དུས་མ་འོངས་པ་ལ་འཇུག་པ་དེ་ཤུགས་ལ་བསྟན་འདུག་སྙམ་སྟེ། གཟུར་གནས་མཁས་པ་རྣམས་ཀྱིས་བརྟག་པར་མཛོད་ཅིག། ༈ གཞན་ཡང་སྔོན་འཇུག་གི་ད་ཡིག་དུས་འདས་པ་ལ་འཇུག་པའང་ཉུང་ཤས་ཡོད་པ་ནི། དཔེར་ན། དཀྱུ་སར་དཀྱུས་ཟིན་ཏོ། ཕྲེང་བ་དཀྲིས་ཟིན། སྤྲིན་དཀྲིགས་ཟིན། ཇ་དཀྲུགས་ཟིན། ཇ་དཀྲོགས་ཟིན། རོལ་མོ་དཀྲོལད་ཟིན། ཐུགས་ཀྱིས་དགོངས་ཟིན། ལུས་དཀྱེས་ཟིན། དབུགས་དངངས་ཟིན། ཚར་དུ་དངརད་ཟིན། རྗེས་སུ་དཔགས་ཟིན། རླུང་གིས་དཔུརད་སྤུར་བའི་བརྡ་རྙིང་ཟིན། ཡི་གེ་དཔོད་ཟིན། རིགས་པས་དཔྱད་ཟིན། ཐུར་དུ་དཔྱངས་ཟིན། སྐྱོན་གྱིས་དབགས་ཟིན། ཁྲི་ལ་དབང་ཟིན། ཡུལ་ལ་དམིགས་ཟིན། འཛུམ་དམུལ་ཟིན། ཡིད་དམུས་ཟིན། ཉམ་དམད་ཟིན། ཆོས་ལ་དམྱུག་ཟིན། ལྟ་བུ་རྣམས་སོ།། འདིར་སྔོན་འཇུག་གི་མ་ནིང་ད་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པའི་སྐབས། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས། མ་ནིང་ད་ནི་བདག་དངོས་དང༌།། བདག་དང་འབྲེལ་བའི་ལས་མི་འཇུག། ཞེས་གསུངས་པའི་དོན་ནི། སྔོན་འཇུག་གི་མ་ནིང་ད་ཡིག་ནི་བདག་དངོས་དང་བདག་དང་འབྲེལ་བའི་ལས་གཉིས་ཀ་ལ་ད་ཡིག་རང་གི་ནུས་པ་ཐོན་པའི་སྒོ་ནས་མི་འཇུག ཅེས་པའི་དོན་ཡིན་ཏེ། སྔོན་འཇུག་གཟུགས་འགྱུར་གྱི་བྱ་ཚིག་དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་ལམ་སོགས་འགོག་པ་པོ་དང་འགོག་བྱེད་ལྟ་བུ་གཉིས་ཀ་ལ་ད་ཡིག་སྔོན་འཇུག་རྩ་བ་ནས་མི་ཐོབ་ཅིང་སྔོན་འཇུག་གཟུགས་མི་འགྱུར་བའི་བྱ་ཚིག་རིག་པས་དཔྱོད་པ་པོ་དང་དཔྱོད་པར་བྱེད་ལྟ་བུ་རྣམས་ཀྱང་དབྱངས་ཡིག་ན་རོའི་ནུས་པས་དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་བསྟན་པ་མ་གཏོགས། སྔོན་འཇུག་ད་ཡིག་གི་ནུས་པས་དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་གཉིས་ཀ་བསྟན་མི་ནུས་པས་སོ། །དཔེར་ན། སྣལ་མ་དཀྲི་བ་པོ། དཀྲི་བར་བྱེད། དམོད་པ་པོ། དམོད་པར་བྱེད། དཔྱོད་པ་པོ། དཔྱོད་པར་བྱེད། ལྟ་བུའོ།། མདོར་ན། དམོད་ལྟ་བུ་ཚིག་གྲོགས་ལ་མ་ལྟོས་པའི་དུས་གསུམ་བྱ་བྱེད་འདས་སྐུལ་གྱི་ཡིག་གཟུགས་འགྱུར་བ་མེད་པའི་རིགས་དང༌། དཔྱོད་ལྟ་བུ་དབྱངས་ཡིག་དང༌། དཀྲིས་ལྟ་བུ་རྗེས་འཇུག་ལ་ལྟོས་ནས་དུས་གསུམ་དང་བདག་གཞན་གྱི་ཁྱད་པར་འབྱེད་དགོས་པ་ལས་སྔོན་འཇུག་ད་ཡིག་ཙམ་ལ་ལྟོས་ནས་དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་སྟོན་ནུས་པའི་ཡི་གེ་གཅིག་ཀྱང་མེད་པས། དེས་ན་མཁས་པ་ཆེན་པོ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། མ་ནིང་ད་ཡིག་བདག་དངོས་དང༌། བདག་དང་འབྲེལ་བའི་ལས་ལ་མི་འཇུག་པ་གསུངས་པ་ནི། རིན་ཐང་བྲལ་བའི་ལེགས་བཤད་དུ་གོའོ།། འོ་ན་སྔོན་འཇུག་གི་མ་ནིང་ག་ཡིག་ཀྱང༌། གཅད་བྱ་གཅོད་བྱེད་སོགས་མང་པོ་ཞིག་ལ་ག་ཡིག་ཁྱད་མེད་དུ་སྔོན་འཇུག་ཐོབ་ཅིང༌། ག་ཡིག་གི་ནུས་པས་དངོས་པོ་བདག་གཞན་གྱི་ཁྱད་པར་ཕྱེད་མི་ནུས་པས། དེ་ཡང་དངོས་པོ་བདག་དངོས་དང་དེ་དང་འབྲེལ་བའི་ལས་གོ་བྱེད་དུ་མི་འཇུག་པར་ཐལ་ལོ།། ཞེ་ན། ཤིན་ཏུ་མི་མཚུངས་ཏེ། དཔེར་ན། ཤིང་གཅད་བྱ། གཅོད་བྱེད། བཅད་ཟིན། ལྟ་བུའི་བྱ་བ་དང་མ་འོངས་པ་ལ་ན་རོ་མེད་པའི་གཅད་རྐྱང༌། ད་ལྟ་བ་དང་དངོས་པོ་བདག་དངོས། བདག་དང་འབྲེལ་བའི་ལས་བཅས་ལ་ན་རོ་ཡོད་པའི་ག་གཅོད། འདས་པ་ལ་བ་འཕུལ་ཅན་གྱི་བཅད་ཐོབ་པས། ག་ཡིག་གི་ནུས་པས་འདས་པ་ལ་མི་འཁྲུལ། ན་རོའི་ནུས་པས་མ་འོངས་པ་དང་བྱ་ཡུལ་ལ་མི་འཁྲུལ་བར་གོ་ནུས། རིགས་པས་དཔྱད་བྱ། དཔྱོད་པོ། དཔྱོད་པར་བྱེད། དཔྱད་ཚར་ལྟ་བུ། འབྲི་ཚེ་ཚིག་གྲོགས་ལ་མ་བལྟོས་པར་སྔོན་འཇུག་གི་ནུས་པས་འདས་མ་འོངས་ཀྱི་ཁྱད་པར་ཕྱེ་མི་ཐུབ། ན་རོ་ལ་མ་བལྟོས་པར་དངོས་པོ་བདག་དངོས་སམ་བདག་དང་འབྲེལ་བའི་བྱ་བ་གཉིས་པོ་དེ་བྱ་ཡུལ་དང་བྱ་བ་གཉིས་ཀྱི་ཁྱད་པར་ཕྱེ་མི་ཐུབ་པས། སྔ་མའི་དུས་གསུམ་བདག་གཞན་གྱི་ཁྱད་པར་དེ་སྔོན་འཇུག་ག་དང་བ། ན་རོ་བཅས་ལ་བརྟེན་ནས་ཕྱེས་ཡོད་ལ། ཕྱི་མས་ནི་ན་རོ་གཅིག་པོ་ལས་གཞན་སྔོན་འཇུག་ད་ཡིག་གིས་བདག་གཞན་དུས་གསུམ་གྱི་ཁྱད་པར་ཏིལ་འབྲུ་ཙམ་ཡང་ཕྱེས་མེད་དོ།། མདོར་ན་སྔོན་འཇུག་གི་གཟུགས་འགྱུར། ལམ་སོགས་བཀག་དང་དགག་འགོག་ལྟ་བུའི་རིགས་མང་པོ་ཞིག་ལ་བདག་དངོས་སམ་བདག་དང་འབྲེལ་བའི་ལས་ལ་སྔོན་འཇུག་གི་མ་ནིང་ད་ཡིག་འཇུག་མི་འཇུག་དོགས་པ་མི་དགོས་ལ། སྔོན་འཇུག་གི་གཟུགས་མི་འགྱུར་བའི་བྱ་ཚིག་དཔྱད། དཔྱོད། དཔྱངས། དཔྱོང་སོགས་ཀྱི་སྔོན་འཇུག་གཟུགས་མི་འགྱུར་བ་ཡིན་པས། དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་ལ་ཐོབ་པ་ཙམ་ལས། བདག་གཞན་གྱི་ཁྱད་པར་འཇོག་པའི་ནུས་པ་ཐོན་པའི་སྒོ་ནས་མི་འཇུག་གོ། འོ་ན་རྩ་བ། མ་ནིང་གཉིས་ཀ་ད་ལྟ་ཆེད།། ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་དཔྱོད་པ་པོ་དང་དཔྱོད་བྱེད་སོགས་སྔོན་འཇུག་གི་གཟུགས་མི་འགྱུར་བའི་བྱ་ཚིག་མང་པོ་ཞིག་དངོས་པོ་བདག་དངོས་དང་བདག་དང་འབྲེལ་བའི་ལས་ལ་བདག་གཞན་གྱི་ཁྱད་པར་ཕྱེ་བའི་ནུས་པ་མི་ཐོན་པའི་སྒོ་ནས་སྔོན་འཇུག་ད་ཡིག་ཐོབ་པ་ཙམ་ལ་དགོངས་པའི་ཕྱིར། འགའ་ཞིག་གིས། གད་མོ་དགད་བྱ། དགོད་བྱེད། བགད་ཅེས་པ་ལྟ་བུ་སྔོན་འཇུག་ད་ཡིག་གི་ནུས་པས་བདག་དངོས་དང་བདག་དང་འབྲེལ་བའི་ལས་བསྟན་པ་མ་ཡིན་ནམ་སྙམ་སྲིད་ཀྱང༌། དེ་ནི་ཆོས་ཅན་མ་གྲུབ་པ་ཡིན་ཏེ། གད་མོ་རྒོད་པ་པོ། རྒོད་བྱེད། བགད་བྱ་བགད་པར་བྱ། བགད་ཟིན། ལྟ་བུ་འབྲི་ན་མ་གཏོགས། དགོད་ཅེས་པ་གད་མོ་དགོད་པའི་དངོས་པོ་བདག་ཡིན་པ་ཚད་ལྡན་གྱི་བརྡ་སྤྲོད་རིག་པའི་གཞུང་གང་ནའང་མེད་དོ།། འོ་ན་གད་མོ་དགོད་ཅེས་པ་ཡིག་རྙིང་སྤྱི་དང་ཟ་མ་ཏོག་དང་ངག་སྒྲོན་རྣམས་སུ་འབྱུང་བ་རྣམས་ཇི་ལྟར་ཡིན་ཞེ་ན། དེ་ནི་གད་མོ་རྒོད་པའི་དངོས་པོ་བདག་གཞན་དང་དུས་གསུམ་གྱི་ཁྱད་པར་མ་ཕྱེ་བར་རྒོད་པའི་མིང་ཙམ་ལ་འཇུག་པ་ཡིན་ཏེ། དཔེར་ན། བསྐྱབ་བྱ། བསྐྱབས་ཟིན། སྐྱོབས་ཤིག སྐྱོབ་པར་བྱེད། སྐྱོབ་བྱེད་ལྟ་བུའི་དུས་གསུམ་བྱ་བྱེད་བསྐུལ་ཚིག་གི་ཁྱད་པར་དུ་མ་བྱས་པར་སྐྱབས་ཞེས་པ་སྤྱི་མིང་ཡིན་པ་བཞིན་ནོ། ཞ་ལུའི་ཟ་མ་ཏོག་ཏུ། གད་མོ་དགོད་ཅེས་དང༌། ངག་སྒྲོན་ལས། དགྱེས་པའི་དགོད། ཅེས་དང༌། དེའི་མཆན་འགྲེལ་ཞེ་ཆེན་དྲུང་ཡིག་གི་ཚིག་གསལ་དུ་ཡང་དགོད་མོ་ཤོར། ཞེས་བཀོད་པ་ཙམ་ལས་བྱ་བྱེད་བདག་གཞན་གྱི་ཁྱད་པར་ཟུར་ཙམ་ཡང་ཕྱེས་མེད་དོ།། དེར་མ་ཟད་དགོད་པའི་དུས་གསུམ་བདག་གཞན་གྱི་ཁྱད་པར་མ་ཕྱེས་པར་མིང་ཙམ་ལ་ཡང་དགོད་ལས་རྒོད་ཅེས་པ་འབྲི་སྲོལ་ཤིན་ཏུ་མང་ཞིང༌། དགོད་ཅེས་པ་བྱེད་ལས་གསལ་བྱེད་ལྟར་ཞོག་སྤྱིར་མིང་ཙམ་ལ་འཇུག་པའི་འབྲི་སྲོལ་ཡང་ཤིན་ཏུ་ཉུང་སྟཻ། དཔེར་ན། ཧ་ཧ་རྒོད་པའི་དུར་ཁྲོད། ཅེས་དང༌། དབྱངས་ཅན་དགྱེས་གླུུར། ཁྱབ་འཇུག་ཚངས་མགོ་བྲེགས་པའི་དཔལ་ལ་རྒོད།། ཅེས་དང༌། ཡང༌། ཉམས་ལྡན་གྱི་རྒྱན་གྱི་སྐབས་སུ། ནང་དུ་རྒོད་བྲོ་བས་ཕྱི་རོལ་ཏུ་བཞད་གད་ཀྱི་ཉམས་སོ། །ཞེས་དང༌། མངོན་པ་མཛོད་ལས་ཀྱང་རྒོད་ཅེས་འབྱུང་བ་དང༌། རྗེ་དགེ་འདུན་རྒྱ་མཚོའི་དམག་ཟོར་མའི་གསོལ་ཀར། རྒོད་བྱེད་ཧ་ཧ་ནག་མོ་ཁྱེད།། ཅེས་དང༌། དཔལ་ལྡན་ས་སྐྱའི་གུར་མགོན་བསྐང་གསོ་རྣམས་སུ་ཧ་ཧ་རྒོད་པའི་དུར་ཁྲོད། ཅེས་དང༌། འཇམ་དཔལ་མཚན་བརྗོད་ལས། ཧ་ཧ་ཞེས་རྒོད་པ།། རྒོད་ཆེན་ཧ་ཧ་ཞེས་སྒྲོག་པ། སོགས་ཤིན་ཏུའང་མང་ངོ༌།། དགོད་པའི་མིང་ཙམ་ལའང་དགོད་ལས་རྒོད་འབྲི་སྲོལ་རྒྱུགས་ཆེ་བ་སྔོན་གྱི་གསུང་རབ་རྣམས་ལས་ཤེས་ནུས་མོད། དེ་ལྟ་ན་ཡང་མིང་ཙམ་གྱི་སྐབས་གང་ཞིག་བྲིས་ཀྱང་མི་རུང་བ་མེད་དོ།། ཕྱིས་ཀྱི་དག་ཡིག་འགའ་ཞིག་ལ་མགོ་མ་འཁོར་བར་གསུར་རབ་ཀྱི་བརྡ་ཆད་དང༌། ཞ་ལུ༌། རྔོག་ལོ། ཤོང་དཔང་སོགས་ཀྱི་ལེགས་བཤད་རྣམས་ལ་ཞིབ་ཏུ་གཟིགས་ན། ད་གཟོད་མིང་གི་འཇུག་པ་མང་པོ་ཞིག་ལ་ལྟ་བའི་རྣམ་དཔྱོད་ཀྱི་བློ་མིག་གསར་པ་ཞིག་རྙེད་རྒྱུ་ཡོད་དོ།། གནད་འདི་དག་གི་གཏིང་ཇི་ལྟ་བ་བཞིན་དུ་མ་དཔོག་པར་རྗེས་འབྲངས་ཀྱི་འགྲེལ་བྱེད་མཁས་པ་ཁ་ཅིག མཁས་པ་ཆེན་པོ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། མ་ནིང་ད་ནི་བདག་དངོས་དང༌།། བདག་དང་འབྲེལ་བའི་ལས་མི་འཇུག། གསུངས་པའང་མི་འཐད་པར་རྟོགས་སླའོ། ཞེས་དང༌། རྟགས་འཇུག་བཤད་སྦྱར་མའི་དགོངས་འགྲེལ་རབ་གསལ་སྣང་བར། འདིའི་སྐབས་ཀྱི་དཀའ་བའི་གནད་ལ་ཅི་ཡིན་དང་འདི་ཡིན་ཚིག་ཟུར་ཙམ་ཡང་མ་གླེང་བར་ཟུར་འཇོག་གི་སྒོ་ནས་མ་ནིང་ད་ཡིག་བདག་དངོས་དང་བདག་ལ་འབྲེལ་པའི་ལས་ལ་འཇུག་པའི་དཔེར་བརྗོད། སྐུད་པ་དཀྲི་བ་པོ། དཀྲི་བྱེད། ཞོ་དཀྲོག་པ་པོ། དཀྲོག་བྱེད་སོགས་མང་པོ་ཞིག་བཀོད་པ་མཛད་པ་རྣམས། སྔོན་འཇུག་ད་ཡིག་གི་ནུས་པས་བདག་དངོས་དང་བདག་དང་འབྲེལ་བའི་བྱ་བ་ཏིལ་འབྲུ་ཙམ་ཡང་བསྟན་པ་མེད་པ་གོང་དུ་བཤད་པ་ལྟར་རོ།། དེ་ལ་བརྟེན་ནས་ཕྱིས་ཀྱི་རྗེས་འབྲངས་མཁས་པ་མང་པོ་རི་བོང་གི་གཅལ་ལྟར་འགྲེལ་བྱེད་སྔ་མའི་ཟེར་སྒྲོས་ཙམ་ལ་ཚད་མར་འཛིན་ཏེ། ཅུང་ཟད་ཙམ་ཡང་མ་དཔྱད་པ་དང༌། འགའ་ཞིག་ཚེ་ཏན་ཞབས་དྲུང་གིས་དཔྱོད་པ་བྱེད་ཁུལ་བྱས་ཀྱང་དཔྱོད་པའི་གཏིང་མ་དཔོག་པར། རྩ་བར་ག་ད་གཉིས་ཁྱད་མེད་པར་བདག་གཞན་གཉིས་ཀ་ལ་འཇུག་པ་གསལ་བར་གསུངས་བཞིན་དུ། དཀྲི་བ་པོ། དཀྲུ་བ་པོ། དགར་བ་པོ། དགོད་བྱེད། དཔྱོད་བྱེད། དཔོག་བྱེད༌། སོགས་གྲངས་ཀྱིས་མི་ལང་བས་བདག་གཞན་གཉིས་སུ་ཕྱེ་བའི་བདག་དངོས་དང་བདག་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་འདི་དག་པྲ་ཏིས་མི་བཞེད་པ་ག་ལ་ཡིན། དེའི་ཕྱིར་ཚིག་དེ་གཉིས་ལ་ཡི་གེ་མ་དག་པའི་ལྷད་སྐྱོན་ཞིག་ཡོད་ངེས་པས་ཁ་ཚོན་གཅོད་མི་སྔ་བར་ཞིབ་ཏུ་དཔྱད་པར་བྱའོ། །ཞེས་དགོངས་གཞིའམ་དཔྱད་གཞིར་མཛད་པ་ནི། མ་ནིང་ག་ཡིག་བདག་གཞན་གཉིས་ཀ་ལ་ཁྱད་མེད་དུ་འཇུག་པ་ལོགས་སུ་བཤད་དེ། ད་ཡིག་དངོས་པོ་གཞན་དངོས་དང་གཞན་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་དང་བཅས་པ་གསལ་བར་བཀོད་ནས། བདག་དངོས་དང་བདག་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་ཟུར་ཙམ་ཡང་མེད་པའི་སྔ་ཕྱིའི་ཚིག་བབས་ལ་ལེགས་པར་གཟིགས་ན་ཡིག་ནོར་ཐེབས་སྟངས་ཤིག་ཡོད་ཨེ་སྲིད་སོམས་ཤིག གཙོས་གསེར་ཁྲིའི་རྟགས་འགྲེལ་དུ། པྲ་ཏིས་ད་ཡིག་བདག་ལ་མི་འཇུག་པའི་རྒྱུ་མཚན་འདི་ཡིན་ཞེས་གསལ་བར་མ་གསུངས་ཀྱང༌། དཔྱོད་པ་པོ་ལྟ་བུ་བརྗོད་དོན་དེ་སྟོན་ཐུབ་པ་ལ་དགོངས་པ་ཡིན་ན་དེ་ནི་མི་འཐད་པར་མཐོང་སྟེ། གསུང་རབ་ཀྱི་བརྡ་ཆད་གང་དུའང་དེ་འདྲ་མི་འབྱུང་བའི་ཕྱིར། ཞེས་གསུངས་པ་ནི་གསུང་རབ་ཀྱི་བརྡ་ཆད་ལ་ཁུངས་གཏུགས་ཏེ་བརྟག་པར་མཛད་འདུག་པས་ཤིན་ཏུ་ལེགས་མོད་ཀྱང༌། སྐབས་དོན་པྲ་ཏིའི་དགོངས་ཚུལ་ལ་འབེན་ཤར་ཕྱོགས་དང༌། མདའ་ནུབ་ཕྱོགས་ལྟར་སོང་འདུག་པ་གོང་དུ་ཁོ་བོས་བྱས་པའི་འགྲེལ་བཤད་ལ་བརྟེན་ནས་ཤེས་སླའོ།། གནད་འདིའི་དོན་གྱི་གཞིན་རས་དངོས་གནས་མཐོང་མཁན་ནི་གདན་སའི་མཁས་པ་དགེ་བའི་བཤེས་གཉེར་ཆེན་པོ་དཔལ་ལྡན་གྲགས་པ་དང༌། ཝཱ་ཎིའའི་མཁས་པ་འགོས་ལོ་པདྨ་རྒྱལ་མཚན་ཙན་དུ་ཟད་དེ། གཞན་དུ་གནད་འདི་དག་ལ་ད་ཕན་མཁས་པ་མང་པོས་དགག་ཕྱོགས་བཟུང་བ་དང༌། མ་དཔྱོད་པའམ། ཅུང་ཟད་དཔྱོད་པའམ། ལོག་པར་དཔྱོད་པ་འབའ་ཞིག་ལས་ཡིན་ལུགས་ཇི་ལྟ་བ་བཞིན་བཀྲལ་མཁན་བྱུང་མེད་ལ། འདི་ནི་ཁོ་བོས་ཞིབ་ཏུ་དཔྱོད་དེ་མཁས་པ་ཆེན་པོ་པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་དགོངས་པའི་དོན་གྱི་འབེན་ལ་མཐར་གྱིས་འབིགས་པའི་ལེགས་བཤད་ཀྱི་སྐྱེས་བཟང་རིན་ཐང་བྲལ་བ་ཞིག་ཡིན་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་གཟུ་བོར་གནས་པའི་སྒོ་ནས་བརྟགས་ཤིང་དཔྱོད་དེ་ཡི་རང་འབུམ་ཕྲག་གིས་མགུ་བ་མཛོད་ཅིག། ཤེས་བྱའི་ནམ་འཕང་གཅོད་ལ་མི་ཞུམ་པའི།། སྔོན་བྱོན་མཁས་མང་ཉི་གཞོན་འབུམ་ཕྲག་གི།། ལེགས་བཤད་ཚ་ཟེར་རྣོན་པོ་སྤྲོས་པ་ཡིས།། མ་འབིགས་གཞུང་དོན་བ་ཀུ་ལ་མི་འདབ།། སྐྱེས་སྟོབས་རྣམ་དཔྱོད་ལང་ཚོ་རབ་སྒེག་ཅིང༌།། སྦྱངས་སྟོབས་ཐོས་བསམ་བཞིན་རས་འཛུམ་པ་ཡིས།། ཉམས་མྱོང་མཛེས་མའི་འགྲམ་ཆང་འཐོར་བའི་ཆུས།། ལྷུག་པོར་གྲོལ་འདི་སྔོན་གྱི་སྐལ་བའི་ལས།། མ་བརྟག་མཁས་པའི་གསུང་སྒྲོས་ལ།། ཐལ་ཕྱག་མཛད་པ་བླུན་པོའི་ལུགས།། ལན་བརྒྱར་དཔྱོད་པའི་ངལ་བ་ཡིས།། གཏན་ལ་འབེབས་པ་མཁས་པའི་སྲོལ།།
༣ སྔོན་འཇུག་གི་མོ་ཡིག་འ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
སྔོན་འཇུག་གི་མོ་ཡིག་འ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ། རྩ་བར། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་གསུངས་ཏེ་སྔོན་འཇུག་ལྔའི་ནང་ནས་མོ་ཡིག་འ་ནི་དངོས་པོ་བདག་གཞན་གཉིས་ཀྱི་ནང་ནས་གཙོ་བོར་བདག་དང་དུས་གསུམ་གྱི་ནང་ནས་གཙོ་བོར་མ་འོངས་པ་སྟོན་པའི་ཕྱིར་དུ་འཇུག་གོ། ཞེས་པའོ།། ༈ སྔོན་འཇུག་གི་མོ་ཡིག་འ་དངོས་པོ་བདག་ལ་འཇུག་པ་ནི། བྱེད་པ་པོ་དང༌། བྱེད་པ་ཕལ་པ། བྱེད་པའི་ལས་གསུམ་ལས། དང་པོ་བྱེད་པ་པོ་གཙོ་བོ་ལ་འཇུག་པ་ནི། དཔེར་ན། སྐུད་པ་འཁལ་བ་པོ། ཁལ་འཁེལ་བ་པོ། ཐག་པས་འཁྱིག་པ་པོ། ཡུམ་ལ་འཁྱུད་པ་པོ། ལས་གནས་སུ་འཁྱུར་བ་པོ། ཕོ་མོ་འཁྲིག་པ་པོ། སྤྲིན་འཁྲིགས་པ་པོ། ལམ་དུ་འཁྲིད་པ་པོ། གཞན་ལ་འཁྲུལ་བ་པོ། གོས་འཁྲུ་བ་པོ། གོས་འཁྲུད་པ་པོ། འཁོར་བ་ལ་འཁྲེན་པ་པོ། རོལ་མོ་འཁྲོལ་བ་པོ། ༈ རྩམ་པ་འགམ་པ་པོ། གཞུ་འགུག་པ་པོ། དགྲ་བོ་འགུམ་པ་པོ། ཆུས་འགེངས་པ་པོ། ཐོག་འགེབས་པ་པོ། མགོ་འགེམས་པ་པོ། ཁལ་འགེལ་བ་པོ། དགྲ་འགོག་པ་པོ། ཐོ་འགོད་པ་པོ། ཐེམ་པ་འགོམ་པ་པོ། གཡུལ་འགྱེད་པ་པོ། ས་ལ་འགྱེལ་བ་པོ། ཤུགས་ཀྱིས་འགྱོག་པ་པོ། གཞན་ལ་འགྲན་པ་པོ། གཅལ་དུ་འགྲམ་པ་པོ། འཁོན་གྱིས་འགྲས་པ་པོ། བརྩོན་པས་འགྲུས་པ་པོ། འཆིངས་ཐག་འགྲོལ་བ་པོ། ༈ ཞབས་ཀྱིས་འཆག་པ་པོ། སྡིག་པ་འཆགས་པ་པོ། ལག་ཏུ་འཆང་བ་པོ། ཆོས་འཆད་པ་པོ། ཐག་པ་འཆད་པ་པོ། ཉེས་པ་འཆབ་པ་པོ། ལྷ་འཆམས་པ་པོ། གནས་འཆའ་བ་པོ། སྐྱོན་འཆའ་བ་པོ། དམ་འཆའ་བ་པོ། ཐག་པ་འཆིང་བ་པོ། རྟ་ལ་འཆིབ་པ་པོ། གོས་འཆིར་བ་པོ། སྐེ་འཆུ་བ་པོ། ཕྱོགས་གཅིག་ཏུ་འཆུན་པ་པོ། རྩ་འཆུས་པ་པོ། ཁས་འཆེ་བ་པོ། བཤད་པ་འཆོར་བ་པོ། སྐྱོན་འཆོས་པ་པོ། ༈ ལྟོ་འཇང་བ་པོ། ནོར་ལ་འཇབ་པ་པོ། བུ་ལོན་འཇལ་བ་པོ། བློ་ཡིས་འཇལ་བ་པོ། ཉེས་ཅན་འཇུ་བ་པོ། ནང་དུ་འཇུག་པ་པོ། ཆག་པ་འཇུན་པ་པོ། ལས་ཀ་འཇུམ་པ་པོ། འོག་ཏུ་འཇུར་བ་པོ། འོ་མ་འཇོ་བ་པོ། གོང་དུ་འཇོག་པ་པོ། དགྲ་འཇོམས་པ་པོ། ༈ རས་འཐག་པ་པོ། རྩམ་པ་འཐག་པ་པོ། དགྲ་ལ་འཐབ་པ་པོ། གཉེན་ལ་འཐམས་པ་པོ། མེ་ཏོག་འཐུ་བ་པོ། ཀུན་ལས་འཐུ་བ་པོ། ཇ་འཐུང་བ་པོ། ཤིང་ཏོག་འཐོག་པ་པོ། ཕྱོགས་སུ་འཐོན་པ་པོ། འབྲས་བུ་འཐོབ་པ་པོ། ཐག་པ་འཐེན་པ་པོ། ༈ དཔོན་པོ་འདམ་པ་པོ། འཁོལ་ནས་འདལ་བ་པོ། གདན་འདིང་བ་པོ། ལྷ་ལ་འདུད་པ་པོ། སེམས་འདུལ་བ་པོ། གྱེན་དུ་འདེགས་པ་པོ། རྗེས་སུ་འདེད་པ་པོ། གསོལ་བ་འདེབས་པ་པོ། དཔོན་འདེམ་པ་པོ། རྒྱན་ཆ་འདོགས་པ་པོ། ཡི་གེ་འདོན་པ་པོ། གཞན་ལ་འདོམ་པ་པོ། ཉེས་པ་འདོར་བ་པོ། རས་འདྲ་བ་པོ། ས་འདྲད་པ་པོ། ལྟོ་འདྲལ་བ་པོ། དོགས་པ་འདྲི་བ་པོ། བསླུས་ནས་འདྲིད་པ་པོ། གཅིག་ཏུ་འདྲིལ་བ་པོ། ས་འདྲུ་བ་པོ། ཁབ་ཀྱིས་འདྲུབ་པ་པོ། གྱེན་དུ་འདྲེན་པ་པོ། གདན་འདྲོང་བ་པོ། ༈ མདའ་འཕེན་པ་པོ། གཞན་ལ་འཕྱ་བ་པོ། གད་འཕྱག་པ་པོ། ཅོག་ཙེ་འཕྱི་བ་པོ། ༈ ཨི་ཁུང་འབིགས་པ་པོ། ཕྱི་ལ་འབུད་པ་པོ། གུར་འབུབས་པ་པོ། ལྷ་ལ་འབུལ་བ་པོ། ཆར་འབེབས་པ་པོ། ཆུ་འབོ་བ་པོ། ཆུ་འབོག་པ་པོ། ལུང་འབོག་པ་པོ། སྐད་ཀྱིས་འབོད་པ་པོ། ཆུ་ལ་འབྱིང་བ་པོ། སྣབས་འབྱིད་པ་པོ། མདུན་ཅོག་འབྱིད་པ་པོ། རྨ་འབྱིན་པ་པོ། མགོ་འབྱིལ་བ་པོ། སྣུམ་འབྱུག་པ་པོ། རྒྱུ་ལས་འབྱུང་བ་པོ། དབྱེ་བ་འབྱེད་པ་པོ། ཐུར་དུ་འབྱོར་བ་པོ། ཞོ་འབྱོགས་པ་པོལྡག་པ༌། ལྕག་གིས་འབྲབ་པ་པོ། ཡི་གེ་འབྲི་བ་པོ། ས་འབྲུ་བ་པོ། སྐྲ་འབྲེག་པ་པོ། ༈ འབྲི་འཚག་པ་པོ། གསེབ་ཏུ་འཚང་བ་པོ། ནོར་འཚོང་བ་པོ། ཟས་འཚོད་པ་པོ། ནོར་འཚོལ་བ་པོ། ༈ ནོར་འཛད་པ་པོ། དགྲ་ལ་འཛིང་བ་པོ། བློ་ལ་འཛིན་པ་པོ། ཤིང་འཛུགས་པ་པོ། ནང་དུ་འཛུད་པ་པོ། ཁ་འཛུམ་པ་པོ། ཟུར་དུ་འཛུར་བ་པོ། སྐས་ལ་འཛེགས་པ་པོ། གྱེན་ལ་འཛེད་པ་པོ། དུག་ལ་འཛེམ་པ་པོ། མདུང་གིས་འཛེར་བ་པོ། ལྟ་བུའོ།། ༈ དེ་དག་གི་བྱེད་པ་ཕལ་པ་ལ་འཇུག་པ་ནི། དཔེར་ན། སྐུད་པ་འཁལ་བྱེད། ཁལ་འཁེལ་བྱེད། ཐག་པས་འཁྱིག་བྱེད། ཡུམ་ལ་འཁྱུད་བྱེད། ལས་གནས་སུ་འཁྱུར་བྱེད། ཕོ་མོ་འཁྲིག་བྱེད། སྤྲིན་འཁྲིགས་བྱེད། ལམ་དུ་འཁྲིད་བྱེད། གཞན་ལ་འཁྲིལ་བྱེད། གོས་འཁྲུ་བྱེད། གོས་འཁྲུད་བྱེད། འཁོར་བ་ལ་འཁྲེན་བྱེད། རོལ་མོ་འཁྲོལ་བྱེད། ༈ རྩམ་པ་འགམ་བྱེད། གཞུ་འགུག་བྱེད། དགྲ་བོ་འགུམ་བྱེད། ཆུས་འགེངས་བྱེད། ཐོག་འགེབས་བྱེད། མགོ་འགེམས་བྱེད། ཁལ་འགེལ་བྱེད། དགྲ་འགོག་བྱེད། ཐོད་འགོད་བྱེད། ཐེམ་པ་འགོམ་བྱེད། གཡུལ་འགྱེད་བྱེད། ས་ལ་འགྱེལ་བྱེད། ཤུགས་ཀྱིས་འགྱོག་བྱེད། གཞན་ལ་འགྲན་བྱེད། ཅལ་དུ་འགྲམ་བྱེད། འཁོན་གྱིས་འགྲས་བྱེད། བརྩོན་པས་འགྲུས་བྱེད། འཆིངས་ཐག་འགྲོལ་བྱེད། ༈ ཞབས་ཀྱིས་འཆག་བྱེད། སྡིག་པ་འཆག་བྱེད། ལག་ཏུ་འཆང་བྱེད། ཆོས་འཆད་བྱེད། ཐག་པ་འཆད་བྱེད། ཉེས་པ་འཆབ་བྱེད། ལྷ་འཆམས་བྱེད། གནས་འཆའ་བྱེད། སྐྱོན་འཆའ་བྱེད། དམ་འཆའ་བྱེད། ཐག་པས་འཆིང་བྱེད། རྟ་ལ་འཆིབ་བྱེད། གོས་འཆིར་བྱེད། སྐེ་འཆུ་བྱེད། ཕྱོགས་གཅིག་ཏུ་འཆུན་བྱེད། རྩ་འཆུས་བྱེད། ཁས་འཆེ་བྱེད། བཤད་པ་འཆོར་བྱེད། སྐྱོན་འཆོས་བྱེད། ༈ ལྟོ་འཇང་བྱེད། ནོར་ལ་འཇབ་བྱེད། བུ་ལོན་འཇལ་བྱེད། བློ་ཡིས་འཇལ་བྱེད། ཉེས་ཅན་འཇུ་བྱེད། ནང་དུ་འཇུག་བྱེད། ཆག་པ་འཇུན་བྱེད། ལས་ཀ་འཇུམ་བྱེད། འོག་ཏུ་འཇུར་བྱེད། འོ་མ་འཇོ་བྱེད། གོང་དུ་འཇོག་བྱེད། དགྲ་འཇོམས་བྱེད། ༈ རས་འཐག་བྱེད། རྩམ་པ་འཐག་བྱེད། དགྲ་ལ་འཐབ་བྱེད། གཉེན་ལ་འཐམས་བྱེད། མེ་ཏོག་འཐུ་བྱེད། ཀུན་ལས་འཐུ་བྱེད། ཇ་འཐུང་བྱེད། ཤིང་ཏོག་འཐོག་བྱེད། ཕྱོགས་སུ་འཐོན་བྱེད། འབྲས་བུ་འཐོབ་བྱེད། ཐག་པ་འཐེན་བྱེད། ༈ དཔོན་པོ་འདམ་བྱེད། འཁོལ་ནས་འདལ་བྱེད། གདན་འདིང་བྱེད། ལྷ་ལ་འདུད་བྱེད། སེམས་འདུལ་བྱེད། གྱེན་དུ་འདེགས་བྱེད། རྗེས་སུ་འདེད་བྱེད། གསོལ་བ་འདེབས་བྱེད། དཔཽན་འདེམ་བྱེད། རྒྱན་ཆ་འདོགས་བྱེད། ཡི་གེ་འདོན་བྱེད། གཞན་ལ་འདོམ་བྱེད། ཉེས་བྱེད་འདོར་བྱེད། རས་འདྲ་བྱེད། ས་འདྲད་བྱེད། ལྟོ་འདྲལ་བྱེད། དོགས་པ་འདྲི་བྱེད། བསླུས་ནས་འདྲིད་བྱེད། གཅིག་ཏུ་འདྲིལ་བྱེད། ས་འདྲུ་བྱེད། ཁབ་ཀྱིས་འདྲུབ་བྱེད། གྱེན་དུ་འདྲེན་བྱེད། གདན་འདྲོང་བྱེད། ༈ མདའ་འཕེན་བྱེད། གཞན་ལ་འཕྱ་བྱེད། གད་འཕྱག་བྱེད། ཅོག་ཙེ་འཕྱི་བྱེད། ༈ ཨི་ཁུང་འབིགས་བྱེད། ཕྱི་ལ་འབུད་བྱེད། གུར་འབུབས་བྱེད། ལྷ་ལ་འབུལ་བྱེད། ཆར་འབེབས་བྱེད། ཆུ་འབོ་བྱེད། ཆུ་འབོག་བྱེད། ལུང་འབོག་བྱེད། སྐད་ཀྱིས་འབོད་བྱེད། ཆུ་ལ་འབྱིང་བྱེད། སྣབས་འབྱིད་བྱེད། མདུན་ཅོག་འབྱིད་བྱེད། རྨ་འབྱིན་བྱེད། མགོ་འབྱིལ་བྱེད། སྣུམ་འབྱུག་བྱེད། རྒྱུ་ལས་འབྱུང་བྱེད། དབྱེ་བ་འབྱེད་བྱེད། ཐུར་དུ་འབྱོར་བྱེད། ཞོ་འབྱོགས་བྱེདལྡག་པ་། ལྕག་གིས་འབྲབ་བྱེད། ཡི་གེ་འབྲི་བྱེད། ས་འབྲུ་བྱེད། སྐྲ་འབྲེག་བྱེད། ༈ འབྲི་འཚག་བྱེད། གསེབ་ཏུ་འཚང་བྱེད། ནོར་འཚོང་བྱེད། ཟས་འཚོད་བྱེད། ནོར་འཚོལ་བྱེད། ༈ གཞུང་མཛད་བྱེད། དགྲ་ལ་འཛིང་བྱེད། བློ་ལ་འཛིན་བྱེད། ཤིང་འཛུགས་བྱེད། ནང་དུ་འཛུད་བྱེད། ཁ་འཛུམ་བྱེད། ཟུར་དུ་འཛུར་བྱེད། སྐས་ལ་འཛེགས་བྱེད། གྱེན་དུ་འཛེད་བྱེད། དུག་ལ་འཛེམ་བྱེད། མདུང་གིས་འཛེར་བྱེད། ལྟ་བུའོ།། ༈ དེ་དག་གི་བྱེད་ལས་ལ་འཇུག་པ་ནི། དཔེར་ན། སྐུད་པ་འཁལ་བར་བྱེད། ཁལ་འཁེལ་བར་བྱེད། ཐག་པས་འཁྱིག་པར་བྱེད། ཡུམ་ལ་འཁྱུད་པར་བྱེད། ལས་གནས་སུ་འཁྱུརབར་བྱེད། ཕོ་མོ་འཁྲིག་པར་བྱེད། སྤྲིན་འཁྲིགས་པར་བྱེད། ལམ་དུ་འཁྲིད་པར་བྱེད། གཞན་ལ་འཁྲིལ་བར་བྱེད། གོས་འཁྲུ་བར་བྱེད། གོས་འཁྲུད་པར་བྱེད། འཁོར་བ་ལ་འཁྲེན་པར་བྱེད། རོལ་མོ་འཁྲོལ་བར་བྱེད། ༈ རྩམ་པ་འགམ་པར་བྱེད། གཞུ་འགུག་པར་བྱེད། དགྲ་བོ་འགུམ་པར་བྱེད། ཆུས་འགེངས་པར་བྱེད། ཐོག་འགེབས་པར་བྱེད། མགོ་འགེམས་པར་བྱེད། ཁལ་འགེལ་བར་བྱེད། དགྲ་འགོག་པར་བྱེད། ཐོད་འགོད་པར་བྱེད། ཐེམ་པ་འགོམ་པར་བྱེད། གཡུལ་འགྱེད་པར་བྱེད། ས་ལ་འགྱེལ་བར་བྱེད། ཤུགས་ཀྱིས་འགྱོག་པར་བྱེད། གཞན་ལ་འགྲན་པར་བྱེད། གཅལ་དུ་འགྲམ་པར་བྱེད། འཁོན་གྱིས་འགྲས་པར་བྱེད། བརྩོན་པས་འགྲུས་པར་བྱེད། འཆིང་ཐག་འགྲོལ་བར་བྱེད། ༈ ཞབས་ཀྱིས་འཆག་པར་བྱེད། སྡིག་པ་འཆགས་པར་བྱེད། ལག་ཏུ་འཆང་བར་བྱེད། ཆོས་འཆད་པར་བྱེད། ཐག་པ་འཆད་པར་བྱེད། ཉེས་པ་འཆབ་པར་བྱེད། ལྷ་འཆམས་པར་བྱེད། གནས་འཆའ་བར་བྱེད། སྐྱོན་འཆའ་བར་བྱེད། དམ་འཆའ་བར་བྱེད། ཐག་པས་འཆིང་བར་བྱེད། རྟ་ལ་འཆིབ་པར་བྱེད། གོས་འཆིར་བར་བྱེད། སྐེ་འཆུ་བར་བྱེད། ཕྱོགས་གཅིག་ཏུ་འཆུན་པར་བྱེད། རྩ་འཆུས་པར་བྱེད། ཁས་འཆེ་བར་བྱེད། བཤད་པ་འཆོར་བར་བྱེད། སྐྱོན་འཆོས་པར་བྱེད། ༈ ལྟོ་འཇང་བར་བྱེད། ནོར་ལ་འཇབ་པར་བྱེད། བུ་ལོན་འཇལ་བར་བྱེད། བློ་ཡིས་འཇལ་བར་བྱེད། ཉེས་ཅན་འཇུ་བར་བྱེད། ནང་དུ་འཇུག་པར་བྱེད། ཆག་པ་འཇུན་པར་བྱེད། ལས་ཀ་འཇུམ་པར་བྱེད། འོག་ཏུ་འཇུར་བར་བྱེད། འོ་མ་འཇོ་བར་བྱེད། གོང་དུ་འཇོག་པར་བྱེད། དགྲ་འཇོམས་པར་བྱེད། ༈ རས་འཐག་པར་བྱེད། རྩམ་པ་འཐག་པར་བྱེད། དགྲ་ལ་འཐབ་པར་བྱེད། གཉེན་ལ་འཐམས་པར་བྱེད། མེ་ཏོག་འཐུ་བར་བྱེད། ཀུན་ལས་འཐུ་བར་བྱེད། ཇ་འཐུང་བར་བྱེད། ཤིང་ཏོག་འཐོག་པར་བྱེད། ཕྱོགས་སུ་འཐོན་པར་བྱེད། འབྲས་བུ་འཐོབ་པར་བྱེད། ཐག་པ་འཐེན་པར་བྱེད། ༈ དཔོན་འདམ་པར་བྱེད། འཁོལ་ནས་འདལ་བར་བྱེདཕྱིར་ལུད་པ། གདན་འདིང་བར་བྱེད། ལྷ་ལ་འདུད་པར་བྱེད། སེམས་འདུལ་བར་བྱེད། གྱེན་དུ་འདེགས་པར་བྱེད། རྗེས་སུ་འདེད་པར་བྱེད། གསོལ་བ་འདེབས་པར་བྱེད། དཔཽན་འདེམ་པར་བྱེད། རྒྱན་ཆ་འདོགས་པར་བྱེད། ཡི་གེ་འདོན་པར་བྱེད། གཞན་ལ་འདོམ་པར་བྱེད། ཉེས་པ་འདོར་བར་བྱེད། རས་འདྲ་བར་བྱེད། ས་འདྲད་པར་བྱེད། ལྟོ་འདྲལ་བར་བྱེད། དོགས་པ་འདྲི་བར་བྱེད། བསླུས་ནས་འདྲིད་པར་བྱེད། གཅིག་ཏུ་འདྲིལ་བར་བྱེད། ས་འདྲུ་བར་བྱེད། ཁབ་ཀྱིས་འདྲུབ་པར་བྱེད། གྱེན་དུ་འདྲེན་པར་བྱེད། གདན་འདྲོང་བར་བྱེད། ༈ མདའ་འཕེན་པར་བྱེད། གཞན་ལ་འཕྱ་བར་བྱེད། གད་འཕྱག་པར་བྱེད། ཅོག་ཙེ་འཕྱི་བར་བྱེད། ༈ ཨི་ཁུང་འབིགས་པར་བྱེད། ཕྱི་ལ་འབུད་པར་བྱེད། གུར་འབུབས་པར་བྱེད། ལྷ་ལ་འབུལ་བར་བྱེད། ཆར་འབེབས་པར་བྱེད། ཆུ་འབོ་བར་བྱེད། ཆུ་འབོག་པར་བྱེད། ལུང་འབོག་པར་བྱེད། སྐད་ཀྱིས་འབོད་པར་བྱེད། ཆུ་ལ་འབྱིང་བར་བྱེད། སྣབས་འབྱིད་པར་བྱེད། མདུན་ཅོག་འབྱིད་པར་བྱེད། རྨ་འབྱིན་པར་བྱེད། མགོ་འབྱིལ་བར་བྱེད། སྣུམ་འབྱུག་པར་བྱེད། རྒྱུ་ལས་འབྱུང་བར་བྱེད། དབྱེ་བ་འབྱེད་བར་བྱེད། ཐུར་དུ་འབྱོར་བར་བྱེད། ཞོ་འབྱོགས་པར་བྱེདལྡག་པ་། ལྕག་གིས་འབྲབ་པར་བྱེད། ཡི་གེ་འབྲི་བར་བྱེད། ས་འབྲུ་བར་བྱེད། སྐྲ་འབྲེག་པར་བྱེད། ༈ འབྲུ་འཚག་པར་བྱེད། གསེབ་ཏུ་འཚང་བར་བྱེད། ནོར་འཚོང་བར་བྱེད། ཟས་འཚོད་པར་བྱེད། ནོར་འཚོལ་བར་བྱེད། ༈ གཞུང་མཛད་པར་བྱེད། དགྲ་ལ་འཛིང་བར་བྱེད། བློ་ལ་འཛིན་པར་བྱེད། ཤིང་འཛུགས་པར་བྱེད། ནང་དུ་འཛུད་པར་བྱེད། ཁ་འཛུམ་པར་བྱེད། ཟུར་དུ་འཛུར་བར་བྱེད། སྐས་ལ་འཛེགས་པར་བྱེད། གྱེན་དུ་འཛེད་པར་བྱེད། དུག་ལ་འཛེམ་པར་བྱེད། མདུང་གིས་འཛེར་བར་བྱེད། ལྟ་བུ། དེ་དག་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་ཡིན་ལ། ༈ བྱེད་པ་པོ་དངོས་སུ་ཡོད་ཀྱང་བྱ་བ་དང་ངོ་བོ་དབྱེ་བ་མེད་པའི་བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་ལ་འཇུག་པ་ནི། དཔེར་ན། གཞན་ལ་འཁང་བ་པོ། བརྒྱལ་ནས་འཁམས་པ་པོ། རྐང་བརྟེན་ལ་འཁར་བ་པོ། གནོད་པའི་འཁུ་བ་པོ། དབུགས་འཁུན་པ་པོ། བག་འཁུམས་པ་པོ། ཤེས་པའི་འཁུམས་པ་པོ། གཡོག་འཁུལ་བ་པོ། དགྲ་དང་འཁོན་པ་པོ། འཁོར་བར་འཁོར་བ་པོ། ཟུར་དུ་འཁོལ་བ་པོ། འཁོར་བར་འཁྱམ་པ་པོ། གཞན་དུ་འཁྱར་བ་པོ། ངག་འཁྱལ་བ་པོ། ཐག་པས་འཁྱིག་པ་པོ། ལས་གནས་ལས་འཁྱུར་བ་པོ། ཡུལ་ནས་འཁྱིས་བྲོས་པའི་དོན་པ་པོ། ལག་ཏུ་འཁྱེར་བ་པོ། མཐའ་འཁྱོང་བ་པོ། མགོ་འཐམ་ནས་འཁྱོམས་པ་པོ། ལུས་པོ་འཁྱོར་བ་པོ། མཐའ་འཁྱོལ་བ་པོ། འཁྲབ་པ་པོ། འགན་འཁྲི་བ་པོ། དམག་འཁྲུག་པ་པོ། སྐུ་འཁྲུངས་པ་པོ། བློ་འཁྲུལ་བ་པོ། སེམས་འཁྲེང་བ་པོ། འཁོར་བ་ལ་འཁྲེན་པ་པོ། སྒྲ་འཁྲོག་པ་པོ། ༈ མགོ་འགས་པ་པོ། ལུས་འགུལ་བ་པོ། ནད་འགོ་བ་པོ། ཡུན་རིང་འགོར་བ་པོ། དུས་འགྱང་བ་པོ། ཁྲི་ལ་འགྱིང་བ་པོ། ས་ལ་འགྱེལ་བ་པོ། ཁ་འགྱེས་པ་པོ། སྙིང་ནས་འགྱོད་པ་པོ། ལྟོ་འགྲང་བ་པོ། གྲ་འགྲིག་པ་པོ། མར་འགྲིབ་པ་པོ། ཚོང་ལམ་འགྲིམ་པ་པོ། ཐུར་དུ་འགྲིལ་བ་པོ། དོན་འགྲུབ་པ་པོ། ལམ་དུ་འགྲུལ་བ་པོ། གྱེན་དུ་འགྲེང་བ་པོ། ལམ་དུ་འགྲོ་བ་པོ། གྲོགས་དང་འགྲོགས་པ་པོ། སྐུ་འགྲོངས་པ་པོ། འཆིངས་ཐག་འགྲོལ་བ་པོ། ༈ ཁ་འཆམས་པ་པོ། ཁྲིམས་འཆལ་བ་པོ། མི་འཆི་བ་པོ། ངག་འཆོལ་བ་པོ། ༈ ཟས་འཇུ་བ་པོ། ལམ་དུ་འཇུག་པ་པོ། སེམས་ལ་འཇེབས་པ་པོ། གོས་ཀྱིས་འཐུམས་པ་པོ། རྐང་པ་འཐིང་བ་པོ། ཕྱོགས་སུ་འཐོན་པ་པོ། འབྲས་བུ་འཐོབ་པ་པོ། མགོ་འཐོམས་པ་པོ། ཁ་འཐོར་བ་པོ། ༈ མྱ་ངན་ལས་འདའ་པ་པོ། འཁྱགས་ནས་འདར་བ་པོ། འཁོལ་ནས་འདལ་བ་པོ། ཁ་འདིག་པ་པོ། གཅིག་ཏུ་འདུ་བ་པོ། ནང་དུ་འདུག་པ་པོ། ཁ་འདུམ་པ་པོ། ལམ་དུ་འདོང་བ་པོ། བློ་ལ་འདོད་པ་པོ། ལྗགས་འདྲིལ་བ་པོ། གོམས་ནས་འདྲིས་པ་པོ། འཁྱགས་ལ་འདྲེད་པ་པོ། ༈ གྱེན་དུ་འཕག་པ་པོ། དམག་འཕམ་པ་པོ། གྱེན་དུ་འཕར་བ་པོ། ཉེས་པས་འཕུང་བ་པོ། གནམ་ལ་འཕུར་བ་པོ། རིགས་པས་འཕུལ་བ་པོ། རང་རྐྱ་འཕེར་བ་པོ། འཆི་འཕོ་བ་པོ། ཐུར་དུ་འཕྱང་བ་པོ། ལམ་དུ་འཕྱན་པ་པོ། རྟེན་འབྲེལ་འཕྱུག་པ་པོ། གྱེན་དུ་འཕྱོ་བ་པོ། རྨ་འཕྲུག་པ་པོ། ༈ ཆུས་འབང་བ་པོ། ལམ་ལ་འབད་པ་པོ། སྐས་ལས་འབབ་པ་པོ། ལུག་འབའ་བ་པོ། སྐྲ་འབལ་བ་པོ། ཆོས་ལ་འབུང་བ་པོ། ཕྱི་ལ་འབུད་པ་པོ། སེམས་འབྱང་བ་པོ། ཆུ་ལ་འབྱིང་བ་པོ། མགོ་འབྱིལ་བ་པོ། ལམ་དུ་འབྱོན་པ་པོ། བྲོས་བྱོལ་དུ་འབྱོལ་བ་པོ། རྗེས་སུ་འབྲང་བ་པོ། ཁ་འབྲལ་བ་པོ། ཕན་ཚུན་འབྲེལ་བ་པོ། གཞན་དུ་འབྲོ་བ་པོ། ༈ གསེབ་ཏུ་འཚང་བ་པོ། བློ་འཚབ་པ་པོ། ན་ཚོད་འཚར་བ་པོ། ཕྱག་འཚལ་བ་པོ། མེས་འཚིག་པ་པོ། འདོད་པས་འཚེང་བ་པོ། གྲོགས་དང་འཛའ་བ་པོ། རྒོད་ནས་འཛུམ་པ་པོ། མཉམ་དུ་འཛོམ་པ་པོ། གོ་རིམ་འཛོལ་བ་པོ། ལྟ་བུ། དེ་རིགས་ལ་བྱེད་པ་པོ་དངོས་སུ་ཡོད། དེ་ཉིད་བྱ་བ་དང་དངོས་སུ་འབྲེལ་མོད། འོན་ཀྱང༌། འགྲོ་ལྟ་བུར་དཔེ་མཚོན་ན་འགྲོ་མཁན་ལས་ལོགས་སུ་འགྲོ་བྱ་མེད། འགྲོ་བྱ་ལས་ལོགས་སུ་འགྲོ་མཁན་མེད་པས་མཁས་པ་རྣམས་ཀྱིས་བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་ཞེས་འདོགས་པར་མཛད་དོ།། དེ་བཞིན་དུ་འཁོར་བར་འཁོར་ལྟ་བུ་འཁོར་བའང་རང་ཉིད་ཡིན་ལ་འཁོར་མཁན་ཡང་རང་ཉིད་ཡིན་པས་བྱེད་མེད་ལས་ཚིག་ཡིན་ནོ།། འདིའི་རིགས་ལ་དངུལ་ཆུ་ཡབ་སྲས་སོགས་མཁས་པ་རྣམས་ཀྱིས་བྱེད་པ་པོ་དངོས་སུ་ཡོད་པ་ལ་དགོངས་ནས། བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་དང༌། བདག་དོན་ཕལ་པ་ཞེས་བཏགས་པར་མཛད། ༈ སྔོན་འཇུག་གི་མོ་ཡིག་འ་བྱེད་ལས་མ་འོངས་པ་ལ་འཇུག་པ་ནི། བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་བྱེད་མེད་ལས་ཚིག་མ་འོངས་པ་ལ་འཇུག་པ་གཉིས་ལས། དང་པོ་བྱེད་འབྲེལ་ལས་ཚིག་མ་འོངས་པ་ལ་འཇུག་པ་ནི། དཔེར་ན། སྐུད་པ་འཁལ། ཁལ་འཁེལ། ཐག་པས་འཁྱིག ཡུམ་ལ་འཁྱུད། ལས་གནས་སུ་འཁྱུར༌། ཕོ་མོ་འཁྲིག སྤྲིན་འཁྲིགས། ལམ་དུ་འཁྲིད། གཞན་ལ་འཁྲིལ། གོས་འཁྲུ། འཁོར་བ་ལ་འཁྲེན། རོལ་མོ་འཁྲོལ། ༈ རྩམ་པ་འགམ། གཞུ་འགུག དགྲ་བོ་འགུམ། ཆུས་འགེངས། ཐོག་འགེབས། མགོ་འགེམས། ཁལ་འགེལ། དགྲ་འགོག ཐོ་འགོད། ཐེམ་པ་འགོམ། གཡུལ་འགྱེད། ས་ལ་འགྱེལ། ཤུགས་ཀྱིས་འགྱོག གཞན་ལ་འགྲན། གཅལ་དུ་འགྲམ། འཁོན་གྱིས་འགྲས། བརྩོན་པས་འགྲུས། འཆིངས་ཐག་འགྲོལ། ༈ ཞབས་ཀྱིས་འཆག སྡིག་པ་འཆག ལག་ཏུ་འཆང༌། ཆོས་འཆད། ཐག་པ་འཆད། ཉེས་པ་འཆབ། ལྷ་འཆམས། གནས་འཆའ། སྐྱོན་འཆའ། དམ་འཆའ། ཐག་པས་འཆིང༌། རྟ་ལ་འཆིབ། གོས་འཆིར། སྐེ་འཆུ། ཕྱོགས་གཅིག་ཏུ་འཆུན། རྩ་འཆུས། ཁས་འཆེ། བཤད་པ་འཆོར། སྐྱོན་འཆོས། ༈ ལྟོ་འཇང༌། ནོར་ལ་འཇབ། བུ་ལེན་འཇལ། བློ་ཡིས་འཇལ། ཉེས་ཅན་འཇུ། ནང་དུ་འཇུག ཆག་པ་འཇུན། ལས་ཀ་འཇུམ། འོག་ཏུ་འཇུར། འོ་མ་འཇོ། གོང་དུ་འཇོག དགྲ་འཇོམས། ༈ རས་འཐག༌། རྩམ་པ་འཐག དགྲ་ལ་འཐབ། གཉེན་ལ་འཐམས། མེ་ཏོག་འཐུ། ཀུན་ལས་འཐུ། ཇ་འཐུང༌། ཤིང་ཏོག་འཐོག ཕྱོགས་སུ་འཐོན། འབྲས་བུ་འཐོབ། ཐག་པ་འཐེན། ༈ དཔོན་འདམ། འཁོལ་ནས་འདལ་པར་འགྱུརཕྱིར་ལུད་པ། གདན་འདིང༌། ལྷ་ལ་འདུད། སེམས་འདུལ། གྱེན་དུ་འདེགས། རྗེས་སུ་འདེད། གསོལ་བ་འདེབས། དཔཽན་འདེམ། རྒྱན་ཆ་འདོགས། ཡི་གེ་འདོན། གཞན་ལ་འདོམ༌། ཉེས་པར་འགྱུར་འདོར། རས་འདྲ། ས་འདྲད། ལྟོ་འདྲལ། དོགས་པ་འདྲི། བསླུས་ནས་འདྲིད། གཅིག་ཏུ་འདྲིལ། ས་འདྲུ། ཁབ་ཀྱིས་འདྲུབ། གྱེན་དུ་འདྲེན། གདན་འདྲོང༌། ༈ མདའ་འཕེན། གཞན་ལ་འཕྱ། གད་འཕྱག ཅོག་ཙེ་འཕྱི། ༈ ཨི་ཁུངས་འབིགས། ཕྱི་ལ་འབུད། གུར་འབུབས། ལྷ་ལ་འབུལ། ཆར་འབེབས། ཆུ་འབོ། ཆུ་འབོག ལུང་འབོག སྐད་ཀྱིས་འབོད། ཆུ་ལ་འབྱིང༌། སྣབས་འབྱིད། མདུན་ཅོག་འབྱིད། རྨ་འབྱིན། མགོ་འབྱིལ། སྣུམ་འབྱུག རྒྱུ་ལས་འབྱུང༌། དབྱེ་བར་འགྱུར། ཐུར་དུ་འབྱོར། ཞོ་འབྱོགས་པར་འགྱུརལྡག་པ་། ལྕག་གིས་འབྲབ། ཡི་གེ་འབྲི། ས་འབྲུ། སྐྲ་འབྲེག ༈ འབྲི་འཚག གསེབ་ཏུ་འཚང༌། ནོར་འཚོང༌། ཟས་འཚོད། ནོར་འཚོལ། ༈ གཞུང་མཛད། སྟུ་འཛག དགྲ་ལ་འཛིང༌། བློ་ལ་འཛིན། ཤིང་འཛུགས། ནང་དུ་འཛུད། ཁ་འཛུམ། ཟུར་དུ་འཛུར། སྐས་ལ་འཛེགས། གྱེན་དུ་འཛེད། དུག་ལ་འཛེམ། མདུང་གིས་འཛེར། ལྟ་བུ། འདི་དག་མང་པོ་ཞིག་གི་བྱ་ལས་མ་འོངས་པ་ལ་སྔོན་འཇུག་ག་ད་གཉིས་ཐོབ་པའང་ཡོད་དེ། དེ་དག་ནི་གོང་དུ་སྔོན་འཇུག་ག་ད་གཉིས་ཀྱི་འཇུག་པ་བཤད་པའི་སྐབས་སུ་ཤེས་པར་བྱ་དགོས། ༈ སྔོན་འཇུག་འ་ཡིག་བྱེད་མེད་ལས་ཚིག་མ་འོངས་པར་འཇུག་པ་ནི། དཔེར་ན། གཞན་ལ་འཁང་པར་འགྱུར། བརྒྱལ་ནས་འཁམ། རྐང་བརྟེན་ལ་འཁར། གནོད་པས་འཁུ། དབུགས་འཁུན། བག་འཁུམས། ཤེས་པས་འཁུམ། གཡོག་འཁུལ། ཆུས་འཁེངས། ཁ་འཁེབས། ཁལ་འཁེལ། ཐོ་འཁོད། དགྲ་དང་འཁོན། མར་ཁུ་འཁོབ། འཁོར་བར་འཁོར། ཟུར་དུ་འཁོལ། ཆུ་འཁོལ། གྲང་ནས་འཁྱག འཁོར་བར་འཁྱམ། གཞན་དུ་འཁྱར། ངག་འཁྱལ། ཐག་པས་འཁྱིག ཆུ་འཁྱིལ། གློག་འཁྱུག འོད་ཀྱིས་འཁྱིམས། ལས་གནས་ལས་འཁྱུར། ཡུལ་ནས་འཁྱིསབྲོས་པའི་དོན། ལག་ཏུ་འཁྱེར། ལམ་འཁྱོགས། མཐའ་འཁྱོང། མགོ་འཐམ་ནས་འཁྱོམས། ལུས་པོ་འཁྱོར། མཐའ་འཁྱོལ། ནུ་མ་འཁྲང། འཁྲབ། འགན་འཁྲི། སྤྲིན་འཁྲིགས། དམག་འཁྲུག སྐུ་འཁྲུངས། བློ་འཁྲུལ། སེམས་འཁྲེང༌། འཁོར་བ་ལ་འཁྲེན། སྒྲ་འཁྲོག ༈ ལམ་འགག བླ་མ་དང་འགལ། གཞུ་འགུགས། དགྲ་བོ་འགུམ། ས་འགུལ། ཡུན་རིང་འགོར། དུས་འགྱང། ཁྲི་ལ་འགྱིང། གློག་འགྱུ། ངོ་བོ་འགྱུར། ས་ལ་འགྱེལ། ཁ་འགྱེས། སྙིང་ནས་འགྱོད། ལྟོ་འགྲང༌། འཁོན་གྱིས་འགྲས། གྲ་འགྲིག། མར་འགྲིབ། ཚོང་ལམ་འགྲིམ། ཐུར་དུ་འགྲིལ། དོན་འགྲུབ། ལམ་དུ་འགྲུལ། རིག་འགྲེ། གྱེན་དུ་འགྲེང། དེབ་སོགས་འགྲེམས། ལམ་དུ་འགྲོ། གྲོགས་དང་འགྲོགས། སྐུ་འགྲོངས། ༈ ཐག་པ་འཆད། ཉེས་པ་འཆབ། ཁ་འཆམས། དམ་འཆའ། སེམས་ལ་འཆར། ཁྲིམས་འཆལ། མི་འཆི། བཤད་པ་འཆོར། ངག་འཆོལ། སྐྱོན་འཆོས། ༈ ལྷིང་འཇགས། རློན་གྱིས་འཇའ། ཤ་ལ་འཇར། བུམ་པ་འཇིག ཟས་འཇུ། ལམ་དུ་འཇུག། ཆག་པ་འཇུན། སེམས་ལ་འཇེབས། ༈ རང་ལུགས་འཐད། སྨུག་པ་འཐིབས། གོས་ཀྱིས་འཐུམས། དུ་བ་འཐུལ། གཅིག་གིས་འཐུས། རྐང་པ་འཐིང ། ཕྱོགས་སུ་འཐོན། འབྲས་བུ་འཐོབ། མགོ་འཐོམས། ཁ་འཐོར། ༈ སྡིག་པ་འདག ཟས་ཀྱིས་འདང། མྱ་ངན་ལས་འདའ། འཁྱགས་ནས་འདར། འཁོལ་ནས་འདལ། ཁ་འདིག གཅིག་ཏུ་འདུ། ནང་དུ་འདུག། ཁ་འདུམ། རྟ་འདུར། ལམ་དུ་འདོང། བློ་ལ་འདོད། ལྟོ་འདྲལ། གཅིག་ཏུ་འདྲིལ། ལྗགས་འདྲིལ། རྟ་འདྲོགས། ༈ གྱེན་དུ་འཕག འཕམ། གྱེན་དུ་འཕར། གནམ་ལ་འཕུར། རང་རྐྱ་འཕེར། གོང་དུ་འཕེལ། འཆི་འཕོ། ཐུར་དུ་འཕྱང། ལམ་དུ་འཕྱན། རྟེན་འབྲེལ་འཕྱུག། རྒྱ་མཚོ་འཕྱུར། གྱེན་དུ་འཕྱོ། ཆ་འཕྲད། གྲོགས་དང་འཕྲོད། ༈ བཙོག་པས་འབག ཆུས་འབང། ཆར་འབབ། ལུག་འབའ། སྐྲ་འབལ། ཟུར་དུ་འབུར། སེམས་འབྱང༌། ཆུ་འབྱམས། ངོས་ལ་འབྱར། ཆུ་ལ་འབྱིང། རྒྱུ་ལས་འབྱུང༌། ལམ་དུ་འབྱོན། ནང་ལ་འབྱོར། བྲོས་བྱོལ་དུ་འབྱོལ། ཁ་འབྲལ། ཕན་ཚུན་འབྲེལ། ཡུལ་ནས་འབྲོ། ༈ གསེབ་ཏུ་འཚང། བློ་འཚབ། ན་ཚོད་འཚར། མེས་འཚིག འདོད༌།་འཚེང༌། རླུང་འཚུབ། འོད་འཚེར། ནོར་འཚོང། ཆུ་འཛག། ནོར་འཛད། གྲོགས་དང་འཛའ། ཆུ་འཛར། ཕན་ཚུན་འཛིང། རྒོད་ནས་འཛུམ། མཉམ་དུ་འཛོམ། གོ་རིམ་འཛོལ། ལྟ་བུའོ།། ༈ གཞན་ཡང་སྔོན་འཇུག་གི་འ་ཡིག་དུས་ད་ལྟ་བ་ལའང་འཇུག་སྟེ། བྱ་བྱེད་ཐ་དད་པའི་ལས་ཚིག་དུས་ད་ལྟ་བ་ལ་འཇུག་པ། དཔེར་ན། སྐུད་པ་འཁལ་བཞིན་པ། ཁལ་འཁེལ་བཞིན་པ། ཐག་པས་འཁྱིག་བཞིན་པ། ཡུམ་ལ་འཁྱུད་བཞིན་པ། ལས་གནས་སུ་འཁྱུར་གྱིན་འདུག ཕོ་མོ་འཁྲིག་པའི་སྐབས་རེད། ལམ་དུ་འཁྲིད་བཞིན་པ། གཞན་ལ་འཁྲིལ་བཞིན་པ། གོས་འཁྲུ་བཞིན་པ། གོས་འཁྲུད་བཞིན་པ། འཁོར་བ་ལ་འཁྲེན་བཞིན་པ། རོལ་མོ་འཁྲོལ་བཞིན་པ། ༈ རྩམ་པ་འགམ་བཞིན་པ། གཞུ་འགུག་བཞིན་པ། དགྲ་བོ་འགུམ་བཞིན་པ། ཆུས་འགེངས་བཞིན་པ། ཐོག་འགེབས་བཞིན་པ། མགོ་འགེམས་བཞིན་པ། ཁལ་འགེལ་བཞིན་པ། དགྲ་འགོག་བཞིན་པ། ཐོད་འགོད་བཞིན་པ། ཐེམ་པ་འགོམ་བཞིན་པ། གཡུལ་འགྱེད་བཞིན་པ། ས་ལ་འགྱེལ་བཞིན་པ། ཤུགས་ཀྱིས་འགྱོག་བཞིན་པ། གཞན་ལ་འགྲན་བཞིན་པ། ཅལ་དུ་འགྲམ་བཞིན་པ། འཁོན་གྱིས་འགྲས་བཞིན་པ། བརྩོན་བཞིན་པས་འགྲུས་བཞིན་པ། འཆིངས་ཐག་འགྲོལ་བཞིན་པ། ༈ ཞབས་ཀྱིས་འཆག་བཞིན་པ། སྡིག་པ་འཆགས་བཞིན་པ། ལག་ཏུ་འཆང་བཞིན་པ། ཆོས་འཆད་བཞིན་པ། ཐག་པ་འཆད་བཞིན་པ། ཉེས་པ་འཆབ་བཞིན་པ། ལྷ་འཆམས་བཞིན་པ། གནས་འཆའ་བཞིན་པ། སྐྱོན་འཆའ་བཞིན་པ། དམ་འཆའ་བཞིན་པ། ཐག་བཞིན་པས་འཆིང་བཞིན་པ། རྟ་ལ་འཆིབ་བཞིན་པ། གོས་འཆིར་བཞིན་པ། སྐེ་འཆུ་བཞིན་པ། ཕྱོགས་གཅིག་ཏུ་འཆུན་བཞིན་པ། རྩ་འཆུས་བཞིན་པ། ཁས་འཆེ་བཞིན་པ། བཤད་པ་འཆོར་བཞིན་པ། སྐྱོན་འཆོས་བཞིན་པ། ༈ ལྟོ་འཇང་བཞིན་པ། ནོར་ལ་འཇབ་བཞིན་པ། བུ་ལོན་འཇལ་བཞིན་པ། བློ་ཡིས་འཇལ་བཞིན་པ། ཉེས་ཅན་འཇུ་བཞིན་པ། ནང་དུ་འཇུག་བཞིན་པ། ཆག་པ་འཇུན་བཞིན་པ། ལས་ཀ་འཇུམ་བཞིན་པ། འོག་ཏུ་འཇུར་བཞིན་པ། འོ་མ་འཇོ་བཞིན་པ། གོང་དུ་འཇོག་བཞིན་པ། དགྲ་འཇོམས་བཞིན་པ། ༈ རས་འཐག་བཞིན་པ། རྩམ་པ་འཐག་བཞིན་པ། དགྲ་ལ་འཐབ་བཞིན་པ། གཉེན་ལ་འཐམས་བཞིན་པ། མེ་ཏོག་འཐུ་བཞིན་པ། ཀུན་ལས་འཐུ་བཞིན་པ། ཇ་འཐུང་བཞིན་པ། ཤིང་ཏོག་འཐོག་བཞིན་པ། ཕྱོགས་སུ་འཐོན་བཞིན་པ། འབྲས་བུ་འཐོབ་བཞིན་པ། ཐག་པ་འཐེན་བཞིན་པ། ༈ དཔོན་འདམ་བཞིན་པ། འཁོལ་ནས་འདལ་བཞིན་པཕྱིར་ལུད་པ། གདན་འདིང་བཞིན་པ། ལྷ་ལ་འདུད་བཞིན་པ། སེམས་འདུལ་བཞིན་པ། གྱེན་དུ་འདེགས་བཞིན་པ། རྗེས་སུ་འདེད་བཞིན་པ། གསོལ་བ་འདེབས་བཞིན་པ། དཔཽན་འདེམ་བཞིན་པ། རྒྱན་ཆ་འདོགས་བཞིན་པ། ཡི་གེ་འདོན་བཞིན་པ། གཞན་ལ་འདོམ་བཞིན་པ། ཉེས་པ་འདོར་བཞིན་པ། རས་འདྲ་བཞིན་པ། ས་འདྲད་བཞིན་པ། ལྟོ་འདྲལ་བཞིན་པ། དོགས་པ་འདྲི་བཞིན་པ། བསླུས་ནས་འདྲིད་བཞིན་པ། གཅིག་ཏུ་འདྲིལ་བཞིན་པ། ས་འདྲུ་བཞིན་པ། ཁབ་ཀྱིས་འདྲུབ་བཞིན་པ། གྱེན་དུ་འདྲེན་བཞིན་པ། གདན་འདྲོང་བཞིན་པ། ༈ མདའ་འཕེན་བཞིན་པ། གཞན་ལ་འཕྱ་བཞིན་པ། གད་འཕྱག་བཞིན་པ། ཅོག་ཙེ་འཕྱི་བཞིན་པ། ༈ ཨི་ཁུང་འབིགས་བཞིན་པ། ཕྱི་ལ་འབུད་བཞིན་པ། གུར་འབུབས་བཞིན་པ། ལྷ་ལ་འབུལ་བཞིན་པ། ཆར་འབེབས་བཞིན་པ། ཆུ་འབོ་བཞིན་པ། ཆུ་འབོག་བཞིན་པ། ལུང་འབོག་བཞིན་པ། སྐད་ཀྱིས་འབོད་བཞིན་པ། ཆུ་ལ་འབྱིང་བཞིན་པ། སྣབས་འབྱིད་བཞིན་པ། མདུན་ཅོག་འབྱིད་བཞིན་པ། རྨ་འབྱིན་བཞིན་པ། མགོ་འབྱིལ་བཞིན་པ། སྣུམ་འབྱུག་བཞིན་པ། རྒྱུ་ལས་འབྱུང་བཞིན་པ། དབྱེ་བ་འབྱུང་བཞིན་པ། ཐུར་དུ་འབྱོར་བཞིན་པ། ཞོ་འབྱོགས་བཞིན་པལྡག་པ་། ལྕག་གིས་འབྲབ་བཞིན་པ། ཡི་གེ་འབྲི་བཞིན་པ། ས་འབྲུ་བཞིན་པ། སྐྲ་འབྲེག་བཞིན་པ། ༈ འབྲི་འཚག་བཞིན་པ། གསེབ་ཏུ་འཚང་བཞིན་པ། ནོར་འཚོང་བཞིན་པ། ཟས་འཚོད་བཞིན་པ། ནོར་འཚོལ་བཞིན་པ། ༈ གཞུང་མཛད་བཞིན་པ། དགྲ་ལ་འཛིང་བཞིན་པ། བློ་ལ་འཛིན་བཞིན་པ། ཤིང་འཛུགས་བཞིན་པ། ནང་དུ་འཛུད་བཞིན་པ། ཁ་འཛུམ་བཞིན་པ། ཟུར་དུ་འཛུར་བཞིན་པ། སྐས་ལ་འཛེགས་བཞིན་པ། གྱེན་དུ་འཛེད་བཞིན་པ། དུག་ལ་འཛེམ་བཞིན་པ། མདུང་གིས་འཛེར་བཞིན་པ། ལྟ་བུ་ཤིན་ཏུ་མང་ངོ༌།། ༈ སྔོན་འཇུག་འ་བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ད་ལྟ་བ་ལ་འཇུག་པ་ནི། དཔེར་ན། གཞན་ལ་འཁང་བཞིན་པ། བརྒྱལ་ནས་འཁམ་བཞིན་པ། རྐང་བརྟེན་ལ་འཁར་བཞིན་པ། གནོད་པས་འཁུ་བཞིན་པ། དབུགས་འཁུན་བཞིན་པ། བག་འཁུམས་བཞིན་པ། ཤེས་པའི་འཁུམས་བཞིན་པ། གཡོག་འཁུལ་བཞིན་པ། ཆུས་འཁེངས་བཞིན་པ། ཁ་འཁེབས་བཞིན་པ། ཁལ་འཁེལ་བཞིན་པ། ཐོ་འཁོད་བཞིན་པ། དགྲ་དང་འཁོན་བཞིན་པ། མར་ཁུ་འཁོབ་བཞིན་པ། འཁོར་བར་འཁོར་བཞིན་པ། ཟུར་དུ་འཁོལ་བཞིན་པ། ཆུ་འཁོལ་བཞིན་པ། གྲང་བཞིན་པས་འཁྱག་བཞིན་པ། འཁོར་བར་འཁྱམ་བཞིན་པ། གཞན་དུ་འཁྱར་བཞིན་པ། ངག་འཁྱལ་བཞིན་པ། ཆུ་འཁྱིལ་བཞིན་པ། གློག་འཁྱུག་བཞིན་པ། འོད་ཀྱིས་འཁྱིམས་བཞིན་པ། ཡུལ་ནས་འཁྱིསབྲོས་བཞིན་པའི་དོན་བཞིན་པ། ལག་ཏུ་འཁྱེར་བཞིན་པ། ལམ་འཁྱོགས་བཞིན་པ། མཐའ་འཁྱོང་བཞིན་པ། མགོ་འཐམ་ནས་འཁྱོམས་བཞིན་པ། ལུས་པོ་འཁྱོར་བཞིན་པ། མཐའ་འཁྱོལ་བཞིན་པ། ནུ་མ་འཁྲང་བཞིན་པ། འཁྲབ་བཞིན་པ། འགན་འཁྲི་བཞིན་པ། དམག་འཁྲུག་བཞིན་པ། སྐུ་འཁྲུངས་བཞིན་པ། བློ་འཁྲུལ་བཞིན་པ། སེམས་འཁྲེང་བཞིན་པ། འཁོར་བ་ལ་འཁྲེན་བཞིན་པ། སྒྲ་འཁྲོག་བཞིན་པ། རོལ་མོ་འཁྲོལ་བཞིན་པ།
༈ ལམ་འགག་བཞིན་པ། འབར་རྫས་འགད་བཞིན་པ། བླ་མ་དང་འགལ་བཞིན་པ། མགོ་འགས་བཞིན་པ། རང་ཉིད་འགུམ་བཞིན་པ། ལུས་འགུལ་བཞིན་པ། ས་འགུལ་བཞིན་པ། ནད་འགོ་བ། ཡུན་རིང་འགོར་བཞིན་པ། དུས་འགྱང་བཞིན་པ། ཁྲི་ལ་འགྱིང་བཞིན་པ། གློག་འགྱུ་བཞིན་པ། ངོ་བོ་འགྱུར་བ། ས་ལ་འགྱེལ་བཞིན་པ། ཁ་འགྱེས་བཞིན་པ། སྙིང་ནས་འགྱོད་བཞིན་པ། ལྟོ་འགྲང་བཞིན་པ། གྲ་འགྲིག་བཞིན་པ། མར་འགྲིབ་བཞིན་པ། ཚོང་ལམ་འགྲིམ་བཞིན་པ། ཐུར་དུ་འགྲིལ་བཞིན་པ། དོན་འགྲུབ་བཞིན་པ། ལམ་དུ་འགྲུལ་བཞིན་པ། རིག་འགྲེ་བཞིན་པ། གྱེན་དུ་འགྲེང་བཞིན་པ། དེབ་སོགས་འགྲེམས་བཞིན་པ། ལམ་དུ་འགྲོ་བཞིན་པ། སྐུ་འགྲོང་བཞིན་པ། ༈ ཐག་པ་འཆད་བཞིན་པ། ཁ་འཆམས་བཞིན་པ། ཁྲིམས་འཆལ་བཞིན་པ། མི་འཆི་བཞིན་པ། ཁས་འཆེ་བཞིན་པ། ངག་འཆོལ་བཞིན་པ། ༈ ལྷིང་འཇགས་བཞིན་པ། རློན་གྱིས་འཇའ་བཞིན་པ། ཤ་ལ་འཇར་བཞིན་པ། བུ་ལོན་འཇལ་བཞིན་པ། བུམ་པ་འཇིག་བཞིན་པ། མཆུ་འཇིབ་བཞིན་པ། མེ་དཔུང་འཇིལ་བཞིན་པ། ཟས་འཇུ་བཞིན་པ། ལམ་དུ་འཇུག་བཞིན་པ། སེམས་ལ་འཇེབས་བཞིན་པ། ༈ རང་ལུགས་འཐད་བཞིན་པ། སྨུག་པ་འཐིབས་བཞིན་པ། གོས་ཀྱིས་འཐུམས་བཞིན་པ། དུ་བ་འཐུལ་བཞིན་པ། གཅིག་གིས་འཐུས་བཞིན་པ། རྐང་པ་འཐིང་བཞིན་པ། ཕྱོགས་སུ་འཐོན་བཞིན་པ། འབྲས་བུ་འཐོབ་བཞིན་པ། མགོ་འཐོམས་བཞིན་པ། ཁ་འཐོར་བཞིན་པ། ༈ སྡིག་པ་འདག་བཞིན་པ། ཟས་ཀྱིས་འདང་བཞིན་པ། མྱ་ངན་ལས་འདའ་བཞིན་པ། འཁྱགས་ནས་འདར་བཞིན་པ། འཁོལ་ནས་འདལ་བཞིན་པ། ཁ་འདིག་བཞིན་པ། གཅིག་ཏུ་འདུ་བཞིན་པ། ནང་དུ་འདུག་བཞིན་པ། ཁ་འདུམ་བཞིན་པ། རྟ་འདུར་བཞིན་པ། ལམ་དུ་འདོང་བཞིན་པ། བློ་ལ་འདོད་བཞིན་པ། ཉེས་པ་འདོར་བཞིན་པ། ལྗགས་འདྲིལ་བཞིན་པ། གོམས་ནས་འདྲིས་བཞིན་པ། རྟ་འདྲོགས་བཞིན་པ། ༈ གྱེན་དུ་འཕག་བཞིན་པ། གཞན་ལས་འཕགས་བཞིན་པ། འཕམ་བཞིན་པ། གྱེན་དུ་འཕར་བཞིན་པ། ཉེས་པས་འཕུང་བཞིན་པ། གནམ་ལ་འཕུར་བཞིན་པ། རང་རྐྱ་འཕེར་བཞིན་པ། གོང་དུ་འཕེལ་བཞིན་པ། འཆི་འཕོ་བཞིན་པ། ཐུར་དུ་འཕྱང་བཞིན་པ། ལམ་དུ་འཕྱན་བཞིན་པ། རྒྱ་མཚོ་འཕྱུར་བཞིན་པ། ཁ་འཕྱར་བཞིན་པ། གྱེན་དུ་འཕྱོ་བཞིན་པ། ཆ་འཕྲད་བཞིན་པ། གྲོགས་དང་འཕྲོད་བཞིན་པ། ༈ བཙོག་པ་འབག་བཞིན་པ། ཆུས་འབང་བཞིན་པ། ལམ་ལ་འབད་བཞིན་པ། ཆར་འབབ་བཞིན་པ། སྐས་ལས་འབབ་བཞིན་པ། ལུག་འབའ་བཞིན་པ། སྐྲ་འབལ་བཞིན་པ། ཆོས་ལ་འབུང་བཞིན་པ། མྱུ་གུ་ཁ་འབུད་བཞིན་པ། ཟུར་དུ་འབུར་བཞིན་པ། སེམས་འབྱང་བཞིན་པ། ཆུ་འབྱམས་བཞིན་པ། ངོས་ལ་འབྱར་བཞིན་པ། རྒྱུ་ལས་འབྱུང་བཞིན་པ། ལམ་དུ་འབྱོན་བཞིན་པ། དབང་འབྱོར་བཞིན་པ། བྲོས་ནས་འབྱོལ་བཞིན་པ། ཁ་འབྲལ་བཞིན་པ། ཕན་ཚུན་འབྲེལ་བཞིན་པ། གཞན་དུ་འབྲོ་བཞིན་པ། ༈ གསེབ་ཏུ་འཚང་བཞིན་པ། བློ་འཚབ་བཞིན་པ། ན་ཚོད་འཚར་བཞིན་པ། མེས་འཚིག་བཞིན་པ། འདོད་པ་འཚེང་བཞིན་པ། རླུང་འཚུབ་བཞིན་པ། འོད་འཚེར་བཞིན་པ། ཆུ་འཛག་བཞིན་པ། ནོར་འཛད་བཞིན་པ། གྲོགས་དང་འཛའ་བཞིན་པ། ཆུ་འཛར་བཞིན་པ། ཕན་ཚུན་འཛིང་བཞིན་པ། རྒོད་ནས་འཛུམ་བཞིན་པ། མཉམ་དུ་འཛོམ་བཞིན་པ། གོ་རིམ་འཛོལ་བཞིན་པ། ལྟ་བུའོ།།
༈ སྔོན་འཇུག་གི་མོ་ཡིག་འ་དུས་འདས་པ་ལ་འཇུག་ཚུལ་གཉིས་ཏེ། བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་དང༌། བྱེད་མེད་ལས་ཚིག་གི་དུས་འདས་པ་གཉིས་ལས། དང་པོ་བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་ལ་འཇུག་པ་ནི། ཁས་འཆེས། བྲོ་འཁྲབས། བརྩོན་པས་འགྲུས། ཕག་ཏུ་འཇབས། ཐག་པ་འཐེནད། གཞན་ལ་འཕྱས། གང་རྙིགས་འཕྱགས། རུ་ཚོན་འཕྱརད། མདའ་འཕངས། རྒྱན་གོས་ཀྱིས་འཕྱོརད། རྨ་འཕྲུགས། གོ་གནས་གཡུགས། ཆུ་འབོགས། དགྲ་ལ་འཛིངས། སྐས་ལ་འཛེགས། འབུག་གིས་འཛེམས། སོགས་འཇུག་པ་ཉུང་ཤས་ལས་མེད་པས་འདིར་རྩལ་དུ་བཏོན་ནས་བཤད་པར་བྱས་སོ།། གཉིས་པ་བྱེད་མེད་ལས་ཚིག་གི་དུས་འདས་པ་ལ་འཇུག་པ་ནི། དཔེར་ན། གཞན་ལ་འཁངས་སོ།། བརྒྱལ་ནས་འཁམས་ཟིན། རྐང་བརྟེན་ལ་འཁརད་ཚར། གནོད་པས་འཁུ་བར་བྱས། དབུགས་འཁུན། བག་འཁུམས། ཤེས་པས་འཁུམས། གཡོག་འཁུལད། ཆུས་འཁེངས། ཐོ་འཁོད། དགྲ་དང་འཁོནད། མར་ཁུ་འཁོབས། འཁོར་བར་འཁོརད། ཟུར་དུ་འཁོལད། ཆུ་འཁོལད། གྲང་པས་འཁྱགས། འཁོར་བར་འཁྱམས། གཞན་དུ་འཁྱརད། ངག་འཁྱལད། ཆུ་འཁྱིལད། གློག་འཁྱུགས། འོད་ཀྱིས་འཁྱིམས། ཡུལ་ནས་འཁྱིསབྲོས་པའི་དོན། ལམ་འཁྱོགས། མཐའ་འཁྱོངས། མགོ་འཐམ་ནས་འཁྱོམས། ལུས་པོ་འཁྱོརད། མཐའ་འཁྱོལད། ནུ་མ་འཁྲངས། འགན་འཁྲིས། དམག་འཁྲུགས། སྐུ་འཁྲུངས། བློ་འཁྲུལད། སེམས་འཁྲེངས། འཁོར་བ་ལ་འཁྲེནད། སྒྲ་འཁྲོགས། ༈ ལམ་འགགས། བླ་མ་དང་འགལད། རང་ཉིད་འགུམས། ལུས་འགུལད། ས་འགུལད། ནད་འགོས། ཡུན་རིང་འགོར། དུས་འགྱངས། ཁྲི་ལ་འགྱིངས། གློག་འགྱུས། ས་ལ་འགྱེལད། ཁ་འགྱེས། སྙིང་ནས་འགྱོད། ལྟོ་འགྲངས། གྲ་འགྲིགས། མར་འགྲིབས། ཚོང་ལམ་འགྲིམས། ཐུར་དུ་འགྲིལད། ལམ་དུ་འགྲུལད། རིག་འགྲེས། གྱེན་དུ་འགྲེངས། དེབ་སོགས་འགྲེམས། ལམ་དུ་འགྲོ། སྐུ་འགྲོངས། ༈ ཁ་འཆམས། ཁྲིམས་འཆལད། མི་འཆི། ༈ ལྷིང་འཇགས། རློན་གྱིས་འཇས། ཤ་ལ་འཇར། བུམ་པ་འཇིགས། མཆུ་འཇིབ། ཟས་འཇུ། སེམས་ལ་འཇེབས། ༈ རང་ལུགས་འཐད་ཟིན། སྨུག་པ་འཐིབས། གོས་ཀྱིས་འཐུམས། དུ་བ་འཐུལ། གཅིག་གིས་འཐུས། རྐང་པ་འཐིངས། ཕྱོགས་སུ་འཐོནད། མགོ་འཐོམས། ཁ་འཐོརད། ༈ ཟས་ཀྱིས་འདངས། མྱ་ངན་ལས་འདས། འཁྱགས་ནས་འདརད། འཁོལ་ནས་འདལད། གཅིག་ཏུ་འདུས། ནང་དུ་འདུག ཁ་འདུམས། རྟ་འདུརད། བློ་ལ་འདོད། རྟ་འདྲོགས། ༈ གྱེན་དུ་འཕགས། གྱེན་དུ་འཕརད། གནམ་ལ་འཕུརད། རང་རྐྱ་འཕེརད། གོང་དུ་འཕེལད། འཆི་འཕོས། ཐུར་དུ་འཕྱངས། ལམ་དུ་འཕྱནད། རྒྱ་མཚོ་འཕྱུརད། གྱེན་དུ་འཕྱོ། ཆ་འཕྲད། གྲོགས་དང་འཕྲོད། ༈ བཙོག་པས་འབགས། ལམ་ལ་འབད། ལུག་འབའ། སྐྲ་འབལད། ཆོས་ལ་འབུངས། སེམས་འབྱངས། ཆུ་འབྱམས། ངོས་ལ་འབྱརད། དབང་འབྱོརད། བྲོས་ནས་འབྱོལ། ཁ་འབྲལ། ཕན་ཚུན་འབྲེལ། གཞན་དུ་འབྲོ། ༈ གསེབ་ཏུ་འཚངས། བློ་འཚབས། ན་ཚོད་འཚར། འདོད་པ་འཚེངས། རླུང་འཚུབས། འོད་འཚེརད། ཆུ་འཛག ནོར་འཛད། ཆུ་འཛར། ཕན་ཚུན་འཛིངས། རྒོད་ནས་འཛུམས། མཉམ་དུ་འཛོམས། གོ་རིམ་འཛོལད། ལྟ་བུ་རྣམས་ལ་འཇུག་གོ། ཡ་མཚན་དགོས་པ་ཞིག་ལ་རྟགས་འགྲེལ་ཀུན་གྱི་ཡང་རྩེ་འགྲེལ་ཆེན་དུ། འ་ཡིག་ད་ལྟ་དང་མ་འོངས་པར་འཇུག་ཚུལ་གྲ་གང་རྒྱས་བྱས་ནས་བཤད་ཀྱང༌། འདས་པ་ལ་འཇུག་ཚུལ་དང་དཔེར་བརྗོད་ཚིག་འབྲུ་གཅིག་ཀྱང་མ་གསུངས་པར་ཁ་ཁར་བཞག་འདུག་པ་དེས། རྗེས་འབྲངས་མང་པོས་དེ་བཞིན་ཁ་ཁར་བཞག་པའམ་འགའ་ཞིག་གིས་ནི། སི་ཏུས་མ་བཤད་པ་རྒྱུ་མཚན་དུ་བྱས་ནས་འདས་པ་ལ་མི་འཇུག་ཅེས་མགྲིན་པ་གཟེངས་ནས་སྨྲ་མཁན་ཡང་བྱུང་འདུག་སྟེ། ཨ་ལག་ཤ་བསྟན་དར་ལྷ་རམས་པས། འ་ཡིག་དུས་གསུམ་གྱི་ནང་ནས་ད་ལྟ་བ་དང་མ་འོངས་པ་གཉིས་དང༌། བདག་གཞན་གཉིས་ཀྱི་ནང་ནས་བདག་ལ་འཕུལ་ཞིང༌། དུས་འདས་པ་དང་གཞན་གཉིས་ཀ་ལ་མི་འཕུལ་ལོ། ཞེས་དང༌། འ་ཡིག་འདས་པ་ལ་གཏན་ནས་མི་འཕུལ་མོད། མྱ་ངན་ལས་འདས་ལྟ་བུའི་འདས་པ་ནི་མིང་ཙམ་ཡིན་ནོ་གསུངས་པ་ལ་དོགས་པ་འདི་ཡོད་དེ། སྔོན་འཇུག་གི་འ་ཡིག་དུས་གསུམ་གྱི་ནང་ནས་མ་འོངས་པ་ལ་ལྟོས་པའི་འདས་པ་ལ་འཇུག་པ་ཁས་བླངས་པས་གཙོ་བོར་མི་འཇུག་ཅེས་ཟེར་ན་མ་གཏོགས། འ་ཡིག་སྤྱིར་འདས་པ་ལ་མི་འཇུག་ན། མདའ་འཕངས། སྣོད་ཆུས་འཁེངས་ཟིན། སོགས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་དུས་འདས་པ་ལ་འཇུག་པ་དུ་མ་ཡོད་པས། དེ་དག་ལ་འགྲེལ་བཤད་ཇི་ལྟར་བྱེད། དེ་དག་གཟུགས་མི་འགྱུར་བས་མིང་ཚིག་ཡིན་ཞེས་ཀྱང་རྗོད་མི་བཏུབ་སྟེ། ཆུས་འཁེང་དང་འཁེངས་ཞེས་འདས་མ་འོངས་ཀྱི་ཁྱད་པར་ལ་ཡིག་གཟུགས་འགྱུར་བའི་ཕྱིར། ཁྱེད་ཀྱིས་མྱ་ངན་ལས་འདས་ཞེས་པའི་འདས་པ་མིང་ཚིག་ཡིན་ཟེར་བ་དང༌། ཡང་གྲུབ་ཅེས་པ་འདི་མིང་རྐྱང་ཡིན་པས་དུས་ཀྱི་ཁྱད་པར་ཕྱེ་རྒྱུ་མེད་དོ། །ཞེས་གསུངས་འདུག་པའང་ཤིན་ཏུ་ཡ་མཚན་ཏེ། མྱ་ངན་ལས་འདའ་དང་འདས། འགྲུབ་དང་གྲུབ་རྣམས་དུས་ཀྱི་ཁྱད་པའི་སྒོ་ནས་འཇོག་པ་མིན་ན་ཅི་ཞིག་ཡིན། །ཆུ་འཁྱིལ་སོགས་གོང་དུ་བཀོད་པ་དེ་དག་གིས་མཚོན། བྱེད་མེད་ལས་ཚིག་དུས་འདས་པ་ལ་འཇུག་པ་མི་ཉུང་བ་ཞིག་ཡོད་པ་མངོན་སུམ་གྱིས་མཐོང་བཞིན་དུ་འདི་དག་ལ་བསྟན་དར་ལྷ་རམས་པས་ཇི་ལྟར་བསྙོན་ནུས་ཏེ་བསྙོན་དོན་ཡང་མེད་དོ། ། སྔོན་འཇུག་གི་འ་ཡིག་བདག་གཞན་གཉིས་ཀྱི་ནང་ནས་གཞན་ལ་མི་འཕུལ་གསུངས་པ་ཡང༌། སྔོན་འཇུག་གི་འ་ཡིག་བདག་གཞན་གཉིས་ཀྱི་ནང་ནས་གཞན་ལ་གཏན་ནས་མི་འཕུལ་བར་འདོད་ན་ནི་ཤིན་ཏུ་མི་འཐད་དེ། ཕྲག་དོག་གིས་འགྲན་བྱ། འགྲན་ཡུལ། འགྲན་པར་བྱ། འཁོན་པས་འགྲས་ཡུལ། འགྲས་བྱ། འགྲས་པར་བྱ། གྲོགས་དང་འགྲོགས་ཡུལ། འགྲོགས་བྱ། འགྲོགས་པར་བྱ། ལྟ་བུ། སོགས་མིང་གཞི་ཀ་སྡེ་གཅིག་པོའི་ནང་དུའང་འ་ཡིག་དངོས་པོ་གཞན་ལ་འཇུག་པ་དུ་མ་ཡོད་པའི་ཕྱིར། དེ་དག་ཁྱེད་ཀྱིས་མིང་རྐྱང་དུ་འདོད་པའི་དབང་དུ་གཏང་ན་ཡང་ད་དུང་ཁྱེད་ཀྱི་འདོད་པ་ཇི་ལྟ་བ་བཞིན་ཏུ་མི་འགྲུབ་སྟེ། འཁེང་བྱའི་ཆུ། འཁྲབ་བྱའི་གར། འབྱིད་བྱའི་མཆུ། འཐུ་བྱའི་མེ་ཏོག ལྟ་བུ་དང༌། འཁེངས་ཟིན། འཁྲབ་ཟིན། འབྱིད་ཟིན། འཐུ་ཟིན། ཞེས་དུས་གསུམ་བདག་གཞན་གྱི་ཁྱད་པར་གསལ་པོ་ཕྱེ་རྒྱུ་ཡོད་པས་མིང་རྐྱང་དུ་ག་ལ་བསྒྲུབ་ནུས། དེས་ན་སྔོན་འཇུག་གི་འ་ཡིག་དངོས་པོ་བདག་གཞན་གཉིས་ཀྱི་ནང་ནས་གཞན་ལ་འཇུག་པ་ཉུང་ཞིང༌། འགའ་ཞིག་འཇུག་པ་ཡང་ཕལ་ཆེར་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན་ཏེ། དེ་དག་གི་དཔེ་མཚོན་འགའ་ཞིག་འགོད་ན། ལམ་དགག་དང་འགོག ཆུས་དགང་དང་འགེངས། ཁ་དགབ་དང་འགེབས། ལོགས་སུ་དགར་དང་འགེར། ཁལ་དགལ་དང་འགེལ་ལྟ་བུ་རྣམས་དང༌། དངོས་པོ་བདག་ལ་འ་སྔོན་འཇུག་ཐོབ་ཀྱང༌། དེའི་ཚིག་ཟླས་དྲངས་པའི་དངོས་པོ་གཞན་ལ་འ་ཡིག་མི་ཐོབ་པས་ཤེས་ནུས་སོ།། བྱེད་འབྲེལ་ལས་ཚིག་དུས་འདས་པ་ལ་འ་ཡིག་སྔོན་འཇུག་ཐོབ་པ་དེ་ཙམ་མི་མང་ཡང་བྱེད་མེད་ལས་ཚིག་སྤྱི་དང་ལྷག་པར་བྱ་བྱེད་ཐ་མི་དད་པའི་ལས་ཚིག་འདས་པ་ལ་འ་འཕུལ་ཐོབ་པ་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་དེ་དག་ལ་འ་ཡིག་གཙོ་བོར་མི་འཇུག་སྟེ། ལས་ཚིག་མ་འོངས་པ་ལ་ལྟོས་ཏེ་འདས་པ་ལ་འཇུག་པ་ཉུང་བའི་ཕྱིར། དཔེར་ན། འཆག་དང་བཅག འགྲུབ་དང་གྲུབ། འགྱུར་དང་གྱུར། འདག་དང་དག འཆར་དང་ཤར། འབྱུང་དང་བྱུང༌། འཛད་དང་ཟད། འཁལ་དང་བཀལ། ལྟ་བུ་སོགས། སྔ་མ་རྣམས་ལས་ཚིག་མ་འོངས་པ་ཡིན་པས་འ་འཕུལ་ཐོབ་ཅིང༌། ཕྱི་མ་རྣམས་ལས་ཚིག་འདས་པ་ཡིན་པས་འ་འཕུལ་མི་ཐོབ་པས་མཚོན་ནུས་སོ།། འདི་དག་ནི་ཉམས་མྱོང་ཚད་མའི་བཤད་པ་ཡིན་པས་ཞིབ་ཏུ་གཟིགས་ཤིང་བརྟགས་ནས་ལག་ལེན་དུ་བཞེད་པར་མཛོད་ཅིག སི་ཏུའི་འགྲེལ་ཆེན་ལས་རྗེས་འཇུག་གི་སྔ་མ་གང་ལྟར་འགྱུར་བ་འཆད་པའི་སྐབས། འ་ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པ་ཙམ་ནི་གསལ་བར་མཐོང་བ་སྔོན་རྗེས་ཀྱི་དཔེར་བརྗོད་བཀོད་པ་རྣམས་སུ་གསལ་ཞིང་གྲགས་ཆེ་བ་དེར་ཟད། ཅེས་པའི་ཚིག་རིས་ལ་བརྟེན་ནས། དཀའ་གནད་གསལ་མེ་ལས། འོན་ཀྱང་བྱེད་པོ་གཞན་དངོས་དང༌།། འབྲེལ་བའི་འདས་ལ་འས་སྔོན་འཇུག། མེད་པར་ངེས་་་༌།། ཞེས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་དུས་འདས་པ་ལ་སྔོན་འཇུག་འ་ཡིག་མི་ཐོབ་པས་ཁྱབ་པ་ངེས་པ་ལྟར་གསུང་འདུག་པ་ཉིད། བྱེད་འབྲེལ་ལས་ཚིག་འདས་པ་ལ་སྔོན་འཇུག་འ་ཡིག་ཐོབ་པ་ཆེས་ཤིན་ཏུ་ཉུང་བར་དགོངས་ན་མ་གཏོགས། ངེས་པའམ་ཁྱབ་པའི་མཐས་བཀག་ན་མི་འཐད་པ་ཤིན་ཏུ་གསལ་ཏེ། བྱེད་འབྲེལ་ལས་ཚིག་དུས་འདས་པ་ལ་སྔོན་འཇུག་འ་ཡིག་ཐོབ་ས་དུ་མ་ཡོད་པའི་ཕྱིར། དཔེར་ན། དམ་བཅའི་ཁས་འཆེས་ཟིན་པ། བྲོ་འཁྲབས་ཟིན། ཤེས་བྱའི་གནས་ལ་བརྩོན་པས་འགྲུས་ཟིན། ཕག་ཏུ་འཇབས། ཐག་པ་འཐེནད། གཞན་ལ་འཕྱས། གད་སྙིགས་འཕྱགས། རུ་ཚོན་འཕྱརད། མདའ་འཕངས། རྒྱན་གོས་ཀྱིས་འཕྱོརད། རྨ་འཕྲུགས། ཇག་པས་འཕྲོགས། ཆུ་འབོགས། དགྲ་ལ་འཛིངས། སྐས་ལ་འཛེགས། མདུང་གིས་འཛེམས། ལྟ་བུ་སྟེ། འདི་དག་མིག་གིས་མཐོང་བཞིན་དུ་ཁྱབ་པའི་མཐའ་བཟུང་བ་ནི་རྩེ་གཅིག་སྒྲུབ་ལ་གཞོལ་བའི་ཀུ་སུ་ལི་ཆེན་པོ་ཉམས་ལེན་གྱི་ཀློང་ནས་རིགས་པའི་ལམ་ལ་མཐོང་ཐོས་ཀྱི་གོ་རྒྱ་གཅོད་ལོངས་མ་བྱུང་བའི་རྣམ་པར་མཚོན་བྱེད་ཙམ་དུ་ཟད་དོ།། གཞན་དག་ན་རེ། སི་ཏུའི་འགྲེལ་ཆེན་གྱི་ལུང་དེ་རྗེས་འཇུག་འ་ཡིག་དུས་འདས་པ་ལ་མི་འཇུག་པའི་དོན་ཡིན་གྱི། སྔོན་འཇུག་གི་འ་ཡིག་ལ་དེ་ལྟར་མི་འཐད་མོད། ཚུལ་འདི་དངུལ་ཆུ་ཡབ་སྲས་ཀྱིས་མ་མཁྱེན་པའི་བཤད་པ་ཡིན་ཞེས་སྨྲ། འོ་ན། རྗེས་འཇུག་འ་ཡིག་ཡིན་ན། ཁྱོད་དུས་འདས་པ་ལ་མི་འཇུག་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཏམ་གོ་ཟིན་པ་དང༌། ནད་ན་ཟིན་པ། སྡུག་བསྔལ་ལས་ཉེ་བར་ཞི་ཟིན་པ། རྣམས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་བྱ་ཚིག་གང་ཞིག་རང་གི་ཚིག་ཟླ་མ་འོངས་པ་དང་ད་ལྟ་བ་གཉིས་ཀ་ཁྱོད་ལ་བརྟེན་ནས་འཇོག་ཐུབ་པའི་ལས་ཚིག་ཡིན་པའི་ཕྱིར། སོམས་ཤིག དེ་དག་གི་འདས་པ་ལ་དེང་སང་འ་ཡིག་འབྲི་བའི་སྲོལ་མེད་པའི་ཕྱིར་སྙམ་ན། མ་ཁྱབ་སྟེ། དེང་སང་མི་འབྲི་ཡང༌། རྗེས་འཇུག་བཅུ་པོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་པ་འདི་ཐོན་མིའི་རྡོ་རྗེའི་བཀའ་ལུང་ཡིན་པའི་ཕྱིར། གལ་ཏེ་འཇུག་པ་ཉུང་པ་ཙམ་ལ་དགོངས་ན་ནི་ཤིན་ཏུའང་མོད་དེ་ལག་ལེན་ལ་ཕན་པའི་ལེགས་བཤད་ཉིད་དུ་གོའོ།། རྩ་བ་ལས། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་ཡིག་རྙིང་ཁུངས་ཐུབ་རྣམས་ལ་ཡོངས་སུ་གྲགས་པ་མ་ཟད། སྣར་ཐང་དང༌། པེ་ཅིན། ཅོ་ནེ། སྡེ་དགེ་སྟེ་བསྟན་འགྱུར་པར་མ་བཞི་ཀའི་ནང་དེ་བཞིན་འཁོད་འདུག་མོད། ཕྱིས་འགྲེལ་གྲགས་ཅན་ཁ་ཅིག་གི་རྗེས་འབྲངས་དང་བཅས་པས། མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་རྩ་བའི་ཚིག་ལ་བཟོ་བཅོས་མཛད་གནང་བ་འདིས་འ་ཡིག་ད་ལྟ་བ་ལ་འཇུག་པ་ཡོད་པ་ཙམ་ལ་དགོངས་པ་ཡིན་ན་ནི། དེ་ལྟ་ན་སྔོན་འཇུག་ལྔ་ཀ་བདག་གཞན་བྱ་བྱེད་འདས་སྐུལ་དང་བཅས་པར་འཇུག་པས། སྔོན་འཇུག་གི་དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་གཞུང༌། ཚིག་རྐང་བཞི་ག་ལ་བཟོ་བཅོས་མཛད་ན་མ་གཏོགས་འ་ཡིག་གི་འཇུག་པ་གཅིག་པོ་ལ་བཟོ་བཅོས་མཛད་པས་རྔོ་མི་ཐོགས་པར་འགྱུར་རོ། །མང་པོ་ཞིག་ལ་འཇུག་པའི་དབང་གིས་བཟོ་བཅོས་པ་ཡིན་ཞེ་ནའང་དམ་བཅའ་མི་ཟིན་ཏེ། དེ་ལྟ་ན། སྔོན་འཇུག་གི་བ་ཡིག་དུས་མ་འོངས་པ་ལ་འཇུག་པ་ཤིན་ཏུ་མང་ཞིང༌། དེ་བཞིན་དུ། མ་ནིང་ག་ད་གཉིས་མ་འོངས་པ་ལ་འཇུག་པའང་མང་པོ་ཡོད་པས། རྩ་བའི་ཚིག་རྐང་བཞི་ག་ལ་བཟོ་བཅོས་མཛད་དགོས་པར་འགྱུར་བའི་ཉེས་པ་སོ་ན་གནས་སོ། །རྒྱུ་མཚན་དེ་དག་ལ་བརྟེན་ནས་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས། སི་ཏུ་་པཎ་ཆེན་དང་བསྟན་དར་ལྷ་རམས་པའི་འགྲེལ་པར། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་རྩ་ཚིག་གི་སྡེབ་བཅོས་ནས་གསུངས་པ་བློ་དམན་རྣམས་གོ་སླ་ཕྱིར་དགོངས་དག་པར་སྣང་ཡང༌། ཞེས་ཡང་གི་སྒྲས་སྔུན་བསུས་ཏེ། འོག་ནས་འགྲེལ་བ་གཉིས་ཀྱི་དགོངས་བཞེད་ལྟར་སྡེབ་བཅོས་ན། ཕོ་ནི་འདས་གཞན་བསྒྲུབ་མ་འོངས།། མ་ནིང་གཉིས་ཀ་ད་མ་ནིང༌།། མོ་ནི་བདག་གཞན་ད་མ་འོངས།། ཞེས་པའི་སྡོམ་ཚིག་བཀོད་པའི་ཟོལ་བཅས་པ་ནི་སི་ཏུ་རྗེས་འབྲངས་དང་བཅས་པ་ལ་ཟུར་ཟའི་མདའ་མོ་འཕེན་པ་དང་འདྲ་བར་གནད་ལ་འཁེལ་བའི་སུན་འབྱིན་རང་དུ་གྱུར་འདུག་སྙམ། དགེ་ལེགས་དྲི་བསུང་མངར་མོ་དང་འགྲོགས་པའི།། མཁས་པའི་གསུང་སྒྲོས་མ་ལ་ཡ་ཡི་རླུང༌།། ཕོག་ཚེ་ཟླ་ཟེར་འཐུང་བའི་ཀུ་མུད་བཞིན།། ཀུན་དགའི་དཔལ་གྱིས་ཡིད་དག་བཟི་བར་གྱུར།། ཕྱོགས་འཛིན་རླུང་རླབས་ཞི་བའི་སྤྲོ་ཁང་ན།། དཔྱད་གསུམ་རིགས་པས་བདར་བའི་སྒྲོན་མེ་འདི།། མཁས་པའི་ལྷ་ཚོགས་མཉེས་པའི་མཆོད་སྤྲིན་ལས།། ཡོད་དགུ་ཞུགས་ལ་བརྫངས་པའི་མེ་སྟག་མིན།། དེ་སླད་འདི་ན་དཔྱོད་ལྡན་མཛངས་མའི་རིགས།། གལ་ཏེ་ཉིན་མོའི་སྐར་མ་འགའ་མཆིས་ན།། དཀྱུས་རིང་སྤྱན་ཞགས་རྫི་མས་མ་བསླད་པར།། ལ་འུར་སྨིན་འཁྱོགས་ཟུར་མིག་གཡོས་དང་ཀྱེ།།
༤ སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ།
རྩ་བར། ཤིན་ཏུ་མོ་ནི་མཉམ་པས་སོ།།
ཞེས་གསུངས་ཏེ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་དངོས་པོ་བདག་གཞན་དང༌། བྱ་བྱེད་ལས་གསུམ། དུས་གསུམ་ཀུན་ལ་ཁྱད་པར་མེད་པ་མཉམ་པར་འཇུག་པས་སོ།། ཞེས་པའོ། །
༈ མ་ཡིག་དངོས་པོ་བདག་ལ་འཇུག་པ་ནི་དཔེར་ན།
བྱེད་པ་པོ། བྱེད་པ། བྱེད་པའི་ལས།
ལྷ། མཆོད་པ་པོ། མཆོད་བྱེད། མཆོད་པར་བྱེད།
ཁོག་ཏུ་མཁྱུད་པ་པོ། མཁྱུད་བྱེད། མཁྱུད་པར་བྱེད། ལྟ་བུ་བྱེད་འབྲེལ་ལས་ཚིག་དངོས་དང༌།
ཡོ་བྱད། མཁོ་བ་པོ། མཁོ་བྱེད། མཁོ་བར་བྱེད།
སེམས། མགུ་བ་པོ། མགུ་བྱེད། མགུ་བར་བྱེད། ལྟ་བུ་བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་ལ་འཇུག་གོ།
༈ མ་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། དཔེར་ན། མཆོད་བྱའི་ལྷ། མཆོད་བྱ། མཆོད་པར་བྱ། མཁྱུད་བྱའི་དཀའ་གནད། མཁྱུད་བྱ། མཁྱུད་པར་བྱ། ལྟ་བུ་དང༌། གཞན་དངོས་དང་གཞན་དང་འབྲེལ་བའི་ལས་ལ་འཇུག་པ་ནི། མགུ་བྱའི་སེམས། མགུ་བར་བྱ། མཁོ་བྱའི་ཡོ་བྱད། མཁོ་བར་བྱ། ལྟ་བུ་གཞན་རྗེས་མཐུན་པ་ལ་འཇུག་གོ།
༈ མ་ཡིག་དུས་གསུམ་ག་ལ་འཇུག་པ་ནི། དཔེར་ན། མཆོད་པར་འགྱུར། མཆོད་བཞིན་པ། མཆོད་ཟིན། མཁྱེན་ཁ་མ། མཁྱེན་བཞིན་པ། མཁྱེན་ཟིན། མཁྱེན་ལ་ཉེ། མཁྱེན་པའི་སྐབས། མཁྱེན་ཚར། མཁྱེན་རྒྱུ་རེད། མཁྱེན་གྱིན་འདུག། མཁྱེན་པར་བྱས། ལྟ་བུའོ།།
༈ མ་ཡིག་བདག་དང་འབྲེལ་བའི་བྱེད་ལས་མ་འོངས་པས་བསྡུས་པ་སྐུལ་ཚིག་ལ་འཇུག་པ་ནི། དཔེར་ན། ལྷ་མཆོད་ཅིག ཀུན་མཁྱེན་ཅིག ཁོག་པ་མངོགས་ཤིག ལྕགས་མགོར་ཅིག ལྟ་བུ་གོང་གསལ་སྔོན་འཇུག་མ་ཡིག་གི་འཇུག་པ་དེ་དག་སྡོམ་ཚིག་ཏུ་འགོད་ན།
མཁས་བྱ་མཁས་བྱེད་མཁས་མཁས་ཤིག།
མཁོ་བྱ་མཁོ་བྱེད་མཁོ་མཁོ་ཞིག།
མཁྱུད་བྱ་མཁྱུད་བྱེད་མཁྱུད་མཁྱུད་ཅིག།
མཁྱེན་བྱ་མཁྱེན་བྱེད་མཁྱེནད་མཁྱེནད་ཅིག།
མགར་བྱ་མགར་བྱེད་མགརད་མགོར་ཅིག།
མངག་བྱ་མངག་བྱེད་མངགས་མངོགས་ཤིས།།
མངད་བྱ་མངོད་བྱེད་མངད་མངོད་ཅིག། བསླུ་བའི་བརྡ་རྙིང་
མངའ་བྱ་མངའ་བྱེད་མངའ་མངའ་ཞིག།
མཆོད་བྱ་མཆོད་བྱེད་མཆོད་མཆོད་ཅིག།
མཇལ་བྱ་མཇལ་བྱེད་མཇལ་མཇོལ་ཞིག།
མཉན་བྱ་ཉན་བྱེད་མཉན་ཉོན་ཅིག།
མཉེ་བྱ་མཉེ་བྱེད་མཉེས་མཉེས་ཤིག།
མཉེད་བྱ་མཉེད་བྱེད་མཉེས་མཉེས་ཤིག།
མཉེལ་བྱ་མཉེལ་བྱེད་མཉེལ་མཉེལ་ཅིག།
མནག་བྱ་མནག་བྱེད་མནག་མནོགས་ཤིག།
མནབ་བྱ་མནབ་ནབབྱེད་མནབས་མནོབས་ཤིག།
མནམ་བྱ་མནོམ་ནོམ་བྱེད་མནམས་མནོམས་ཤོག།
མནན་བྱ་གནོན་བྱེད་མནན་ནོད་ཅིག།
མནལ་བྱ་མནལ་བྱེད་མནལ་མནོལ་ཅིག།
མནོ་བྱ་ནོད་བྱེད་མནོས་ནོས་ཤིག།
མནོལ་བྱ་མནོལ་བྱེད་མནོལ་མནོལ་ཅིག།
མཚན་བྱ་མཚོན་བྱེད་མཚན་མཚོན་ཅིག།
མཚོན་བྱ་མཚོན་བྱེད་མཚོན་མཚོན་ཅིག།
མཛངས་བྱ་མཛངས་བྱེད་མཛངས་མཛོངས་ཤིག།
མཛད་བྱ་མཛད་བྱེད་མཛད་མཛོད་ཅིག།
མཛའ་བྱ་མཛའ་བྱེད་མཛའ་མཛའ་ཤིག།
མཛེས་བྱ་མཛེས་བྱེད་མཛེས་མཛེས་ཤིག།
དེ་དག་བྱ་བྱེད་ཐ་དད་པས།།
བདག་གཞན་དུས་གསུམ་དབྱེ་རུང་ལ།།
བདག་གཞན་དབྱེ་བ་མི་རུང་ཡང༌།།
དུས་གསུམ་དབྱེ་རུང་འདི་ལྟར་ཏེ།།
མཁོ་ཟིན་མཁོ་བཞིན་མཁོ་བར་འགྱུར།།
མགུ་ཟིན་མགུ་བཞིན་མགུ་བར་འགྱུར།།
མངོན་ཟིན་མངོན་བཞིན་མངོན་པར་འགྱུར།།
མཆི་ཟིན་མཆི་བཞིན་མཆི་བར་འགྱུར།།
མཆོད་ཟིན་མཆོད་བཞིན་མཆོད་པར་འགྱུར།།
མཐུད་བྱ་མཐུད་བྱེད་མཐུད་མཐུད་ཅིག།
མཐུན་ཟིན་མཐུན་བཞིན་མཐུན་པར་འགྱུར།༌།
མཐོང་ཟིན་མཐོང་བཞིན་མཐོང་བར་འགྱུར།།
མཐོན་ཟིན་མཐོན་བཞིན་མཐོན་པར་འགྱུར།།
མདུད་ཟིན་མདུད་བཞིན་མདུད་པར་འགྱུར།།
མཚེར་བྱ་མཚེར་བྱེད་མཚེར་མཚེར་ཅིག།
འདི་དག་བྱ་བྱེད་ཐ་དད་མེད་པའི་ཕྱིར།།
བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་ཞེས་ཟེར།།
དེས་ན་བདག་གཞན་དབྱེ་བ་དངོས་མིན་ཡང༌།།
རྗེས་མཐུན་ཙམ་གྱི་དབྱེ་བ་རུང་བར་བཤད།།
སྔོན་འཇུག་མ་ཡིག་གི་བྱ་བྱེད་འདས་སྐུལ་དང་བཅས་པ་ཕལ་ཆེར་སྡོམ་ཚྀག་འདིའི་ནང་མ་འདུས་པ་མེད་སྙམ་སྟེ། སྤྱིར་སྔོན་འཇུག་ལྔའི་ནང་ནས་བྱ་བྱེད་འདས་སྐུལ་གྱི་ཁྱད་པར་སྟོན་པའི་ལས་ཚིག་ལ་མ་ཡིག་འཇུག་པ་ཉུང་ཤས་ཡིན་ནོ། །གོང་གསལ་སྡོམ་ཚིག་ཏུ་བཀོད་པའི་ནང་གི་འགའ་ཞིག་ནི། རྟགས་འགྲེལ་ཁ་ཅིག་ཏུ་བྱེད་འབྲེལ་ཀྱི་ལས་ཚིག་བཤད་པ་ལ། གཞན་དག་བྱེད་མེད་ལས་ཚིག་ཏུ་བཤད་པ་སོགས་མི་མཐུན་པ་དུ་མ་འདུག་ནའང་ཞིབ་ཏུ་དཔྱོད་ཁུར་གྱིས་རང་གི་འདོད་བློ་ལྟར་བསྒྲིགས་པ་ལགས་ཤིང༌། གང་ཞིག་འཐད་མིན་ནི་དངོས་པོ་བདག་གཞན་གྱི་དབྱེ་བ་བཤད་པའི་སྐབས་ཀྱི་རིགས་པ་ལ་བརྟེན་ནས་ཞིབ་ཏུ་བརྟག་དགོས་སོ།།
ཤིན་ཏུ་མོ་མ་ཡིག་བདག་གཞན་དུས་གསུམ་ཀུན་ལ་མཉམ་པར་འཇུག་པས་མ་ཁྱབ་པའི་མཚོན་གཞི་འགའ་ཞིག་བགྲང་ན།
སྐད་ཆ་མཉན་བྱ་ཉན་བྱེད་མཉན་ཉོན་ཅིག།
ན་བཟའ་མནབ་བྱ་ནབ་བྱེད་མནབས་མནོབས་ཤིག།
དྲི་མ་མནམ་བྱ་ནོམ་བྱེད་མནམས་མནོམས་ཤིག།
འོག་ཏུ་མནན་བྱ་གནོན་བྱེད་མནན་ནོནད་ཅིག།
སྡོམ་པ་མནོ་བྱ་ནོད་བྱེད་མནོས་ནོས་ཤིག།
ལྟ་བུའི་ད་ལྟ་བ་ལྔ་པོ་ཁོ་ན་ལ་མ་སྔོན་འཇུག་མི་ཐོབ་པ་ཕུད། དེ་བྱིངས་བྱ་བྱེད་ཐ་དད་དང་མི་དད་ཀྱི་ཁྱད་པར་ལ་མི་ལྟོས་པར་བྱ་བྱེད་འདས་སྐུལ་དང་བཅས་པ་ལ་ཆ་མཉམ་པར་འཇུག་པ་འདི་ཡང་ཉམས་མྱོང་རྒན་པོའི་བསླབ་བྱར་ཤེས་པར་གྱིས་ཤིག།
འདི་ན་དེང་སང་མཁས་པའི་མིང་འཆང་བ།།
བྱེ་མའི་ཁང་བུ་བརྩེགས་མཁས་བྱིས་པའི་ཁྲོད།།
བློ་གྲོས་ན་ཚོད་རྒན་པོའི་འཚང་ག་ནི།།
ངེས་དོན་མཁས་པའི་སྤྱན་སྔར་ཇི་ལྟར་མཛའ།།
བསྐྱུར་ན་གསལ་རིག་སེམས་ཀྱིས་མི་བཟོད་ཅིང༌།།
འཆང་ན་ཕྲག་དོག་ཅན་གྱི་སྙིང་ལ་གཟེར།།
དེ་ཕྱིར་གང་ཞིག་གདམ་ལ་འཛིང་བཞིན་དུ།།
རྒན་བྱིས་ལྷན་ཅིག་རྩེད་རར་འགྲིམས་དགོས་བྱུང༌།།
ལམ་འདི་ཇི་བཞིན་ཤེས་པའི་བག་ཆགས་ཅན།།
གལ་ཏེ་ཉིན་མོའི་སྐར་ཆེན་འགའ་མཆིས་ཚེ།།
དེ་ཀོ་བློ་ཡི་རྒྱ་མཚོའི་གོས་ཅན་མར།།
རྣམ་པར་བཤད་འདི་དུས་ཐོག་ཆར་པ་ཉིད།།
ཟླ་གཞོན་རང་གི་རྗེས་འབྲངས་སྐར་ཚོགས་དང༌།།
འགྲོགས་པ་རྫོགས་པའི་དུས་སྟོན་དཀར་བའི་མདངས།།
སྐལ་ཆད་འབྱུང་པོའི་འདབ་ལྡན་མིག་དག་ལ།།
རྒུད་པའི་མུན་གནག་འབབ་པ་སུ་ཡིས་འགོག།
བརྡ་དོན་སྐྱེད་ཚལ་རིན་ཆེན་མྱུ་གུའི་དཔལ།།
གསར་པས་རྣམ་མཛེས་དེ་ཀོ་ཡོན་ཏན་ཚོགས།།
གཙུག་ཕུད་ཅན་དང་དབྱར་སྐྱེས་འགྲོན་པོ་བཞིན།།
གཟུགས་མཛེས་ཟོལ་གྱིས་སྒེག་པའི་རོལ་བ་འཛིན།།
༥ སྔོན་འཇུག་མི་ཐོབ་པའི་བྱ་བྱེད་འདས་སྐུལ་གྱི་ ཁྱད་པར་སྟོན་ཚུལ་བཤད་པ།
འོ་ན་བདག་གཞན་དུས་གསུམ་སྐུལ་ཚིག་དང་བཅས་པ་བསྟན་པའི་ནུས་པ་དེ་སྔོན་འཇུག་ཁོ་ནས་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྔོན་འཇུག་མི་ཐོབ་པའི་བྱ་ཚིག་བདག་གཞན་དུས་གསུམ་སྐུལ་ཚིག་དང་བཅས་པ་བསྟན་པ་ཡོད་པའི་ཕྱིར། དེ་ཡང་བྱ་བྱེད་དང་དུས་གསུམ་གང་རུང་ཙམ་བསྟན་པ་ནི་གོང་དུ་བཀོད་པའི་བ་ཡིག་འདས་ཚིག་ལ་འཇུག་པའི་ཟླས་དྲངས་པའི་ཆོས་སྒྲུབ་པ་པོ། སྒོམ་པ་པོ། པར་སྐྲུན་པ་པོ། སྒྲུབ་བཞིན་པ། སྒོམ་བཞིན་པ། སྐྲུན་བཞིན་པ་ལྟ་བུས་མཚོན་ཤིན་ཏུ་མང་ལ། དེ་དག་གི་དཔེར་བརྗོད་ནི་གོང་དུ་མང་པོ་ཞིག་བཀོད་ཟིན་པ་ལས་ཤེས་དགོས༌། གོང་དུ་བཤད་ཟིན་གྱི་ཚིག་ཟླས་མ་དྲངས་པ། བདག་གཞན་དུས་གསུམ་དང་བཅས་པ་ལ་སྔོན་འཇུག་མི་ཐོབ་པ་ཡང་ཤིན་ཏུ་མང་བ་དེ་དག་གི་དཔེ་མཚོན་ཙམ་འགོད་པར་འདོད་དེ། དངོས་པོ་བདག་ལ་བྱེད་པ་པོ་དང་བྱེད་པ་བྱེད་ལས་གསུམ་ཡོད་པ་ལས། ༈ བྱེད་པ་པོ་ལ་འཇུག་པ། མཛུབ་མོ་ཀེར་བ་པོ། ཐོག་ཁེགས་པ་པོ། དུས་ཁོམ་པ་པོ། ཀུན་ལ་ཁྱབ་པ་པོ། ཐུགས་ཁྲེལ་བ་པོ། ཐུགས་ཁྲོ་བ་པོ། ཐིག་ཁྱོག་པ་པོ། སྣོད་གང་བ་པོ། ཕག་ཏུ་གབ་པ་པོ། ཉམས་གུད་པ་པོ། གཏན་གོ་བ་པོ། ཀླད་ནས་གོག་པ་པོ། རྒན་ནས་གོག་པ་པོ། ཟོག་གོད་པ་པོ། སྒོམ་ནས་གོམས་པ་པོ། ལམ་གོལ་བ་པོ། ཡུལ་གྱར་བ་པོ། དབྱངས་གྱེར་བ་པོ། གོས་གྱོན་པ་པོ། འབྲུག་གྲགས་པ་པོ། ཁ་གྲམ་པ་པོ། ལུས་གྲིམ་པ་པོ། ཆག་ནས་གྲུག་པ་པོ། དངུལ་གྱིས་གླ་བ་པོ། ཉོབ་ནས་གླལ་བ་པོ། གཏམ་གླེང་བ་པོ། བཙོན་པ་གློད་པ་པོ། ལྐུགས་ནས་གླེན་པ་པོ། དཀའ་ནས་ངལ་བ་པོ། སྡུག་ནས་ངུ་བ་པོ། བློ་ལ་ངེས་བ་པོ། བློ་ལ་ངོམ་པ་པོ། དཀར་ཡོལ་ཆག་པ་པོ། སེམས་ཆགས་པ་པོ། ལམ་དུ་ཆས་པ་པོ། ནང་དུ་ཆུད་པ་པོ། ཁོག་ཏུ་ཆུབ་པ་པོ། ཡིད་ཆེས་པ་པོ། བདེན་པས་སྟོང་བ་པོ། འཁོར་བ་ལས་ཐར་བ་པོ། ནང་དུ་ཐལ་བ་པོ། མོ་ཐིག་པ་པོ། ཚོད་ཐིངས་པ་པོ། སྤྱི་བོ་ནས་ཐིམ་པ་པོ། གྲོགས་དང་ཐུག་པ་པོ། ཤུགས་ཀྱིས་ཐེག་པ་པོ། འབེན་ལ་ཐེབས་པ་པོ། རྐང་པ་ཐེང་བ་པོ། གྲས་ལ་ཐེ་བ་པོ། དགྲ་ཐུབ་པ་པོ། ལམ་དུ་ཐེགས་པ་པོ། ལག་ཏུ་ཐོགས་པ་པོ། རྣ་བས་ཐོས་པ་པོ། ལྷ་ལ་དད་པ་པོ། ཀླུང་རྟ་དར་བ་པོ། བརྩེ་བས་དུང་བ་པོ། ལམ་དུ་དོང་བ་པོ། མགོ་བོ་དུད་པ་པོ། སྨུག་པས་དུབ་པ་པོ། འཛིངས་ནས་དོ་བ་པོ། མཐའ་གཉིས་སུ་དོགས་པ་པོ། ཕ་མ་དྲན་པ་པོ། ཐུར་དུ་དྲུད་པ་པོ། ང་རྒྱལ་གྱིས་དྲེགས་པ་པོ། ཉི་འོད་ཀྱིས་དྲོ་བ་པོ། ནད་ན་བ་པོ། ནུ་མ་ནུ་བ་པོ། ཕྱིར་ནུད་པ་པོ། ཉི་མ་ནུབ་པ་པོ། ལས་ཀ་ནོང་བ་པོ། འོག་ཏུ་ནོན་པ་པོ། ས་སྤུང་བ་པོ། རྒྱན་གྱིས་སྤུད་པ་པོ། རླུང་གིས་སྤུར་བ་པོ། བསྟན་པ་སྤེལ་བ་པོ། གནས་སྤོ་བ་པོ། རྒྱས་བཤད་སྤྲོ་བ་པོ། སྡིག་པ་སྤོང་བ་པོ། གོ་གནས་སྤར་བ་པོ། ཆུ་ལ་སྤྱིང་བ་པོ། ས་མཐར་སྤྱུག་པ་པོ། ཚིག་ངན་གྱིས་སྤྱོ་བ་པོ། ལོངས་སུ་སྤྱོད་པ་པོ། ལྷ་ཚོགས་སྤྱོན་པ་པོ། གཞན་ལ་ངོམས་པའི་སྤྱོམ་པ་པོ། རྒྱན་གྱིས་སྤྲས་པ་པོ། ཡི་གེ་སྤྲིངས་པ་པོ། གཏིང་ནས་སྤྲུག་པ་པོ། ཐུགས་ཀྱིས་སྤྲུལ་བ་པོ། གཞན་ལ་སྤྲོད་པ་པོ། ནད་ལ་ཕན་པ་པོ། ལམ་དུ་ཕེབས་པ་པོ། ཆུས་བང་བ་པོ། རློན་གྱིས་བད་པ་པོ། རོ་བམ་པ་པོ། ནོར་བོར་བ་པོ། བླ་རེ་བྲེས་པ་པོ། ཡོན་ཆབ་བྲན་པ་པོ། ལྕག་གིས་བྲབ་པ་པོ། ཆགས་པས་བྱི་བ་པོ། དུས་ཀྱིས་བྲེལ་བ་པོ། དངུལ་གྱིས་བླུ་བ་པོ། ཆུ་བླུད་པ་པོ། རྣ་བ་བླག་པ་པོ། ཆུ་བླུག་པ་པོ། ནོར་ལ་དབང་བ་པོ། བུ་ལ་བྱམས་པ་པོ། དགྲ་ལ་རྦོད་པ་པོ། དྲི་མས་སྦག་པ་པོ། རྐུ་རྫས་སྦེད་པ་པོ། ཆུས་སྦང་བ་པོ། མེ་སྦོར་བ་པོ། གྲོད་ཁོག་སྦོས་པ་པོ། ནོར་སྦྱིན་པ་པོ། ཕན་ཚུན་སྦྱོར་བ་པོ། རིག་གནས་སྦྱོང་བ་པོ། སྨན་གྱིས་སྦྲིད་པ་པོ། བུད་མེད་སྦྲུམ་པ་པོ། མཉམ་དུ་སྦྲེལ་བ་པོ། ཟས་མིད་པ་པོ། ཟས་མུར་བ་པོ། གྲོལ་མོལ་བ་པོ། བློ་ལ་མོས་པ་པོ། རོ་མྱག་པ་པོ། ལྐོག་ནས་མྱུལ་བ་པོ། རོ་མྱོང་བ་པོ། ཆང་གིས་མྱོས་བ་པོ། ཟས་ཀྱིས་ཚིམས་པ་པོ། རྐང་པ་ཞ་བ་པོ། མིག་ཞར་བ་པོ། སེམས་ཞི་བ་པོ། གཏམ་ཞུ་བ་པོ། ཐུར་དུ་ཞུད་པ་པོ། དཔའ་ཞུམ་པ་པོ། སྐྲག་ནས་ཞེད་པ་པོ། ཆགས་པའི་ཞེན་པ་པོ། ཟས་ཟ་བ་པོ། སྐྲ་ཟིང་བ་པོ། རྗེས་སུ་འོང་བ་པོ། རྣ་བ་འོན་པ་པོ། དངོས་པཽ་འོར་བ་པོ། སེམས་རྒྱ་ལ་ཡན་པ་པོ། འཇའ་ཡལ་བ་པོ། ཕག་ཏུ་ཡིབ་པ་པོ། ཡུར་མ་ཡུར་བ་པོ། ཁ་ཡེང་བ་པོ། ཐིག་ཡོ་བ་པོ། ཟུར་དུ་ཡོལ་བ་པོ། ཐུག་པ་ཡོགས་པ་པོ། ནང་དུ་ཡོང་བ་པོ། ནོར་རག་པ་པོ། ཡིད་རང་བ་པོ། གོས་རལ་བ་པོ། མིག་གིས་རིག་པ་པོ། ཐང་དུ་རིལ་བ་པོ། ཕྱོགས་གཅིག་ཏུ་རུག་པ་པོ། སྐམ་ནས་རུད་པ་པོ། མེ་ཏོག་ཁ་རུབ་པ་པོ། མཉམ་དུ་རུབ་པ་པོ། ཕྲུ་གུ་རུམ་པ་པོ། ཟས་རུལ་བ་པོ། མི་ལ་རེ་བ་པོ། ལུས་ལ་རེག་པ་པོ། འཁྱགས་ནས་རེང་བ་པོ། ལོངས་སྤྱོད་ལ་རོལ་བ་པོ། ཉལ་ས་ནས་ལང་བ་པོ། གློ་ལུ་བ་པོ། ཆུ་ལུད་པ་པོ། གཅིག་པུ་ལུས་པ་པོ། ལག་ཏུ་ལེན་པ་པོ། ནང་དུ་ལོག་པ་པོ། མིག་ལོང་བ་པོ། ལོ་ལོན་པ་པོ། བསླབས་ནས་ལོབ་པ་པོ། ལག་ནས་ཤོར་བ་པོ། ལྟ་བུའོ།། ༈ བྱེད་པ་ཕལ་པ་ལ་འཇུག་པ། མཛུབ་མོ་ཀེར་བྱེད། ཐོག་ཁེགས་བྱེད། དུས་ཁོམ་བྱེད། ཀུན་ལ་ཁྱབ་བྱེད། ཐུུགས་ཁྲེལ་བྱེད། ཐུགས་ཁྲོ་བྱེད། ཐིག་ཁྱོག་བྱེད། སྣོད་གང་བྱེད། ཕག་ཏུ་གབ་བྱེད། ཉམས་གུད་བྱེད། གཏམ་གོ་བྱེད། ཀླད་ནས་གོག་བྱེད། རྒན་ནས་གོག་བྱེད། ཟོག་གོད་བྱེད། སྒོམ་ནས་གོམས་བྱེད། ལམ་གོལ་བྱེད། ཡུལ་གྱར་བྱེད། དབྱངས་གྱེར་བྱེད། གོས་གྱོན་བྱེད། འབྲུག་གྲགས་བྱེད། ཁ་གྲམ་བྱེད། ལུས་གྲིམ་བྱེད། ཆག་ནས་གྲུག་བྱེད། དངུལ་གྱིས་གླ་བྱེད། ཉོབ་ནས་གླལ་བྱེད། གཏམ་གླེང་བྱེད། བཙོན་བྱེད་གློད་བྱེད། ལྐུགས་ནས་གླེན་བྱེད། དཀའ་ནས་ངལ་བྱེད། སྡུག་ནས་ངུ་བྱེད། བློ་ལ་ངེས་བྱེད། བློ་ལ་ངོམ་བྱེད། དཀར་ཡོལ་ཆག་བྱེད། སེམས་ཆགས་བྱེད། ལམ་དུ་ཆས་བྱེད། ནང་དུ་ཆུད་བྱེད། ཁོག་ཏུ་ཆུབ་བྱེད། ཡིད་ཆེས་བྱེད། བདེན་པས་སྟོང་བྱེད། འཁོར་བ་ལས་ཐར་བྱེད། ནང་དུ་ཐལ་བྱེད། མོ་ཐིག་བྱེད། ཚོད་ཐིངས་བྱེད། སྤྱི་བོ་ནས་ཐིམ་བྱེད། གྲོགས་དང་ཐུག་བྱེད། ཤུགས་ཀྱིས་ཐེག་བྱེད། འབེན་ལ་ཐེབས་བྱེད། རྐང་པ་ཐེང་བྱེད། གྲས་ལ་ཐེ་བྱེད། དགྲ་ཐུབ་བྱེད། ལམ་དུ་ཐེགས་བྱེད། ལག་ཏུ་ཐོགས་བྱེད། རྣ་བས་ཐོས་བྱེད། ལྷ་ལ་དད་བྱེད། ཀླུང་རྟ་དར་བྱེད། བརྩེ་བས་དུང་བྱེད། ལམ་དུ་དོང་བྱེད། མགོ་བོ་དུད་བྱེད། སྨུག་པས་དུབ་བྱེད། འཛིངས་ནས་དོ་བྱེད། མཐའ་གཉིས་སུ་དོགས་བྱེད། ཕ་མ་དྲན་བྱེད། ཐུར་དུ་དྲུད་བྱེད། ང་རྒྱལ་གྱིས་དྲེགས་བྱེད། ཉི་འོད་ཀྱིས་དྲོ་བྱེད། ནད་ན་བྱེད། ནུ་མ་ནུ་བྱེད། ཕྱིར་ནུད་བྱེད། ཉི་མ་ནུབ་བྱེད། ལས་ཀ་ནོང་བྱེད། འོག་ཏུ་ནོན་བྱེད། ས་སྤུང་བྱེད། རྒྱན་གྱིས་སྤུད་བྱེད། རླུང་གིས་སྤུར་བྱེད། བསྟན་པ་སྤེལ་བྱེད། གནས་སྤོ་བྱེད། རྒྱས་བཤད་སྤྲོ་བྱེད། སྡིག་བྱེད་སྤོང་བྱེད། གོ་གནས་སྤར་བྱེད། ཆུ་ལ་སྤྱིང་བྱེད། ས་མཐར་སྤྱུག་བྱེད། ཚིག་ངན་གྱིས་སྤྱོ་བྱེད། ལོངས་སུ་སྤྱོད་བྱེད། ལྷ་ཚོགས་སྤྱོན་བྱེད། གཞན་ལ་ངོམས་པའི་སྤྱོམ་བྱེད། རྒྱན་གྱིས་སྤྲས་བྱེད། ཡི་གེ་སྤྲིངས་བྱེད། གཏིང་ནས་སྤྲུག་བྱེད། ཐུགས་ཀྱིས་སྤྲུལ་བྱེད། གཞན་ལ་སྤྲོད་བྱེད། ནད་ལ་ཕན་བྱེད། ལམ་དུ་ཕེབས་བྱེད། ཆུས་བང་བྱེད། རློན་གྱིས་བད་བྱེད། རོ་བམ་བྱེད། ནོར་བོར་བྱེད། བླ་རེ་བྲེས་བྱེད། ཡོན་ཆབ་བྲན་བྱེད། ལྕག་གིས་བྲབ་བྱེད། ཆགས་པས་བྱི་བྱེད། དུས་ཀྱིས་བྲེལ་བྱེད། དངུལ་གྱིས་བླུ་བྱེད། ཆུ་བླུད་བྱེད། རྣ་བ་བླག་བྱེད། ཆུ་བླུག་བྱེད། ནོར་ལ་དབང་བྱེད། བུ་ལ་བྱམས་བྱེད། དགྲ་ལ་རྦོད་བྱེད། དྲི་མས་སྦག་བྱེད། རྐུ་རྫས་སྦེད་བྱེད། ཆུས་སྦང་བྱེད། མེ་སྦོར་བྱེད། གྲོད་ཁོག་སྦོས་བྱེད། ནོར་སྦྱིན་བྱེད། ཕན་ཚུན་སྦྱོར་བྱེད། རིག་གནས་སྦྱོང་བྱེད། སྨན་གྱིས་སྦྲིད་བྱེད། བུད་མེད་སྦྲུམ་བྱེད། མཉམ་དུ་སྦྲེལ་བྱེད། ཟས་མིད་བྱེད། ཟས་མུར་བྱེད། གྲོས་མོལ་བྱེད། བློ་ལ་མོས་བྱེད། རོ་མྱག་བྱེད། ལྐོག་ནས་མྱུལ་བྱེད། རོ་མྱོང་བྱེད། ཆང་གིས་མྱོས་བྱེད། ཟས་ཀྱིས་ཚིམས་བྱེད། རྐང་པ་ཞ་བྱེད། མིག་ཞར་བྱེད། སེམས་ཞི་བྱེད། གཏམ་ཞུ་བྱེད། ཐུར་དུ་ཞུད་བྱེད། དཔའ་ཞུམ་བྱེད། སྐྲག་ནས་ཞེད་བྱེད། ཆགས་པའི་ཞེན་བྱེད། ཟས་ཟ་བྱེད། སྐྲ་ཟིང་བྱེད། རྗེས་སུ་འོང་བྱེད། རྣ་བ་འོན་བྱེད། དངོས་པོ་འོར་བྱེད། སེམས་རྒྱ་ལ་ཡན་བྱེད། འཇའ་ཡལ་བྱེད། ཕག་ཏུ་ཡིབས་བྱེད། ཡུར་མ་ཡུར་བྱེད། ཁ་ཡེང་བྱེད། ཐིག་ཡོ་བྱེད། ཟུར་དུ་ཡོལ་བྱེད། ཐུག་པ་ཡོགས་བྱེད། ནང་དུ་ཡོང་བྱེད། ནོར་རག་བྱེད། ཡིད་རང་བྱེད། གོས་རལ་བྱེད། མིག་གིས་རིག་བྱེད། ཐང་དུ་རིལ་བྱེད། ཕྱོགས་གཅིག་ཏུ་རུག་བྱེད། སྐམ་ནས་རུད་བྱེད། མེ་ཏོག་ཁ་རུབ་བྱེད། མཉམ་དུ་རུབ་བྱེད། ཕྲུ་གུ་རུམ་བྱེད། ཟས་རུལ་བྱེད། མི་ལ་རེ་བྱེད། ལུས་ལ་རེག་བྱེད། འཁྱགས་ནས་རེང་བྱེད། ལོངས་སྤྱོད་ལ་རོལ་བྱེད། ཉལ་ས་ནས་ལང་བྱེད། གློ་ལུ་བྱེད། ཆུ་ལུད་བྱེད། གཅིག་པུ་ལུས་བྱེད། ལག་ཏུ་ལེན་བྱེད། ནང་དུ་ལོག་བྱེད། མིག་ལོང་བྱེད། ལོ་ལོན་བྱེད། བསླབས་ནས་ལོབ་བྱེད། ལག་ནས་ཤོར་བྱེད། ལྟ་བུའོ།། ༈ བྱེད་ལས་ལ་འཇུག་པ། མཛུབ་མོ་ཀེར་བར་བྱེད། ཐོག་ཁེགས་པར་བྱེད། དུས་ཁོམ་པར་བྱེད། ཀུན་ལ་ཁྱབ་པར་བྱེད། ཐུགས་ཁྲེལ་བར་བྱེད། ཐུགས་ཁྲོ་བར་བྱེད། ཐིག་ཁྱོག་པར་བྱེད། སྣོད་གང་བར་བྱེད། ཕག་ཏུ་གབ་པར་བྱེད། ཉམས་གུད་པར་བྱེད། གཏན་གོ་བར་བྱེད། ཀླད་ནས་གོག་པར་བྱེད། རྒན་ནས་གོག་པར་བྱེད། ཟོག་གོད་པར་བྱེད། སྒོམ་ནས་གོམས་པར་བྱེད། ལམ་གོལ་བར་བྱེད། ཡུལ་གྱར་བར་བྱེད། དབྱངས་གྱེར་ནར་བྱེད། གོས་གྱོན་པར་བྱེད། འབྲུག་གྲགས་པར་བྱེད། ཁ་གྲམ་པར་བྱེད། ལུས་གྲིམ་པར་བྱེད། ཆག་ནས་གྲུག་པར་བྱེད། དངུལ་གྱིས་གླ་བར་བྱེད། ཉོབ་ནས་གླལ་བར་བྱེད། གཏམ་གླེང་བར་བྱེད། བཙོན་པ་གློད་པར་བྱེད། ལྐུགས་ནས་གླེན་པར་བྱེད། དཀའ་ནས་ངལ་བར་བྱེད། སྡུག་ནས་ངུ་བར་བྱེད། བློ་ལ་ངེས་པར་བྱེད། བློ་ལ་ངོམ་པར་བྱེད། དཀར་ཡོལ་ཆག་པར་བྱེད། སེམས་ཆགས་པར་བྱེད། ལམ་དུ་ཆས་པར་བྱེད། ནང་དུ་ཆུད་པར་བྱེད། ཁོག་ཏུ་ཆུབ་པར་བྱེད། ཡིད་ཆེས་པར་བྱེད། བདེན་པས་སྟོང་བར་བྱེད། འཁོར་བ་ལས་ཐར་བར་བྱེད། ནང་དུ་ཐལ་བར་བྱེད། མོ་ཐིག་པར་བྱེད། ཚོད་ཐིངས་པར་བྱེད། སྤྱི་བོ་ནས་ཐིམ། གྲོགས་དང་ཐུག ཤུགས་ཀྱིས་ཐེག་པར་བྱེད། འབེན་ལ་ཐེབས་པར་བྱེད། རྐང་པ་ཐེང་བར་བྱེད། གྲས་ལ་ཐེ་བར་བྱེད། དགྲ་ཐུབ་པར་བྱེད། ལམ་དུ་ཐེགས་པར་བྱེད། ལག་ཏུ་ཐོགས་པར་བྱེད། རྣ་བས་ཐོས་པར་བྱེད། ལྷ་ལ་དད་པར་བྱེད། ཀླུང་རྟ་དར་བར་བྱེད། བརྩེ་བས་དུང་བར་བྱེད། ལམ་དུ་དོང་བར་བྱེད། མགོ་བོ་དུད་པར་བྱེད། སྨུག་པས་དུབ་པར་བྱེད། འཛིངས་ནས་དོ་བར་བྱེད། མཐའ་གཉིས་སུ་དོགས་པར་བྱེད། ཕ་མ་དྲན་པར་བྱེད། ཐུར་དུ་དྲུད་པར་བྱེད། ང་རྒྱལ་གྱིས་དྲེགས་པར་བྱེད། ཉི་འོད་ཀྱིས་དྲོ་བར་བྱེད། ནད་ན་བར་བྱེད། ནུ་མ་ནུ་བར་བྱེད། ཕྱིར་ནུད་པར་བྱེད། ཉི་མ་ནུབ་པར་བྱེད། ལས་ཀ་ནོང་བར་བྱེད། འོག་ཏུ་ནོན་པར་བྱེད། ས་སྤུང་བར་བྱེད། རྒྱན་གྱིས་སྤུད་པར་བྱེད། རླུང་གིས་སྤུར་བར་བྱེད། བསྟན་པ་སྤེལ་བར་བྱེད། གནས་སྤོ་བར་བྱེད། རྒྱས་བཤད་སྤྲོ་བར་བྱེད། སྡིག་པ་སྤོང་བར་བྱེད། གོ་གནས་སྤར་བར་བྱེད། ཆུ་ལ་སྤྱིང་བར་བྱེད། ས་མཐར་སྤྱུག་པར་བྱེད། ཚིག་ངན་གྱིས་སྤྱོ་བར་བྱེད། ལོངས་སུ་སྤྱོད་པར་བྱེད། ལྷ་ཚོགས་སྤྱོན་པར་བྱེད། གཞན་ལ་ངོམས་པའི་སྤྱོམ་པར་བྱེད། རྒྱན་གྱིས་སྤྲས་པར་བྱེད། ཡི་གེ་སྤྲིངས་པར་བྱེད། གཏིང་ནས་སྤྲུག་པར་བྱེད། ཐུགས་ཀྱིས་སྤྲུལ་བར་བྱེད། གཞན་ལ་སྤྲོད་པར་བྱེད། ནད་ལ་ཕན་པར་བྱེད། ལམ་དུ་ཕེབས་པར་བྱེད། ཆུས་བང་བར་བྱེད། རློན་གྱིས་བད་པར་བྱེད། རོ་བམ་པར་བྱེད། ནོར་བོར་བར་བྱེད། བླ་རེ་བྲེས་པར་བྱེད། ཡོན་ཆབ་བྲན་པར་བྱེད། ལྕག་གིས་བྲབ་པར་བྱེད། ཆགས་པས་བྱི་བར་བྱེད། དུས་ཀྱིས་བྲེལ་བར་བྱེད། དངུལ་གྱིས་བླུ་བར་བྱེད། ཆུ་བླུད་པར་བྱེད། རྣ་བ་བླག་པར་བྱེད། ཆུ་བླུག་པར་བྱེད། ནོར་ལ་དབང་བར་བྱེད། བུ་ལ་བྱམས་པར་བྱེད། དགྲ་ལ་རྦོད་པར་བྱེད། དྲི་མས་སྦག་པར་བྱེད། རྐུ་རྫས་སྦེད་པར་བྱེད། ཆུས་སྦང་བར་བྱེད། མེ་སྦོར་བར་བྱེད། གྲོད་ཁོག་སྦོས་པར་བྱེད། ནོར་སྦྱིན་པར་བྱེད། ཕན་ཚུན་སྦྱོར་བར་བྱེད། རིག་གནས་སྦྱོང་བར་བྱེད། སྨན་གྱིས་སྦྲིད་པར་བྱེད། བུད་མེད་སྦྲུམ་པར་བྱེད། མཉམ་དུ་སྦྲེལ་བར་བྱེད། ཟས་མིད་པར་བྱེད། ཟས་མུར་པར་བྱེད། གྲོས་མོལ་བར་བྱེད། བློ་ལ་མོས་པར་བྱེད། རོ་མྱག་པར་བྱེད། ལྐོག་ནས་མྱུལ་བར་བྱེད། རོ་མྱོང་བར་བྱེད། ཆང་གིས་མྱོས་པར་བྱེད། ཟས་ཀྱིས་ཚིམས་པར་བྱེད། རྐང་པ་ཞ་བར་བྱེད། མིག་ཞར་བར་བྱེད། སེམས་ཞི་བར་བྱེད། གཏམ་ཞུ་བར་བྱེད། ཐུར་དུ་ཞུད་པར་བྱེད། དཔའ་ཞུམ་པར་བྱེད། སྐྲག་ནས་ཞེད་པར་བྱེད། ཆགས་པའི་ཞེན་པར་བྱེད། ཟས་ཟ་བར་བྱེད། སྐྲ་ཟིང་བར་བྱེད། རྗེས་སུ་འོང་བར་བྱེད། རྣ་བ་འོན་པར་བྱེད། དངོས་པོ་འོར་བར་བྱེད། སེམས་རྒྱ་ལ་ཡན་པར་བྱེད། འཇའ་ཡལ་བར་བྱེད། ཕག་ཏུ་ཡིབས་པར་བྱེད། ཡུར་མ་ཡུར་བར་བྱེད། ཁ་ཡེང་བར་བྱེད། ཐིག་ཡོ་བར་བྱེད། ཟུར་དུ་ཡོལ་བར་བྱེད། ཐུག་པ་ཡོགས་པར་བྱེད། ནང་དུ་ཡོང་བར་བྱེད། ནོར་རག་པར་བྱེད། ཡིད་རང་བར་བྱེད། གོས་རལ་བར་བྱེད། མིག་གིས་རིག་པར་བྱེད། ཐང་དུ་རིལ་བར་བྱེད། ཕྱོགས་གཅིག་ཏུ་རུག་པར་བྱེད། སྐམ་ནས་རུད་པར་བྱེད། མེ་ཏོག་ཁ་རུབ་པར་བྱེད། མཉམ་དུ་རུབ་པར་བྱེད། ཕྲུ་གུ་རུམ་པར་བྱེད། ཟས་རུལ་བར་བྱེད། མི་ལ་རེ་བར་བྱེད། ལུས་ལ་རེག་པར་བྱེད། འཁྱགས་ནས་རེང་བར་བྱེད། ལོངས་སྤྱོད་ལ་རོལ་བར་བྱེད། ཉལ་ས་ནས་ལང་བར་བྱེད། གློ་ལུ་བར་བྱེད། ཆུ་ལུད་པར་བྱེད། གཅིག་པུ་ལུས་པར་བྱེད། ལག་ཏུ་ལེན་པར་བྱེད། ནང་དུ་ལོག་པར་བྱེད། མིག་ལོང་བར་བྱེད། ལོ་ལོན་པར་བྱེད། བསླབས་ནས་ལོབ་པར་བྱེད། ལག་ནས་ཤོར་བར་བྱེད། ལྟ་བུའོ།། དངོས་པོ་གཞན་ལ་བྱ་ཡུལ་དང་བྱ་བ་གཉིས་ཡོད་པ་ལས། ༈ བྱ་ཡུལ་ལ་འཇུག་པ་ནི། མཛུབ་མོ་ཀེར་བྱ། ཐོག་ཁེགས་བྱ། དུས་ཁོམ་བྱ། ཀུན་ལ་ཁྱབ་བྱ། ཐུགས་ཁྲེལ་བྱ། ཐུགས་ཁྲོ་བྱ། ཐིག་ཁྱོག་བྱ། སྣོད་གང་བྱ། ཕག་ཏུ་གབ་བྱ། ཉམས་གུད་བྱ། གཏམ་གོ་བྱ། ཀླད་ནས་གོག་བྱ། རྒན་ནས་གོག་བྱ། ཟོག་གོད་བྱ། སྒོམ་ནས་གོམས་བྱ། ལམ་གོལ་བྱ། ཡུལ་གྱར་བྱ། དབྱངས་གྱེར་བྱ། གོས་གྱོན་བྱ། འབྲུག་གྲགས་བྱ། ཁ་གྲམ་བྱ། ལུས་གྲིམ་བྱ། ཆག་ནས་གྲུག་བྱ། དངུལ་གྱིས་གླ་བྱ། ཉོབ་ནས་གླལ་བྱ། གཏམ་གླེང་བྱ། བཙོན་པ་གློད་བྱ། ལྐུགས་ནས་གླེན་བྱ། དཀའ་ནས་ངལ་བྱ། སྡུག་ནས་ངུ་བྱ། བློ་ལ་ངེས་བྱ། བློ་ལ་ངོམ་བྱ། དཀར་ཡོལ་ཆག་བྱ། སེམས་ཆགས་བྱ། ལམ་དུ་ཆས་བྱ། ནང་དུ་ཆུད་བྱ། ཁོག་ཏུ་ཆུབ་བྱ། ཡིད་ཆེས་བྱ། བདེན་པས་སྟོང་བྱ། འཁོར་བ་ལས་ཐར་བྱ། ནང་དུ་ཐལ་བྱ། མོ་ཐིག་བྱ། ཚོད་ཐིང་བྱ། སྤྱི་བོ་ནས་ཐིམ་བྱ། གྲོགས་དང་ཐུག་བྱ། ཤུགས་ཀྱིས་ཐེག་བྱ། འབེན་ལ་ཐེབས་བྱ། རྐང་པ་ཐེང་བྱ། གྲས་ལ་ཐེ་བྱ། དགྲ་ཐུབ་བྱ། ལམ་དུ་ཐེགས་བྱ། ལག་ཏུ་ཐོགས་བྱ། རྣ་བས་ཐོས་བྱ། ལྷ་ལ་དད་བྱ། ཀླུང་རྟ་དར་བྱ། བརྩེ་བས་དུང་བྱ། ལམ་དུ་དོང་བྱ། མགོ་བོ་དུད་བྱ། སྨུག་པས་དུབ་བྱ། འཛིངས་ནས་དོ་བྱ། མཐའ་གཉིས་སུ་དོགས་བྱ། ཕ་མ་དྲན་བྱ། ཐུར་དུ་དྲུད་བྱ། ང་རྒྱལ་གྱིས་དྲེགས་བྱ། ཉི་འོད་ཀྱིས་དྲོ་བྱ། ནད་ན་བྱ། ནུ་མ་ནུ་བྱ། ཕྱིར་ནུད་བྱ། ཉི་མ་ནུབ་བྱ། ལས་ཀ་ནོང་བྱ། འོག་ཏུ་ནོན་བྱ། ས་སྤུང་བྱ། རྒྱན་གྱིས་སྤུད་བྱ། རླུང་གིས་སྤུར་བྱ། བསྟན་པ་སྤེལ་བྱ། གནས་སྤོ་བྱ། རྒྱས་བཤད་སྤྲོ་བྱ། སྡིག་པ་སྤང་བྱ། གོ་གནས་སྤར་བྱ། ཆུ་ལ་སྤྱིང་བྱ། ས་མཐར་སྤྱུག་བྱ། ཚིག་ངན་གྱིས་སྤྱོ་བྱ། ལོངས་སུ་སྤྱད་བྱ། ལྷ་ཚོགས་སྤྱན་བྱ། གཞན་ལ་ངོམས་པའི་སྤྱམ་བྱ། རྒྱན་གྱིས་སྤྲས་བྱ། ཡི་གེ་སྤྲིངས་བྱ། གཏིང་ནས་སྤྲུག་བྱ། ཐུགས་ཀྱིས་སྤྲུལ་བྱ། གཞན་ལ་སྤྲད་བྱ། ནད་ལ་ཕན་བྱ། ལམ་དུ་ཕེབས་བྱ། ཆུས་བང་བྱ། རློན་གྱིས་བད་བྱ། རོ་བམ་བྱ། ནོར་བོར་བྱ། བླ་རེ་བྲེས་བྱ། ཆབ་ཀྱིས་བྲན་བྱ། ལྕག་གིས་བྲབ་བྱ། ཆགས་པས་བྱི་བྱ། དུས་ཀྱིས་བྲེལ་བྱ། དངུལ་གྱིས་བླུ་བྱ། ཆུ་བླུད་བྱ། རྣ་བ་བླག་བྱ། ཆུ་བླུག་བྱ། ནོར་ལ་དབང་བྱ། བུ་ལ་བྱམས་བྱ། དགྲ་ལ་རྦད་བྱ། དྲི་མས་སྦག་བྱ། རྐུ་རྫས་སྦ་བྱ། ཆུས་སྦང་བྱ། མེ་སྦར་བྱ། གྲོད་ཁོག་སྦ་བྱ། ནོར་སྦྱིན་བྱ། ཕན་ཚུན་སྦྱར་བྱ། རིག་གནས་སྦྱང་བྱ། སྨན་གྱིས་སྦྲིད་བྱ། བུད་མེད་སྦྲུམ་བྱ། མཉམ་དུ་སྦྲེལ་བྱ། ཟས་མིད་བྱ། ཟས་མུར་བྱ། གྲོས་མོལ་བྱ། བློ་ལ་མོས་བྱ། རོ་མྱག་བྱ། ལྐོག་ནས་མྱུལ་བྱ། རོ་མྱོང་བྱ། ཆང་གིས་མྱོས་བྱ། གནོད་པས་སྨྱོ་བྱ། ཟས་ཀྱིས་ཚིམས་བྱ། རྐང་པ་ཞ་བྱ། མིག་ཞར་བྱ། སེམས་ཞི་བྱ། གཏམ་ཞུ་བྱ། ཐུར་དུ་ཞུད་བྱ། དཔའ་ཞུམ་བྱ། སྐྲག་ནས་ཞེད་བྱ། ཆགས་པའི་ཞེན་བྱ། ཟས་ཟ་བྱ། སྐྲ་ཟིང་བྱ། རྗེས་སུ་འོང་བྱ། རྣ་བ་འོན་བྱ། དངོས་པོ་འོར་བྱ། སེམས་རྒྱ་ལ་ཡན་བྱ། འཇའ་ཡལ་བྱ། ཕག་ཏུ་ཡིབས་བྱ། ཡུར་མ་ཡུར་བྱ། ཁ་ཡེང་བྱ། ཐིག་ཡོ་བྱ། ཟུར་དུ་ཡོལ་བྱ། ཐུག་པ་ཡོགས་བྱ། ནང་དུ་ཡོང་བྱ། ནོར་རག་བྱ། ཡིད་རང་བྱ། གོས་རལ་བྱ། མིག་གིས་རིག་བྱ། ཐང་དུ་རིལ་བྱ། ཕྱོགས་གཅིག་ཏུ་རུག་བྱ། སྐམ་ནས་རུད་བྱ། མེ་ཏོག་ཁ་རུབ་བྱ། མཉམ་དུ་རུབ་བྱ། ཕྲུ་གུ་རུམ་བྱ། ཟས་རུལ་བྱ། མི་ལ་རེ་བྱ། ལུས་ལ་རེག་བྱ། འཁྱགས་ནས་རེང་བྱ། ལོངས་སྤྱོད་ལ་རོལ་བྱ། ཉལ་ས་ནས་ལང་བྱ། གློ་ལུ་བྱ། ཆུ་ལུད་བྱ། གཅིག་བུ་ལུས་བྱ། ལག་ཏུ་ལེན་བྱ། ནང་དུ་ལོག་བྱ། མིག་ལོང་བྱ། ལོ་ལོན་བྱ། བསླབས་ནས་ལོབ་བྱ། ལག་ནས་ཤོར་བྱ། ལྟ་བུ། ༈ བྱ་ལས་ལ་འཇུག་པ་ནི། མཛུབ་མོ་ཀེར་བར་བྱ། ཐོག་ཁེགས་པར་བྱ། དུས་ཁོམ་པར་བྱ། ཀུན་ལ་ཁྱབ་པར་བྱ། ཐུགས་ཁྲེལ་བར་བྱ། ཐུགས་ཁྲོ་བར་བྱ། ཐིག་ཁྱོག་པར་བྱ། སྣོད་གང་བར་བྱ། ཕག་ཏུ་གབ་པར་བྱ། ཉམས་གུད་པར་བྱ། གཏམ་གོ་བར་བྱ། ཀླད་ནས་གོག་པར་བྱ། རྒན་ནས་གོག་པར་བྱ། ཟོག་གོད་པར་བྱ། སྒོམ་ནས་གོམས་པར་བྱ། ལམ་གོལ་བར་བྱ། ཡུལ་གྱར་བར་བྱ། དབྱངས་གྱེར་བར་བྱ། གོས་གྱོན་པར་བྱ། འབྲུག་གྲགས་པར་བྱ། ཁ་གྲམ་པར་བྱ། ལུས་གྲིམ་པར་བྱ། ཆག་ནས་གྲུག་པར་བྱ། དངུལ་གྱིས་གླ་བར་བྱ། ཉོབ་ནས་གླལ་བར་བྱ། གཏམ་གླེང་བར་བྱ། བཙོན་པ་གློད་པར་བྱ། ལྐུགས་ནས་གླེན་པར་བྱ། དཀའ་ནས་ངལ་བར་བྱ། སྡུག་ནས་ངུ་བར་བྱ། བློ་ལ་ངེས་པར་བྱ། བློ་ལ་ངོམ་པར་བྱ། དཀར་ཡོལ་ཆག་པར་བྱ། སེམས་ཆགས་པར་བྱ། ལམ་དུ་ཆས་པར་བྱ། ནང་དུ་ཆུད་པར་བྱ། ཁོག་ཏུ་ཆུབ་པར་བྱ། ཡིད་ཆེས་པར་བྱ། འཁོར་བ་ལས་ཐར་བར་བྱ། ནང་དུ་ཐལ་བར་བྱ། མོ་ཐིག་པར་བྱ། ཚོད་ཐིང་བར་བྱ། སྤྱི་བོ་ནས་ཐིམ་པར་བྱ། གྲོགས་དང་ཐུག་པར་བྱ། ཤུགས་ཀྱིས་ཐེག་པར་བྱ། འབེན་ལ་ཐེབས་པར་བྱ། རྐང་པ་ཐེང་བར་བྱ། གྲས་ལ་ཐེ་བར་བྱ། དགྲ་ཐུབ་པར་བྱ། ལམ་དུ་ཐེགས་པར་བྱ། ལག་ཏུ་ཐོགས་པར་བྱ། རྣ་བས་ཐོས་པར་བྱ། ལྷ་ལ་དད་པར་བྱ། ཀླུང་རྟ་དར་བར་བྱ། བརྩེ་བས་དུང་བར་བྱ། ལམ་དུ་དོང་བར་བྱ། མགོ་བོ་དུད་པར་བྱ། སྨུག་པས་དུབ་པར་བྱ། འཛིངས་ནས་དོ་བར་བྱ། མཐའ་གཉིས་སུ་དོགས་པར་བྱ། ཕ་མ་དྲན་པར་བྱ། ཐུར་དུ་དྲུད་པར་བྱ། ང་རྒྱལ་གྱིས་དྲེགས་པར་བྱ། ཉི་འོད་ཀྱིས་དྲོ་བར་བྱ། ནད་ན་བར་བྱ། ནུ་མ་ནུ་བར་བྱ། ཕྱིར་ནུད་པར་བྱ། ཉི་མ་ནུབ་པར་བྱ། ལས་ཀ་ནོང་བར་བྱ། འོག་ཏུ་ནོན་པར་བྱ། ས་སྤུང་བར་བྱ། རྒྱན་གྱིས་སྤུད་པར་བྱ། རླུང་གིས་སྤུར་བར་བྱ། བསྟན་པ་སྤེལ་བར་བྱ། གནས་སྤོ་བར་བྱ། རྒྱས་བཤད་སྤྲོ་བར་བྱ། སྡིག་པ་སྤོང་བར་བྱ། གོ་གནས་སྤར་བར་བྱ། ཆུ་ལ་སྤྱིང་བར་བྱ། ས་མཐར་སྤྱུག་པར་བྱ། ཚིག་ངན་གྱིས་སྤྱོ་བར་བྱ། ལོངས་སུ་སྤྱད་པར་བྱ། ལྷ་ཚོགས་སྤྱན་པར་བྱ། གཞན་ལ་ངོམས་པའི་སྤྱམ་པར་བྱ། རྒྱན་གྱིས་སྤྲས་པར་བྱ། ཡི་གེ་སྤྲེངས་པར་བྱ། གཏིང་ནས་སྤྲུག་པར་བྱ། ཐུགས་ཀྱིས་སྤྲུལ་བར་བྱ། གཞན་ལ་སྤྲད་པར་བྱ། ནད་ལ་ཕན་པར་བྱ། ལམ་དུ་ཕེབས་པར་བྱ། ཆུས་བང་བར་བྱ། རློན་གྱིས་བད་པར་བྱ། རོ་བམ་པར་བྱ། ནོར་བོར་བར་བྱ། བླ་རེ་བྲེས་པར་བྱ། ཡོན་ཆབ་བྲན་པར་བྱ། ལྕག་གིས་བྲབ་པར་བྱ། ཆགས་པས་བྱི་བར་བྱ། དུས་ཀྱིས་བྲེལ་བར་བྱ། དངུལ་གྱིས་བླུ་བར་བྱ། ཆུ་བླུད་པར་བྱ། རྣ་བ་བླག་པར་བྱ། ཆུ་བླུག་པར་བྱ། ནོར་ལ་དབང་བར་བྱ། བུ་ལ་བྱམས་པར་བྱ། དགྲ་ལ་རྦད་པར་བྱ། དྲི་མས་སྦག་པར་བྱ། རྐུ་རྫས་སྦ་བར་བྱ། ཆུས་སྦང་བར་བྱ། མེ་སྦར་བར་བྱ། གྲོད་ཁོག་སྦོས་པར་བྱ། ནོར་སྦྱིན་པར་བྱ། ཕན་ཚུན་སྦྱོར་བར་བྱ། རིག་གནས་སྦྱོང་བར་བྱ། སྨན་གྱིས་སྦྲིད་པར་བྱ། བུད་མེད་སྦྲུམ་པར་བྱ། མཉམ་དུ་སྦྲེལ་བར་བྱ། ཟས་མིད་པར་བྱ། ཟས་མུར་བར་བྱ། གྲོས་མོལ་བར་བྱ། བློ་ལ་མོས་པར་བྱ། རོ་མྱག་པར་བྱ། ལྐོག་ནས་མྱུལ་བར་བྱ། རོ་མྱོང་བར་བྱ། ཆང་གིས་མྱོས་པར་བྱ། གནོད་པས་སྨྱོ་བར་བྱ། ཟས་ཀྱིས་ཚིམས་པར་བྱ། རྐང་པ་ཞ་བར་བྱ། མིག་ཞར་བར་བྱ། སེམས་ཞི་བར་བྱ། གཏམ་ཞུ་བར་བྱ། ཐུར་དུ་ཞུད་པར་བྱ། དཔའ་ཞུམ་པར་བྱ། སྐྲག་ནས་ཞེད་པར་བྱ། ཆགས་པའི་ཞེན་པར་བྱ། ཟས་ཟ་བར་བྱ། སྐྲ་ཟིང་བར་བྱ། རྗེས་སུ་འོང་བར་བྱ། རྣ་བ་འོན་པར་བྱ། དངོས་པོ་འོར་བར་བྱ། སེམས་རྒྱ་ལ་ཡན་པར་བྱ། འཇའ་ཡལ་བར་བྱ། ཕག་ཏུ་ཡིབ་པར་བྱ། ཡུར་མ་ཡུར་བར་བྱ། ཁ་ཡེང་བར་བྱ། ཐིག་ཡོ་བར་བྱ། ཟུར་དུ་ཡོལ་བར་བྱ། ཐུག་པ་ཡོགས་པར་བྱ། ནང་དུ་ཡོང་བར་བྱ། ནོར་རག་པར་བྱ། ཡིད་རང་བར་བྱ། གོས་རལ་བར་བྱ། མིག་གིས་རིག་པར་བྱ། ཐང་དུ་རིལ་བར་བྱ། ཕྱོགས་གཅིག་ཏུ་རུག་པར་བྱ། སྐམ་ནས་རུད་པར་བྱ། མེ་ཏོག་ཁ་རུབ་པར་བྱ། མཉམ་དུ་རུབ་པར་བྱ། ཕྲུ་གུ་རུམ་པར་བྱ། ཟས་རུལ་བར་བྱ། མི་ལ་རེ་བར་བྱ། ལུས་ལ་རེག་པར་བྱ། འཁྱགས་ནས་རེང་བར་བྱ། ལོངས་སྤྱོད་ལ་རོལ་བར་བྱ། ཉལ་ས་ནས་ལང་བར་བྱ། གློ་ལུ་བར་བྱ། ཆུ་ལུད་པར་བྱ། གཅིག་པུ་ལུས་པར་བྱ། ལག་ཏུ་ལེན་པར་བྱ། ནང་དུ་ལོག་པར་བྱ། མིག་ལོང་བར་བྱ། ལོ་ལོན་པར་བྱ། བསླབས་ནས་ལོབ་པར་བྱ། ལག་ནས་ཤོར་བར་བྱ། ལྟ་བུའོ།། ༈ དུས་ལ་འདས་མ་འོངས་ད་ལྟ་གསུམ་ཡོད་པ་ལས། ༈ འདས་པ་ལ་འཇུག་པ་ནི། མཛུབ་མོ་ཀེརད་ཟིན། ཐོག་ཁེགས་ཟིན། དུས་ཁོམས་ཟིན། ཀུན་ལ་ཁྱབ་ཟིན། ཐུུགས་ཁྲེལད་ཟིན། ཐུགས་ཁྲོས་ཟིན། ཐིག་ཁྱོགས་ཟིན། སྣོད་གང་ཟིན། ཕག་ཏུ་གབ་ཟིན། ཉམས་གུད་ཟིན། གཏམ་གོ་ཟིན། ཀླད་ནས་གོག་ཟིན། རྒན་ནས་གོག་ཟིན། ཟོག་གོད་ཟིན། སྒོམ་ནས་གོམས་ཟིན། ལམ་གོལད་ཟིན། ཡུལ་གྱརད་ཟིན། དབྱངས་གྱེརད་ཟིན། གོས་གྱོནད་ཟིན། འབྲུག་གྲགས་ཟིན། ཁ་གྲམས་ཟིན། ལུས་གྲིམས་ཟིན། ཆག་ནས་གྲུགས་ཟིན། དངུལ་གྱིས་གླས་ཟིན། ཉོབ་ནས་གླལད་ཟིན། གཏམ་གླེང་ཟིན། བཙོན་པ་གློད་ཟིན། ལྐུགས་ནས་གླེནད་ཟིན། དཀའ་ནས་ངལད་ཟིན། སྡུག་ནས་ངུས་ཟིན། བློ་ལ་ངེས་ཟིན། བློ་ལ་ངོམས་ཟིན། དཀར་ཡོལ་ཆགས་ཟིན། སེམས་ཆགས་ཟིན། ལམ་དུ་ཆས་ཟིན། ནང་དུ་ཆུད་ཟིན། ཁོག་ཏུ་ཆུབ་ཟིན། ཡིད་ཆེས་ཟིན། བདེན་པས་སྟོངས། འཁོར་བ་ལས་ཐརད། ནང་དུ་ཐལད། མོ་ཐིགས། ཚོད་ཐིངས། སྤྱི་བོ་ནས་ཐིམ། གྲོགས་དང་ཐུགས། ཤུགས་ཀྱིས་ཐེག་ཟིན། འབེན་ལ་ཐེབས་ཟིན། རྐང་པ་ཐེངས་ཟིན། གྲས་ལ་ཐེ་ཟིན། དགྲ་ཐུབ་ཟིན། ལམ་དུ་ཐེགས་ཟིན། ལག་ཏུ་ཐོགས་ཟིན། རྣ་བས་ཐོས་ཟིན། ལྷ་ལ་དད་ཟིན། ཀླུང་རྟ་དརད་ཟིན། བརྩེ་བས་དུངས་ཟིན། ལམ་དུ་དོངས་ཟིན། མགོ་བོ་དུད་ཟིན། སྨུག་པས་དུབ་ཟིན། འཛིངས་ནས་དོ་ཟིན། མཐའ་གཉིས་སུ་དོགས་ཟིན། ཕ་མ་དྲནད་ཟིན། ཐུར་དུ་དྲུད་ཟིན། ང་རྒྱལ་གྱིས་དྲེགས་ཟིན། ཉི་འོད་ཀྱིས་དྲོས་ཟིན། ནད་ན་ཟིན། ནུ་མ་ནུ་ཟིན། ཕྱིར་ནུད་ཟིན། ཉི་མ་ནུབ་ཟིན། ལས་ཀ་ནོངས་ཟིན། འོག་ཏུ་ནོནད་ཟིན། ས་སྤུངས་ཟིན། རྒྱན་གྱིས་སྤུད་ཟིན། རླུང་གིས་སྤུརད་ཟིན། བསྟན་པ་སྤེལད་ཟིན། གནས་སྤོས་ཟིན། རྒྱས་བཤད་སྤྲོས་ཟིན། སྡིག་པ་སྤངས་ཟིན། གོ་གནས་སྤརད་ཟིན། ཆུ་ལ་སྤྱིངས་ཟིན། ས་མཐར་སྤྱུགས་ཟིན། ཚིག་ངན་གྱིས་སྤྱོས་ཟིན། ལོངས་སུ་སྤྱོད་ཟིན། ལྷ་ཚོགས་སྤྱནད་ཟིན། གཞན་ལ་ངོམས་པའི་སྤྱམས་ཟིན། རྒྱན་གྱིས་སྤྲས་ཟིན། ཡི་གེ་སྤྲིངས་ཟིན། གཏིང་ནས་སྤྲུགས་ཟིན། ཐུགས་ཀྱིས་སྤྲུལད་ཟིན། གཞན་ལ་སྤྲད་ཟིན། ནད་ལ་ཕནད་ཟིན། ལམ་དུ་ཕེབས་ཟིན། ཆུས་བངས་ཟིན། རློན་གྱིས་བད་ཟིན། རོ་བམ་ཟིན། ནོར་བོརད་ཟིན། བླ་རེ་བྲེས་ཟིན། ཡོན་ཆབ་བྲནད་ཟིན། ལྕག་གིས་བྲབས་ཟིན། དུས་ཀྱིས་བྲེལད་ཟིན། དངུལ་གྱིས་བླུས་ཟིན། ཆུ་བླུད་ཟིན། རྣ་བ་བླགས་ཟིན། ཆུ་བླུགས་ཟིན། ནོར་ལ་དབང་ཟིན། བུ་ལ་བྱམས་ཟིན། དགྲ་ལ་རྦད་ཟིན། དྲི་མས་སྦགས་ཟིན། རྐུ་རྫས་སྦས། ཆུས་སྦངས། མེ་སྦརད། གྲོད་ཁོག་སྦོས་ཟིན། ནོར་སྦྱིནད་ཟིན། ཕན་ཚུན་སྦྱརད་ཟིན། རིག་གནས་སྦྱངས་ཟིན། སྨན་གྱིས་སྦྲིད་ཟིན། བུད་མེད་སྦྲུམས་ཟིན། མཉམ་དུ་སྦྲེལད་ཟིན། ཟས་མིད་ཟིན། ཟས་མུརད་ཟིན། གྲོས་མོལད་ཟིན། བློ་ལ་མོས་ཟིན། རོ་མྱགས་ཟིན། ལྐོག་ནས་མྱུལད་ཟིན། རོ་མྱོངས་ཟིན། ཆང་གིས་མྱོས་ཟིན། ཟས་ཀྱིས་ཚིམས་ཟིན། རྐང་པ་ཞ་ཟིན། མིག་ཞར་ཟིན། སེམས་ཞི་ཟིན། གཏམ་ཞུས་ཟིན། ཐུར་དུ་ཞུད་ཟིན། དཔའ་ཞུམ་ཟིན། སྐྲག་ནས་ཞེད་ཟིན། ཆགས་པའི་ཞེནད་ཟིན། ཟས་ཟ་ཟིན། སྐྲ་ཟིངས་ཟིན། རྗེས་སུ་འོངས་ཟིན། རྣ་བ་འོནད་ཟིན། དངོས་པོ་འོརད་ཟིན། སེམས་རྒྱ་ལ་ཡནད་ཟིན། འཇའ་ཡལད་ཟིན། ཕག་ཏུ་ཡིབས་ཟིན། ཡུར་མ་ཡུརད་ཟིན། ཁ་ཡེངས་ཟིན། ཐིག་ཡོ་ཟིན། ཟུར་དུ་ཡོལད་ཟིན། ཐུག་པ་ཡོགས་ཟིན། ནང་དུ་ཡོངས་ཟིན། ནོར་རག་ཟིན། ཡིད་རངས་ཟིན། གོས་རལད་ཟིན། མིག་གིས་རིག་ཟིན། ཐང་དུ་རིལད་ཟིན། ཕྱོགས་གཅིག་ཏུ་རུགས་ཟིན། སྐམ་ནས་རུད་ཟིན། མེ་ཏོག་ཁ་རུབས་ཟིན། མཉམ་དུ་རུབས་ཟིན། ཕྲུ་གུ་རུམས་ཟིན། ཟས་རུལད་ཟིན། མི་ལ་རེ་ཟིན། ལུས་ལ་རེག་ཟིན། འཁྱགས་ནས་རེངས་ཟིན། ལོངས་སྤྱོད་ལ་རོལད་ཟིན། ཉལ་ས་ནས་ལངས་ཟིན། གློ་ལུ་ཟིན། ཆུ་ལུད་ཟིན། གཅིག་པུ་ལུས་ཟིན། ལག་ཏུ་བླངས་ཟིན། ནང་དུ་ལོགས་ཟིན། མིག་ལོངས་ཟིན། ལོ་ལོནད་ཟིན། བསླབས་ནས་ལོབས་ཟིན། ལག་ནས་ཤོརད་ཟིན། ལྟ་བུ། ༈ དུས་ད་ལྟ་བ་ལ་འཇུག་པ། མཛུབ་མོ་ཀེར་བཞིན་པ། ཐོག་ཁེགས་བཞིན་པ། དུས་ཁོམ་བཞིན་པ། ཀུན་ལ་ཁྱབ་བཞིན་པ། ཐུུགས་ཁྲེལ་བཞིན་པ། ཐུགས་ཁྲོ་བཞིན་པ། ཐིག་ཁྱོག་བཞིན་པ། སྣོད་གང་བཞིན་པ། ཕག་ཏུ་གབ་བཞིན་པ། ཉམས་གུད་བཞིན་པ། གཏན་གོ་བཞིན་པ། ཀླད་ནས་གོག་བཞིན་པ། རྒན་ནས་གོག་བཞིན་པ། ཟོག་གོད་བཞིན་པ། སྒོམ་ནས་གོམས་བཞིན་པ། ལམ་གོལ་བཞིན་པ། ཡུལ་གྱར་བཞིན་པ། དབྱངས་གྱེར་བཞིན་པ། གོས་གྱོན་བཞིན་པ། འབྲུག་གྲགས་བཞིན་པ། ཁ་གྲམ་བཞིན་པ། ལུས་གྲིམ་བཞིན་པ། ཆག་ནས་གྲུག་བཞིན་པ། དངུལ་གྱིས་གླ་བཞིན་པ། ཉོབ་ནས་གླལ་བཞིན་པ། གཏམ་གླེང་བཞིན་པ། བཙོན་པ་གློད་བཞིན་པ། ལྐུགས་ནས་གླེན་བཞིན་པ། དཀའ་ནས་ངལ་བཞིན་པ། སྡུག་ནས་ངུ་བཞིན་པ། བློ་ལ་ངེས་བཞིན་པ། བློ་ལ་ངོམ་བཞིན་པ། དཀར་ཡོལ་ཆག་བཞིན་པ། སེམས་ཆགས་བཞིན་པ། ལམ་དུ་ཆས་བཞིན་པ། ནང་དུ་ཆུད་བཞིན་པ། ཁོག་ཏུ་ཆུབ་བཞིན་པ། ཡིད་ཆེས་བཞིན་པ། འཁོར་བ་ལས་ཐར་བཞིན་པ། ནང་དུ་ཐལ་བཞིན་པ། མོ་ཐིག་བཞིན་པ། ཚོད་ཐིངས་བཞིན་པ། སྤྱི་བོ་ནས་ཐིམ་བཞིན་པ། གྲོགས་དང་ཐུག་བཞིན་པ། ཤུགས་ཀྱིས་ཐེག་བཞིན་པ། འབེན་ལ་ཐེབས་བཞིན་པ། རྐང་པ་ཐེང་བཞིན་པ། གྲས་ལ་ཐེ་བཞིན་པ། དགྲ་ཐུབ་བཞིན་པ། ལམ་དུ་ཐེགས་བཞིན་པ། ལག་ཏུ་ཐོགས་བཞིན་པ། རྣ་བས་ཐོས་བཞིན་པ། ལྷ་ལ་དད་བཞིན་པ། ཀླུང་རྟ་དར་བཞིན་པ། བརྩེ་བས་དུང་བཞིན་པ། ལམ་དུ་དོང་བཞིན་པ། མགོ་བོ་དུད་བཞིན་པ། སྨུག་པས་དུབ་བཞིན་པ། འཛིངས་ནས་དོ་བཞིན་པ། མཐའ་གཉིས་སུ་དོགས་བཞིན་པ། ཕ་མ་དྲན་བཞིན་པ། ཐུར་དུ་དྲུད་བཞིན་པ། ང་རྒྱལ་གྱིས་དྲེགས་བཞིན་པ། ཉི་འོད་ཀྱིས་དྲོ་བཞིན་པ། ནད་ན་བཞིན་པ། ནུ་མ་ནུ་བཞིན་པ། ཕྱིར་ནུད་བཞིན་པ། ཉི་མ་ནུབ་བཞིན་པ། ལས་ཀ་ནོང་བཞིན་པ། འོག་ཏུ་ནོན་བཞིན་པ། ས་སྤུང་བཞིན་པ། རྒྱན་གྱིས་སྤུད་བཞིན་པ། རླུང་གིས་སྤུར་བཞིན་པ། བསྟན་པ་སྤེལ་བཞིན་པ། གནས་སྤོ་བཞིན་པ། རྒྱས་བཤད་སྤྲོ་བཞིན་པ། སྡིག་པ་སྤོང་བཞིན་པ། གོ་གནས་སྤར་བཞིན་པ། ཆུ་ལ་སྤྱིང་བཞིན་པ། ས་མཐར་སྤྱུག་བཞིན་པ། ཚིག་ངན་གྱིས་སྤྱོ་བཞིན་པ། ལོངས་སུ་སྤྱོད་བཞིན་པ། ལྷ་ཚོགས་སྤྱོན་བཞིན་པ། གཞན་ལ་ངོམས་པའི་སྤྱོམ་བཞིན་པ། རྒྱན་གྱིས་སྤྲས་བཞིན་པ། ཡི་གེ་སྤྲིངས་བཞིན་པ། གཏིང་ནས་སྤྲུག་བཞིན་པ། ཐུགས་ཀྱིས་སྤྲུལ་བཞིན་པ། གཞན་ལ་སྤྲོད་བཞིན་པ། ནད་ལ་ཕན་བཞིན་པ། ལམ་དུ་ཕེབས་བཞིན་པ། ཆུས་བང་བཞིན་པ། རློན་གྱིས་བད་བཞིན་པ། རོ་བམ་བཞིན་པ། ནོར་བོར་བཞིན་པ། བླ་རེ་བྲེས་བཞིན་པ། ཡོན་ཆབ་བྲན་བཞིན་པ། ལྕག་གིས་བྲབ་བཞིན་པ། ཆགས་པས་བྱི་བཞིན་པ། དུས་ཀྱིས་བྲེལ་བཞིན་པ། དངུལ་གྱིས་བླུ་བཞིན་པ། ཆུ་བླུད་བཞིན་པ། རྣ་བ་བླག་བཞིན་པ། ཆུ་བླུག་བཞིན་པ། ནོར་ལ་དབང་བཞིན་པ། བུ་ལ་བྱམས་བཞིན་པ། དགྲ་ལ་རྦོད་བཞིན་པ། དྲི་མས་སྦག་བཞིན་པ། རྐུ་རྫས་སྦེད། ཆུས་སྦང༌། མེ་སྦོར། གྲོད་ཁོག་སྦོས་བཞིན་པ། ནོར་སྦྱིན་བཞིན་པ། ཕན་ཚུན་སྦྱོར་བཞིན་པ། རིག་གནས་སྦྱོང་བཞིན་པ། སྨན་གྱིས་སྦྲིད་བཞིན་པ། བུད་མེད་སྦྲུམ་བཞིན་པ། མཉམ་དུ་སྦྲེལ་བཞིན་པ། ཟས་མིད་བཞིན་པ། ཟས་མུར་བཞིན་པ། གྲོས་མོལ་བཞིན་པ། བློ་ལ་མོས་བཞིན་པ། རོ་མྱག་བཞིན་པ། ལྐོག་ནས་མྱུལ་བཞིན་པ། རོ་མྱོང་བཞིན་པ། ཆང་གིས་མྱོས་བཞིན་པ། ཟས་ཀྱིས་ཚིམ་བཞིན་པ། རྐང་པ་ཞ་བཞིན་པ། མིག་ཞར་བཞིན་པ། སེམས་ཞི་བཞིན་པ། གཏམ་ཞུ་བཞིན་པ། ཐུར་དུ་ཞུད་བཞིན་པ། དཔའ་ཞུམ་བཞིན་པ། སྐྲག་ནས་ཞེད་བཞིན་པ། ཆགས་པས་ཞེན་བཞིན་པ། ཟས་ཟ་བཞིན་པ། སྐྲ་ཟིང་བཞིན་པ། རྗེས་སུ་འོང་བཞིན་པ། རྣ་བ་འོན་བཞིན་པ། དངོས་པོ་འོར་བཞིན་པ། སེམས་རྒྱ་ལ་ཡན་བཞིན་པ། འཇའ་ཡལ་བཞིན་པ། ཕག་ཏུ་ཡིབས་བཞིན་པ། ཡུར་མ་ཡུར་བཞིན་པ། ཁ་ཡེང་བཞིན་པ། ཐིག་ཡོ་བཞིན་པ། ཟུར་དུ་ཡོལ་བཞིན་པ། ཐུག་པ་ཡོགས་བཞིན་པ། ནང་དུ་ཡོང་བཞིན་པ། ནོར་རག་བཞིན་པ། ཡིད་རང་བཞིན་པ། གོས་རལ་བཞིན་པ། མིག་གིས་རིག་བཞིན་པ། ཐང་དུ་རིལ་བཞིན་པ། ཕྱོགས་གཅིག་ཏུ་རུག་བཞིན་པ། སྐམ་ནས་རུད་བཞིན་པ། མེ་ཏོག་ཁ་རུབ་བཞིན་པ། མཉམ་དུ་རུབ་བཞིན་པ། ཕྲུ་གུ་རུམ་བཞིན་པ། ཟས་རུལ་བཞིན་པ། མི་ལ་རེ་བཞིན་པ། ལུས་ལ་རེག་བཞིན་པ། འཁྱགས་ནས་རེང་བཞིན་པ། ལོངས་སྤྱོད་ལ་རོལ་བཞིན་པ། ཉལ་ས་ནས་ལང་བཞིན་པ། གློ་ལུ་བཞིན་པ། ཆུ་ལུད་བཞིན་པ། གཅིག་པུ་ལུས་བཞིན་པ། ལག་ཏུ་ལེན་བཞིན་པ། ནང་དུ་ལོག་བཞིན་པ། མིག་ལོང་བཞིན་པ། ལོ་ལོན་བཞིན་པ། བསླབས་ནས་ལོབ་བཞིན་པ། ལག་ནས་ཤོར་བཞིན་པ། ལྟ་བུའོ།།
༈ དུས་མ་འོངས་པ་ལ་འཇུག་པ། མཛུབ་མོ་ཀེར་བར་འགྱུར། ཐོག་ཁེགས་པར་འགྱུར། དུས་ཁོམ་པར་འགྱུར། ཀུན་ལ་ཁྱབ་པར་འགྱུར། ཐུགས་ཁྲེལ་བར་འགྱུར། ཐུགས་ཁྲོ་བར་འགྱུར། ཐིག་ཁྱོག་པར་འགྱུར། སྣོད་གང་བར་འགྱུར། ཕག་ཏུ་གབ་པར་འགྱུར། ཉམས་གུད་པར་འགྱུར། གཏམ་གོ་བར་འགྱུར། ཀླད་ནས་གོག་པར་འགྱུར། རྒན་ནས་གོག་པར་འགྱུར། ཟོག་གོད་པར་འགྱུར། སྒོམ་ནས་གོམས་པར་འགྱུར། ལམ་གོལ་བར་འགྱུར། ཡུལ་གྱར་བར་འགྱུར། དབྱངས་གྱེར་བར་འགྱུར། གོས་གྱོན་པར་འགྱུར། འབྲུག་གྲགས་པར་འགྱུར། ཁ་གྲམ་པར་འགྱུར། ལུས་གྲིམ་པར་འགྱུར། ཆག་ནས་གྲུག་པར་འགྱུར། དངུལ་གྱིས་གླ་བར་འགྱུར། ཉོབ་ནས་གླལ་བར་འགྱུར། གཏམ་གླེང་བར་འགྱུར། བཙོན་པ་གློད་པར་འགྱུར། ལྐུགས་ནས་གླེན་པར་འགྱུར། དཀའ་ནས་ངལ་བར་འགྱུར། སྡུག་ནས་ངུ་བར་འགྱུར། བློ་ལ་ངེས་པར་འགྱུར། བློ་ལ་ངོམ་པར་འགྱུར།
དཀར་ཡོལ་ཆག་པར་འགྱུར། སེམས་ཆགས་པར་འགྱུར། ལམ་དུ་ཆས་པར་འགྱུར། ནང་དུ་ཆུད་པར་འགྱུར། ཁོག་ཏུ་ཆུབ་པར་འགྱུར། ཡིད་ཆེས་པར་འགྱུར། འཁོར་བ་ལས་ཐར་བར་འགྱུར། ནང་དུ་ཐལ་བར་འགྱུར། མོ་ཐིག་པར་འགྱུར། ཚོད་ཐིངས་པར་འགྱུར། སྤྱི་བོ་ནས་ཐིམ་པར་འགྱུར། གྲོགས་དང་ཐུག་པར་འགྱུར། ཤུགས་ཀྱིས་ཐེག་པར་འགྱུར། འབེན་ལ་ཐེབས་པར་འགྱུར། རྐང་པ་ཐེང་བར་འགྱུར། གྲས་ལ་ཐེ་བར་འགྱུར། དགྲ་ཐུབ་པར་འགྱུར། ལམ་དུ་ཐེགས་པར་འགྱུར། ལག་ཏུ་ཐོགས་པར་འགྱུར། རྣ་བས་ཐོས་པར་འགྱུར། ལྷ་ལ་དད་པར་འགྱུར། ཀླུང་རྟ་དར་བར་འགྱུར། བརྩེ་བས་དུང་བར་འགྱུར། ལམ་དུ་དོང་བར་འགྱུར། མགོ་བོ་དུད་པར་འགྱུར། སྨུག་པས་དུབ་པར་འགྱུར། འཛིངས་ནས་དོ་བར་འགྱུར། མཐའ་གཉིས་སུ་དོགས་པར་འགྱུར། ཕ་མ་དྲན་པར་འགྱུར། ཐུར་དུ་དྲུད་པར་འགྱུར། ང་རྒྱལ་གྱིས་དྲེགས་པར་འགྱུར། ཉི་འོད་ཀྱིས་དྲོ་བར་འགྱུར། ནད་ན་བར་འགྱུར། ནུ་མ་ནུ་བར་འགྱུར། ཕྱིར་ནུད་པར་འགྱུར། ཉི་མ་ནུབ་པར་འགྱུར། ལས་ཀ་ནོང་བར་འགྱུར། འོག་ཏུ་ནོན་པར་འགྱུར། ས་སྤུང་བར་འགྱུར། རྒྱན་གྱིས་སྤུད་པར་འགྱུར། རླུང་གིས་སྤུར་བར་འགྱུར། བསྟན་པ་སྤེལ་བར་འགྱུར། གནས་སྤོ་བར་འགྱུར། རྒྱས་བཤད་སྤྲོ་བར་འགྱུར། སྡིག་པ་སྤང་བར་འགྱུར། གོ་གནས་སྤར་བར་འགྱུར། ཆུ་ལ་སྤྱིང་བར་འགྱུར། ས་མཐར་སྤྱུག་པར་འགྱུར། ཚིག་ངན་གྱིས་སྤྱོ་བར་འགྱུར། ལོངས་སུ་སྤྱད་པར་འགྱུར། ལྷ་ཚོགས་སྤྱན་པར་འགྱུར། གཞན་ལ་ངོམས་པའི་སྤྱམ་པར་འགྱུར། རྒྱན་གྱིས་སྤྲས་པར་འགྱུར། ཡི་གེ་སྤྲིངས་པར་འགྱུར། གཏིང་ནས་སྤྲུག་པར་འགྱུར། ཐུགས་ཀྱིས་སྤྲུལ་བར་འགྱུར། གཞན་ལ་སྤྲད་པར་འགྱུར། ནད་ལ་ཕན་པར་འགྱུར། ལམ་དུ་ཕེབས་པར་འགྱུར། ཆུས་བང་བར་འགྱུར། རློན་གྱིས་བད་པར་འགྱུར། རོ་བམ་པར་འགྱུར། ནོར་བོར་བར་འགྱུར། བླ་རེ་བྲེས་པར་འགྱུར། ཡོན་ཆབ་བྲན་པར་འགྱུར། ལྕག་གིས་བྲབ་པར་འགྱུར། ཆགས་པས་བྱི་བར་འགྱུར། དུས་ཀྱིས་བྲེལ་བར་འགྱུར། དངུལ་གྱིས་བླུ་བར་འགྱུར། ཆུ་བླུད་པར་འགྱུར། རྣ་བ་བླག་པར་འགྱུར། ཆུ་བླུག་པར་འགྱུར། ནོར་ལ་དབང་བར་འགྱུར། བུ་ལ་བྱམས་པར་འགྱུར། དགྲ་ལ་རྦད་པར་འགྱུར། དྲི་མས་སྦག་པར་འགྱུར། རྐུ་རྫས་སྦ་བར་འགྱུར། ཆུས་སྦང་བར་འགྱུར། མེ་སྦར་བར་འགྱུར། གྲོད་ཁོག་སྦོས་པར་འགྱུར། ནོར་སྦྱིན་པར་འགྱུར། ཕན་ཚུན་སྦྱར་བར་འགྱུར། རིག་གནས་སྦྱང་བར་འགྱུར། སྨན་གྱིས་སྦྲིད་པར་འགྱུར། བུད་མེད་སྦྲུམ་པར་འགྱུར། མཉམ་དུ་སྦྲེལ་བར་འགྱུར། ཟས་མིད་པར་འགྱུར། ཟས་མུར་བར་འགྱུར། གྲོས་མོལ་བར་འགྱུར། བློ་ལ་མོས་པར་འགྱུར། རོ་མྱག་པར་འགྱུར། ལྐོག་ནས་མྱུལ་བར་འགྱུར། རོ་མྱོང་བར་འགྱུར། ཆང་གིས་མྱོས་པར་འགྱུར། ཟས་ཀྱིས་ཚིམས་པར་འགྱུར། རྐང་པ་ཞ་བར་འགྱུར། མིག་ཞར་བར་འགྱུར། སེམས་ཞི་བར་འགྱུར། གཏམ་ཞུ་བར་འགྱུར། ཐུར་དུ་ཞུད་པར་འགྱུར། དཔའ་ཞུམ་པར་འགྱུར། སྐྲག་ནས་ཞེད་པར་འགྱུར། ཆགས་པས་ཞེན་པར་འགྱུར། ཟས་ཟ་བར་འགྱུར། སྐྲ་ཟིང་བར་འགྱུར། རྗེས་སུ་འོང་བར་འགྱུར། རྣ་བ་འོན་པར་འགྱུར། དངོས་པོ་འོར་བར་འགྱུར། སེམས་རྒྱ་ལ་ཡན་པར་འགྱུར། འཇའ་ཡལ་བར་འགྱུར། ཕག་ཏུ་ཡིབས་པར་འགྱུར། ཡུར་མ་ཡུར་བར་འགྱུར། ཁ་ཡེང་བར་འགྱུར། ཐིག་ཡོ་བར་འགྱུར། ཟུར་དུ་ཡོལ་བར་འགྱུར། ཐུག་པ་ཡོགས་པར་འགྱུར། ནང་དུ་ཡོང་བར་འགྱུར། ནོར་རག་པར་འགྱུར། ཡིད་རང་བར་འགྱུར། གོས་རལ་བར་འགྱུར། མིག་གིས་རིག་པར་འགྱུར། ཐང་དུ་རིལ་བར་འགྱུར། ཕྱོགས་གཅིག་ཏུ་རུག་པར་འགྱུར། སྐམ་ནས་རུད་པར་འགྱུར། མེ་ཏོག་ཁ་རུབ་པར་འགྱུར། མཉམ་དུ་རུབ་པར་འགྱུར། ཕྲུ་གུ་རུམ་པར་འགྱུར། ཟས་རུལ་བར་འགྱུར། མི་ལ་རེ་བར་འགྱུར། ལུས་ལ་རེག་པར་འགྱུར། འཁྱགས་ནས་རེང་བར་འགྱུར། ལོངས་སྤྱོད་ལ་རོལ་བར་འགྱུར། ཉལ་ས་ནས་ལང་བར་འགྱུར། གློ་ལུ་བར་འགྱུར། ཆུ་ལུད་པར་འགྱུར། གཅིག་པུར་ལུས་པར་འགྱུར། ལག་ཏུ་ལེན་པར་འགྱུར། ནང་དུ་ལོག་པར་འགྱུར། མིག་ལོང་བར་འགྱུར། ལོ་ལོན་པར་འགྱུར། བསླབས་ནས་ལོབ་པར་འགྱུར། ལག་ནས་ཤོར་བར་འགྱུར། ལྟ་བུ། བྱ་ལས་མ་འོངས་པ་སྟེ། འདིའི་ཚིག་ཟླས་དྲངས་པའི་བྱེད་ལས་མ་འོངས་པ་ལའང་སྦྱོར་ཚུལ་ཤེས་པར་བྱ་ལ། གོང་དུ་བཀོད་པའི་བྱ་ཚིག་འདི་དག་ལ་ཞིབ་ཏུ་ཕྱེ་ན་བྱེད་འབྲེལ་བྱེད་མེད་ཀྱི་ཁྱད་པར་དང་བདག་དོན་ཕལ་པ་སོགས་ཀྱི་ཁྱད་པར་མི་འདྲ་བ་ཡོད་མོད། རྣམ་གྲངས་མང་དུ་དབྱེ་དྲགས་ན་ཀློག་མཁན་མགོ་རྙོག་པར་དོགས་ནས་དཀྱུས་གཅིག་ཏུ་བཀོད་པ་ཡིན། འདི་དག་ལ་དུས་གསུམ་གྱི་རྣམ་དབྱེ་ཕྱེ་རུང་ལ་རྩོད་པ་མི་དགོས་ཤིང༌། གསུང་རབ་ལས་བཤད་པའི་བྱ་བྱེད་ལས་གསུམ་གྱི་ཐ་སྙད་འཇུག་མིན་ཡང་དོགས་པ་མི་དགོས་མོད། བཤད་པ་རགས་པའི་དབང་དུ་བྱས་པའི་བདག་གཞན་དང༌། བདག་དོན་ཕལ་པའི་རྣམ་གཞག་རུང་མིན་ནི་རང་རང་གི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མཐུ་ལ་བརྟེན་ནས་ངེས་པར་མཛོད་ཅིག དེ་དང་དེས་མཚོན་པའི་སྔོན་འཇུག་མི་ཐོབ་པའི་བྱ་ཚིག་ཤིན་ཏུ་མང་པོ་ཡོད་ཅིང༌། དེ་དག་ནི་གོང་དུ་རྗོད་བྱེད་ཚིག་གི་དུས་གསུམ་བཤད་པའི་སྐབས། དུས་གསུམ་ཐོར་བུ་བའི་ནང་ཚན། གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་ཅིང༌།། ཞེས་པས་བསྟན་བྱ་དང་གནད་གཅིག་གོ། འདི་མཁས་པ་འགའ་ཞིག་གིས་རྟགས་འཇུག་གི་ཤུགས་བསྟན་དུ་འཇོག་པ་ནི་ཤིན་ཏུ་ལེགས་སྙམ་སྟེ། རྟགས་འཇུག་གི་བརྗོད་དོན་སྙིང་པོ་ནི་བདག་གཞན་དང་དུས་གསུམ་གྱི་འཇུག་པ་ཤེས་པའི་ཆེད་ཡིན་ལ། དེ་ལ་སྔོན་འཇུག་ཙམ་དུ་མ་ཟད། སྔོན་འཇུག་མེད་པའི་ལས་ཚིག་བདག་གཞན་དུས་གསུམ་གྱི་ཁྱད་པར་སྟོན་ནུས་པ་ཡང་མང་པོ་ཡོད་པས་དེ་དག་རྟགས་ ཀྱི་འཇུག་པའི་གཞུང་གིས་ངེས་པར་དུ་བཤད་པའི་ཕྱིར། སྟོན་མཇུག་བསྡུས་པའི་ཨ་མྲའི་འདབ་ལོ་བཞིན།། དུས་ཀྱི་རྒན་མོས་བཅོམ་པའི་གཙུག་ལག་གཞུང༌།། སླར་ཡང་དྲོད་བག་འོད་སྣང་གིས་བསུས་པའི།། དཔྱིད་དཔལ་གསར་པའི་མགྲོན་བརྡ་འདི་ཡིན་སྐད།། གཡུ་གོས་མཛེས་པའི་ལྗོན་རྩེ་ནས།། ཁུ་བྱུག་མྱོས་པའི་རྒྱངས་གླུ་ཡིས།། མཚོན་ནུས་མ་ཡིན་ལེགས་བཤད་འདི།། ནང་གི་དབྱར་སྐྱེས་མགྲོན་པོ་ཡིན།། མཁས་མང་གསུང་གི་མ་དྲོས་མཚོ།། རྣམ་དཔྱོད་སྲུབས་ཤིང་གིས་དཀྲུག་པས།། གཞུང་དོན་ཟླ་བ་བདུད་རྩིའི་མཛོད།། དྲན་ལྡན་རལ་པའི་སྐྱེས་སུ་བཏེགས།། རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ལས་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་ཟིན་ཏོ།། །།
གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།
གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་དང༌། རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ།།
རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། དང་པོ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བསྟན་པ་ལ། རྩ་བ་ལས། རྗེས་འཇུག་ཡི་གེ་བཅུ་པོ་ལ།། ཕོ་མོ་མ་ནིང་གསུམ་དུ་དབྱེ།། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། མོ་ལ་མོ་དང་ཤིན་ཏུ་མོ།། མ་ནིང་འགྱུར་དང་མཚན་གཉིས་དང༌།། མཚན་མེད་མ་ནིང་གསུམ་དུ་འདོད།། ཅེས་པ་སྟེ་དབྱེ་བའི་གཞི་རྗེས་འཇུག་གི་ཡི་གེ ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་ལ། རྩ་བའི་དབྱེ་བ་ས་ད་བ་གསུམ་ཕོ་དང༌། ག་ང་ན་ལ་ར་ལ་དྲུག་པོ་མོ་དང༌། འ་མ་ནིང་སྟེ་གསུམ་དུ་དབྱེ་ཞིང༌། དེ་དག་ནང་གསེས་ཀྱིས་དབྱེ་ན་ཕོ་ལ་ས་སྐྱེས་བུ་རབ་དང༌། ད་འབྲིང༌། བ་ཐ་མ་སྟེ་གསུམ། མོ་ལ་ག་ལ་ར་གསུམ་མོ་ཙམ་དང༌། ང་ན་མ་གསུམ་ཤིན་ཏུ་མོ་སྟེ་གཉིས། མ་ནིང་ལ་འ་ཡིག་ཁོ་ནའི་བྱེད་པ་ལ་ལྟོས་པའི་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང་དང༌། མཚན་མེད་མ་ནིང་བཅས་གསུམ་སྟེ། བསྡོམས་པའི་ནང་གསེས་ཀྱི་དབྱེ་བ་བརྒྱད་དུ་འདོད་དོ།། ཞེས་པའོ།། སློབ་དཔོན་ཐོན་མི་སམ་བྷོ་ཊས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་ནའང༌། བོད་ཀྱི་རྒྱལ་རབས་ཞེ་གསུམ་པ་གླང་དར་གྱི་སྐབས་སུ་བོད་ཀྱི་བསྟན་པ་ཆབ་སྲིད་དང་བཅས་པར་འཕོ་འགྱུར་རྒྱ་ཆེར་བྱུང་བ་དང་ཆབས་གཅིག བརྡ་སྤྲོད་པའི་བསྟན་བཅོས་དྲུག་ནུབ་པའི་རྐྱེན་གྱིས་སྔ་ཕྱིར་མཁས་པ་མང་པོས་རང་རང་གི་བརྩམས་ཆོས་རྣམས་སུ་སུམ་ཅུ་པའི་རྣམ་དབྱེ་དང་ཚིག་ཕྲད་སྦྱོར་སྟངས་ལ་ལྟོས་ནས་རྗེས་འཇུག་གི་ཕོ་མོ་མ་ནིང་གི་དབྱེ་བ་འཇོག་པ་ལས་ཁུངས་གཞན་མེད་སྟབས། སྔ་ཕྱིར་མཁས་པ་རྣམས་ཀྱིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཕྱེ་ཚུལ་རྟ་མོག་གི་སྤུ་ལྟར་གྱུར་པ་ལས་གྲགས་ཆེ་བ་འགའ་ཞིག་གི་འདོད་པ་དང་དེ་ལྟར་འདོད་པའི་རྒྱུ་མཚན་མདོ་ཙམ་འགོད་ན། ལོ་ཆེན་ནམ་མཁའ་བཟང་པོའི་སུམ་རྟགས་འགྲེལ་པ་བསྟན་པའི་སྒྲོན་མེ་དང༌། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བ་དམ་པ་ལས། ས་བ་ག་ད་བཞི་ཕོ་དང༌། ར་ལ་ང་ན་མ་ལྔ་མོ། འ་མ་ནིང་དུ་འཇོག་ཅིང༌། དེ་ཡང་ས་སྐྱེས་བུ་རབ། བ་འབྲིང༌། ག་ད་གཉིས་ཐ་མ། ང་ན་གཉིས་མོ་ཙམ། འ་ཡིག་འཇུག་ཡུལ་གྱི་དབང་གིས་འགྱུར་དང་མཚན་གཉིས་དང་མཚན་མེད་གསུམ་དུ་འགྱུར་བར་འདོད་དོ།། རྩ་བར་ཕོ་ཡིས་ཕོ་ཡིག་མིང་མཐར་དྲངས༌། །ཞེས་པ་ལྟར། དེ་ལྟར་འཇོག་པའི་རྒྱུ་མཚན་ནི་སུམ་ཅུ་པའི་སྐབས་སུ་རྟག་ཏུ། བདག་ཏུ། ཐབ་ཏུ། རྒྱབ་ཏུ། ཁྱེད་ཀྱི། བོད་ཀྱི། ཆོས་ཀྱི། ཐབ་ཀྱི། ཐོས་ཏེ། བྱས་ཏེ། ལྟ་བུ་ལ་དོན་དང༌། འབྲེལ་སྒྲ། ལྷག་བཅས་སོགས་དང་ཕལ་ཆེར་སྒོ་བསྟུན་བར་སྣང་ངོ༌།། དེ་བཞིན་དུ། མར་གྱི། དར་གྱི། དར་ཞིང༌། ཤར་དུ། བལ་གྱི། ཡུལ་དུ། གསལ་ཞིང༌། རང་གི བླང་ཞིང༌། ཐང་དུ། གཡོན་དུ། གཡོན་གྱི། ཉན་ཞིང༌། གསོན་ནོ། ལམ་གྱི། ལམ་དུ། བསམ་ཞིང༌། ལྟ་བུ་རྣམས་མོ་ཡིས་མོ་ཡིག་མིང་མཐར་དྲངས་པ་དང༌། བཀའ། མཁའ། མངའ། འཆའ། བགའ་ལྟ་བུར་རྗེས་འཇུག་གི་མ་ནིང་འ་ཡིག་གིས་མིང་མཐའ་ཕྱི་མ་ཇི་འདྲེན་ལ་མི་ལྟོས་པར་རང་ཉིད་འཇུག་ཡུལ་གྱི་སྔོན་འཇུག་དང་མིང་གཞི་ལ་ལྟོས་ནས་རང་ཉིད་ལ་སྒྲ་དྲག་ཞན་གྱི་ཁྱད་པར་མི་འདྲ་བའམ་ཁྱད་པར་འགྱུར་འགྲོ་བས་མ་ནིང་དུ་འདོད་པ་མངོན་ནོ།། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་དང༌། དཔའ་བོ་གཙུག་ལག་ཕྲེང་བ། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས། ད་བ་ས་གསུམ་ཕོ་དང༌། འ་ར་གཉིས་མོ། ག་ན་ང་མ་ལ་ལྔ་མ་ནིང་དུ་འདོད་དེ། ནང་གསེས་ཀྱིས་ད་ཡིག་སྐྱེས་བུ་རབ་དང༌། བ་འབྲིང༌། ས་ཐ་མ་དང༌། འ་མོ་ཙམ། ར་ཤིན་ཏུ་མོ། ག་ན་ང་གསུམ་འགྱུར་བ་མ་ནིང༌། མ་མཚན་གཉིས། ལ་མཚན་མེད་དུ་གསུངས་སོ། །དེ་ལྟར་འདོད་པའི་རྒྱུ་མཚན་ད་ས་གཉིས་ཕན་ཚུན་གོ་ལྡོག་པ་ཙམ་ལས་རྒྱུ་མཚན་གཞན་རྣམས་གོང་དང་འདྲ་ཞིང༌། འ་ར་གཉིས་ནི། བཀའ་ཡི། ས་མཐའ་རུ་ལྟ་བུ་མོ་ཡིས་མོ་དྲངས་པའི་རྟགས་མཚུངས་དང༌། ག་ན་ང་མ་ལ་རྣམས་མིང་གཞི་གང་འདྲ་ཞིག་དང་ཚོགས་ནའང་སྒྲ་རན་པ་མ་གཏོགས་དྲག་ཞན་གང་དུའང་མི་འགྱུར་བས་མ་ནིང་དུ་འདོད་དོ་སྙམ། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་ནི། ག་ད་བ་ས་བཞི་ལ་ཕོ་དང༌། ང་འ་མ་གསུམ་མོ། ན་ར་ལ་གསུམ་མ་ནིང་དུ་འདོད་ཅིང༌། ནང་གསེས་ཀྱིས་དབྱེ་བ་འབྱེད་ན། ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་ཕྱེ་བའི་རྗེས་འཇུག་ག་ཡིག་ཡང་འཇུག་ཅན་ནི་སྐྱེས་བུ་རབ། བ་ཡིག་ཡང་འཇུག་ཅན་སྐྱེས་བུ་འབྲིང༌། ག་བ་ཡང་འཇུག་མེད་པ་དང་ད་ས་གཉིས་སྐྱེས་བུ་ཐ་མ་ཡིན། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་ཕྱེ་བའི་ང་དང་མ་ཡང་འཇུག་ཅན་རྣམས་མོ་ཙམ་དང༌། ང་མ་ཡང་འཇུག་མེད་པ་དང་འ་མཐའ་ཅན་རྣམས་ཤིན་ཏུ་མོ་ཡིན། མ་ནིང་ལ་འགྱུར་དང་མཚན་གཉིས་དང་མཚན་མེད་གསུམ་དུ་བ་ལས། འགྱུར་བ་མ་ནིང་ནི། མིང་གཞི་ཕོ་ཡིག་གི་རྗེས་སུ་ཞུགས་པའི་ན་ར་ལ་གསུམ་དྲག་དང་འཕྲད་ན་དྲག་པར་འགྱུར་བའི་འགྱུར་བ་མ་ནིང་དང༌། མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པར་ཞུགས་ན་ཞན་དང་འཕྲད་ན་ཞན་པར་འགྱུར་བས་འགྱུར་བ་མ་ནིང་ཡིན། མིང་གཞི་མ་ནིང་རྗེས་སུ་ཞུགས་པའི་ན་ར་ལ་གསུམ་མཚན་མེད་མ་ནིང་ཡིན། མིང་གཞི་མོ་ཡིག་རྗེས་སུ་ཡང་འཇུག་དང་བཅས་ཞུགས་ན་མཚན་གཉིས་མ་ནིང་ཡིན། འདི་ལྟར་བཞག་པའི་རྒྱུ་མཚན་འགྲེལ་ཆེན་ལས་ཤེས་པར་བྱའོ།། དུས་ཕྱིས་བྱ་རྡོ་ལམ་འཕྲོད་ཀྱི་ལམ་འགྲོ་ཅན་དབུས་ནས་རིམ་པར་མདོ་དབུས་སྐོར་གསུམ་དུ་རྒྱུགས་ཆེ་བའི་དངུལ་ཆུ་ཡབ་སྲས་ཀྱི་རྟགས་འགྲེལ་ལས། གཞི་རྐང་འགྲེལ་ཆེན་དང་འདྲ་བ་ལ། མ་ནིང་གསུམ་གྱི་སྐབས་མིང་གཞི་མ་ནིང་ཡང་འཇུག་ཅན་མཚན་མེད་མ་ནིང་ལས་བཏོན་ནས་དྲག་དང་འཕྲད་ན་དྲག་པར་འགྱུར་བའི་འགྱུར་བ་མ་ནིང་དུ་བཞག་པ་གཅིག་པུ་མི་འདྲ་བ་ཤེས་དགོས་ཏེ། དེང་སང་རྒྱས་པ་ལས་བསྡུས་པ་དང༌། མང་བ་ལས་ཉུང་བ་འགྲིམ་ཆེ་བའི་སྐབས་ཡིན་པས་འདི་ཉིད་ཤིན་ཏུ་རྒྱུགས་ཆེ་བས་སོ།། མཁས་པ་ཆེན་པོ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་སུམ་ཅུ་པའི་རྩ་བར། དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་མཐུན།། ལྷག་མ་རྣམས་ནི་གྱ་དང་སྦྱར།། ཞེས་པའི་གཞུང་ཚིག་ལ་བརྟེན་ནས་རྗེས་འཇུག་གི་རྟགས་གསུམ་གྱི་དབྱེ་བ་མཛད་པ་ཡིན་ཏེ། །རྗེས་འཇུག་གི་གསུམ་པ་ད་དང་ལྔ་པ་བ། བཅུ་པ་ས་བཅས་གསུམ་པོ་དེ་དག་ཀྱང་རྟགས་མཐུན་པར་གསུངས། ཀྱི་ཡིག་གི་མིང་གཞི་ཀ་ཡིག་མིང་གཞིའི་ཕོ་ཡིག་ཡིན་པས་ད་བ་ས་གསུམ་པོ་རྗེས་འཇུག་གི་ཕོ་ཡིན་པ་གསལ་ཞིང༌། རྗེས་འཇུག་གི་དང་པོ་ག་ང་གཉིས་གི་དང་མཐུན་ཞིང༌། ལྷག་མ་ན་མ་ར་ལ་བཞི་པོ་གྱི་དང་མཐུན་ལ། གི་དང་གྱི་གཉིས་ཀྱི་མིང་གཞིའི་ག་ཡིག་མོ་ཡིན་པས། རྗེས་འཇུག་ག་ང་ན་མ་ར་ལ་དྲུག་པོ་མོ་ཡིན་ཏེ། འབྲེལ་སྒྲའི་གི་གྱི་གཉིས་དང་རྟགས་མཐུན་པའི་ཕྱིར། འ་ཡིག་ནི་རང་གི་འཇུག་ཡུལ་སྔོན་འཇུག་དང་མིང་གཞིའི་སྒྲ་གདངས་ལ་ལྟོས་ནས་འགྱུར་འགྲོ་བ་ལས་རང་ཉིད་ལ་རང་རྐྱ་འཕེར་བའི་སྒྲ་གདངས་ཤིག་ཐོན་ཏུ་མེད་པས་མ་ནིང་དུ་འཇོག་གོ། སྔ་ཕྱི་མཁས་པ་མང་པོས་རྗེས་འཇུག་གི་ཕོ་མོ་མ་ནིང་གི་དབྱེ་བ་བཞག་སྟངས་མི་འདྲ་བ་ཙམ་མ་གཏོགས། སྤྱིར་སྒྲ་གདངས་དྲག་ཞན་ལ་ལྟོས་ནས་འཇོག་དགོས་པ་ནི་བཞེད་པ་གཅིག་ཏུ་མཐུན་ཞིང༌། འཇོག་ལུགས་མི་འདྲ་བ་རྟ་མོག་གི་སྤུ་ལྟར་གྱུར་ཡོད་པ་འདི་དག་ལ་བརྟགས་ན། ལོ་ཆེན་ནམ་མཁའ་བཟང་པོའི་སྐབས་ནས་བོད་ཀྱི་ཡི་གེ་ཀློག་སྟངས་ཐད་སྒྲ་གདངས་གཅིག་གྱུར་གྱི་ཕུགས་གཏན་འཁེལ་བ་དང་གདེང་འཇོག་ཐུབ་མཁན་ཞིག་མེད་པར་གྱུར་ཚར་བ་ཧ་ཅང་གསལ་སྙམ་སྟེ། གཞན་དུ་ན་རང་རང་གིས་ཞིབ་པར་བཀླགས་ན་རྗེས་འཇུག་སོ་སོའི་སྒྲ་གདངས་དྲག་ཞན་གྱི་ཁྱད་པར་མ་འདྲེས་པ་ཞིག་ཡོང་དགོས་པ་ལ། མཁས་པ་གཅིག་གིས་དྲག་པོ་བཀླག་པ་དེ་ཅིག་ཤོས་ཀྱིས་ཞན་པར་བཀླག་སྟངས་ཀྱི་རྣམ་འགྱུར་འདུག་པའི་ཕྱིར། འོན་ཀྱང་དེ་དུས་ཆོས་སྐད་ལ་དབང་བསྒྱུར་བའི་མཁས་པའི་དབང་པོ་དཔལ་མ་ཧཱ་པཎྜི་b-ཆེན་པོ་དུ་མ་དང༌། ལོ་ཙཱ་བ་གྲངས་ལས་འདས་པ་ཡོད་པས་སྒྲ་ཚད་རྐང་པའི་འདེགས་འཇོག་ཡངས་པོས་གཙུག་ལག་ཤེས་བྱའི་བྱང་ཐང་ལ་དཀའ་ཚེགས་ཀྱི་ངལ་བ་ལ་མ་ལྟོས་པར་འགྱུར་འགྲོས་ཀྱི་སྲོལ་ཆེས་ཤིན་ཏུ་དར་བ་བྱས་ཡོད་དེ། དེང་སང་ནི་ཆོས་སྐད་ལྟ་ཞོག་བརྡ་སྤྲོད་རྐང་ལམ་ཕྲ་མོའི་ཐོག་ཏུ་ཤེས་རློམ་གྱིས་ཀི་ཤར་ཙམ་ལས། དོན་དངོས་ལ་རྣམ་དཔྱོད་ཙུ་ཏའི་རྐང་པ་དང་ཉམས་མྱོང་མུ་ལྟོའི་པ་རུ་ལྟར་གྱུར་པས་ཡོངས་སུ་གང་སྟེ། བསིལ་ལྡན་གངས་རིའི་མགུལ་བར་མཛེས་པའི་འཇམ་མགོན་ཐོན་མི་སམ་བྷོའི་རྣམ་དཔྱོད་ཀྱི་གངས་ལ་འགྱིངས་པའི་བརྡ་སྤྲོད་ཀྱི་སེང་གེའི་ང་རོ་བླ་ན་འཕར་བ་ལ་རྒོལ་བ་གཞན་གྱིས་གླགས་པའི་གོ་སྐབས་ཕྲ་ནའང༌། ནང་ནས་སྐྱེས་པའི་འབུ་སྲིན་གྱིས་ཟོས་ཏེ་འཇིག་པ་ལ་ཤིན་ཏུ་ཉེན་ཆེ་བ་ནི་ཤེས་ལྡན་རྣམས་ཀྱིས་མཐོང་ནའང་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་ཤིང༌། གལ་ཏེ་སྨྲས་ནའང་གཙུག་ལག་དག་ཐེར་གྱི་ལེགས་སྐྱེས་སུ་མ་ཤེས་པའམ་ཤེས་བཞིན་དུ་འགྲན་སེམས་བྱེད་པ་ལས་ཚུལ་དང་མཐུན་པའི་རྟོག་ཞིབ་ཀྱིས་ལེགས་བཅོས་བྱེད་མཁན་ནི་ཉིན་མོའི་སྐར་མ་ལྟར་ཉུང་ཞིང༌། ཉམ་ཆུང་སྐྱེས་སྦྱངས་གོམས་པའི་མཁས་པ་ལས་མཐོན་པོའི་སྲིད་སྟེགས་ལ་དབང་བསྒྱུར་བ་ཁོ་ནས་ངོ་སོ་ཆེ་བའི་གྲུ་ག་འདིར་རང་དགར་གྱིས་བྱུང་རྒྱལ་སྣ་ཚོགས་དུས་རབས་ཀྱི་འགྱུར་སྒྲོས་ལ་བསྙད་ནས་སྤེལ་བ་ནི་རིན་ཐང་བྲལ་བའི་རང་གི་རིག་པའི་གཞུང་ལུགས་ཀྱི་སྲོག་རྩའི་ལྐོག་མར་འབྱིན་པའི་དུག་ཚེར་ལྟར་ལྡིང་ཞིང༌། གཞོན་ནུ་བློ་གསལ་བ་རྣམས་ཀྱང་སུམ་རྟགས་ཀྱི་འགྲེལ་པ་གང་ཞིག་གི་རྗེས་སུ་ཁྱི་རྒྱུགས་པ་ལྟར་རང་གིས་བཀླག་སྟེ་སྒྲ་གདངས་ཇི་འདྲ་ཞིག་ཡོང་མིན་ལ་མ་བརྟེན་པར་ཟེར་སྒྲོས་ཀྱི་དཔུང་ཙམ་ཁོ་ན་སྐྱབས་སུ་བརྟེན་ཅིང༌། རང་ཉིད་ཀྱིས་མཐོང་མྱོང་བ་དང་སྦྱོང་མྱོང་བ་དེ་ཁོ་ན་ཡིན་པར་འཛིན་པས་ཅིག་ཤོས་མིག་ལམ་དུ་མཐོང་ཙམ་ཡང་མ་མྱོང་ཞིང༌། གལ་སྲིད་མཐོང་ན་ཡང་ནོར་བ་དང་འཁྲུལ་བའི་སྣང་བ་ཡ་མཚན་པ་ཞིག་ཤར་ཏེ་ཁ་གཉེར་སྣ་རྫིང་མིག་བགྲད་དེ་ཧ་ལས་ཧོན་འཐོར་མདོག་བྱེད་པས་ལུང་པ་གང་བ་ཁྱོད་ཅག་ཐོས་ཉུང་བླུན་པོའི་རྨོངས་གཉིད་ལས་མ་སད་བར་དུ་འཁྲུལ་སྣང་གི་རྨི་ལམ་དེ་ནམ་ཡང་བཟློག་པའི་ཐབས་མེད་ལ། དེར་བརྟེན་གཙུག་ལག་རིག་པའི་གཞུང་ལ་རྣམ་པར་དཔྱོད་པའི་བློ་གྲོས་བྱི་ལོང་གི་མིག་ལྟར་འགྱུར་བཞིན་དུ་ཤེས་བྱའི་གནམ་ལ་ཚོད་ཐིག་གཞལ་བའི་ཀུ་ཅོས་ཚངས་པའི་རྣ་ལུང་ཡང་བཀྲུག་ལ་ཉེ་བ་སྒྲོགས་པ་ནི་མགྲིན་བཟང་རྒན་པོས་ནམ་ཚད་བཟུང་བའི་སྐད་ཅོར་ཉིད་དུ་ཤེས་པར་བྱའོ།།
རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ། གཉིས་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པ་ནི་རྩ་བར། དེ་ཡང་བྱེད་པ་བཞི་བྱེད་དེ།། གང་ལ་འཇུག་བྱེད་གང་གིས་བྱེད།། ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་བྱེད།། ཅེས་གསུངས་ཏེ། དེ་ཡང་རྗེས་འཇུག་གི་ཕོ་མོ་མ་ནིང་གསུམ་པོ་རེ་རེ་ལའང་བྱེད་པ་བཞི་བཞིའི་དབྱེ་བ་འབྱེད་པར་བྱེད་དེ། བཞི་གང་ཞེ་ན། རྗེས་འཇུག་རྣམས་མིང་གཞི་གང་དང་གང་ལ་འཇུག་པར་བྱེད་པ་དང༌། རྗེས་འཇུག་གང་དང་གང་གིས་འཇུག་པ། སྒྲ་གདངས་དྲག་ཞན་གྱི་ཚུལ་ཇི་ལྟར་དུ་འཇུག་པར་བྱེད་པ། དགོས་པ་ཅིའི་ཕྱིར་འཇུག་པ་རྣམས་སོ་ཞེས་པའོ།།
རྗེས་འཇུག་རྣམས་གང་ལ་གང་གིས་འཇུག་པ་བཤད་པ། གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་གང་ལ་འཇུག་པ་བཤད་པ་ནི། རྩ་བར། གང་ལ་ཡི་གེ་ཐམས་ཅད་ལ།། ཞེས་གསུངས་ཏེ་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག མིང་གཞིའི་ཡི་གེ་གང་དང་གང་ཞིག་ལ་འཇུག་གམ་ཞེ་ན། ཀ་ནས་ཨའི་བར་གྱི་གསལ་བྱེད་མིང་གཞིའི་ཡི་གེ་སུམ་ཅུ་པོ་ཐམས་ཅད་ལ་ཁྱད་མེད་དུ་འཇུག་གོ། ཞེས་པའོ། ། དཔེར་ན། བཀག། བཀང༌། བཀད། བཀན། བཀབ། བཀམ། བཀའ། བཀར། བཀལ། བཀས། ལྟ་བུས་མཚོན་མིང་གཞིའི་ཡི་གེ་ཀུན་ལ་རྗེས་འཇུག་བཅུ་ཀ་ཁྱད་མེད་དུ་སྦྱར་རུང་ངོ༌། འོ་ན། ཝག ཀག ཨད། ལྟ་བུ་ཡི་གེ་མང་པོ་ཞིག་ལ་རྗེས་འཇུག་ཞུགས་ཀྱང་གསུང་རབ་ཀྱི་བརྡ་ཆད་ལྟ་ཞོག འཇིག་རྟེན་ཐུན་མོང་ཡོངས་གྲགས་ཀྱི་བརྡ་སྐད་ལའང་ཟུར་ཙམ་ཡང་མི་ཞུགས་པས། མིང་གཞི་ཡི་གེ་ཐམས་ཅད་ལ་འཇུག་པ་མི་འཐད་དེ་འཇུག་ཀྱང་ཅི་ཞིག་ཕན་སྙམ་ན། དེ་ནི་གངས་ཅན་བོད་ཀྱི་བརྡ་སྤྲོད་གཙུག་ལག་རིག་པའི་བང་མཛོད་ཆེན་པོ་ལས་སྔོན་བྱུང་ལུགས་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཇི་སྙེད་ཅིག་གསལ་བར་བྱེད་པའི་ཡི་གེ་བེད་སྤྱོད་བཏང་ཟིན་ཅིང༌། ད་དུང་ཡང་འབྱུང་འགྱུར་ཤེས་བྱ་གསར་བའི་བརྗོད་བྱ་ཇི་སྙེད་ཅིག་བྱུང་ནའང་དེ་ཉིད་སྟོན་པའི་བོད་ཡིག་ལ་ཐ་སྙད་གསར་བརྩམ་མི་དགོས་པར་ཐོན་མིས་བསྐྲུན་པའི་བརྡ་སྤྲོད་རིག་པའི་བང་མཛོད་འདི་ཉིད་ལས་ལེན་ཆོག་ཆོག་ཏུ་ཡོད་པས། རྒྱ་ནག་སོགས་ཀྱི་ཡི་གེ་ལས་ཆེས་རྨད་དུ་བྱུང་བ་མཚོན་པའི་བརྡ་རྟགས་བླ་ན་མེད་པ་ཞིག་ཡིན་ཏེ། དཔེར་ན། དབྱིན་སྐད་ཐོག ཉི་མ་ལ་སན། ཟླ་བ་ལ་མོན། ཧིན་སྐད་ཐོག ཁྲོམ་ལ་བ་ཇཱར། གཅིག་ལ་ཨེཀ གཉིས་ལ་དྷོ། གྲོང་ཁྱེར་ལ་ཤཧར། ལྟ་བུ་དང༌། ལེགས་སྦྱར་སྐད་ཐོག འཇིག་རྟེན་ལ་ལོ་ཀ་ འཁོར་བ་ལ་སཾསཱར། ཆོས་ལ་དྷརྨ། ལྟ་བུ་དང༌། རྒྱ་ནག་སྐད་ཐོག སྲིད་གཞུང་ལ་ཀྲིན་ཧཕུས། མི་དམངས་ལ་རིན་མེན། འཛམ་གླིང་ལ་ཧྲི་ཅེའི། ཉི་མ་ལ་ཐེའི་ཡང༌། ཟླ་བ་ལ་ཡོད་ལེང། ལྟ་བུ། དེ་དག་གིས་མཚོན་པའི་སྒྲ་བསྒྱུར་གྱི་རིགས་རྣམས་མི་རིགས་དེའི་སྐད་གཤིས་དང་མཐུན་པའི་སྒྲ་གདངས་ལེགས་པར་ཐོན་ཐུབ་པ་དང༌། རྗེས་འཇུག་གི་གང་ལ་འཇུག་ཚུལ་འདིའི་ཐོག་ནས་བོད་རང་གི་སྐད་ཐོག་ནས་ཤེས་བྱ་གསར་པ་ཇི་སྙེད་ཅིག་བྱུང་ནའང་མིང་དོན་འབྲེལ་བའི་ཡི་གེས་ལག་མི་ཐོགས་པས། རང་གི་རིག་པའི་གཞུང་ལུགས་ཀྱི་ཁྱད་ཆོས་ཤིག་ཏུ་གོ་དགོས་སོ།། རྒྱ་ནག་པའི་མཁས་རློམ་འགའ་ཞིག་གིས་བོད་ཡིག་ནི་ཆོས་ལུགས་དང་འབྲེལ་བའི་ཡི་གེ་ཙམ་ལས་བརྗོད་བྱ་མཐའ་དག་ལ་མ་ཁྱབ་པས་ཕྱོགས་རེ་བ་ཙམ་རེད་ཅེས་པའི་ལན་དུ། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་གྱིས་དགག་བཞག་རྒྱ་ཆེར་གནང་བ་ཕ་རོལ་པོའི་དོན་སྙིང་ལྔ་ཀ་གཅིག་ཏུ་གཞོམ་པའི་འཕྲུལ་གྱི་མདའ་བོ་ཞིག་དང་ཀུན་ནས་མཚུངས་པ། ཁོང་གི་གསུང་འབུམ་དུ་བཞུགས་པ་དེར་གཟིགས་དགོས། བློ་གསལ་དགའ་སྟོན་ལས་ཀྱང༌། རྗེས་འཇུག་ཡི་གེ་བཅུ་པོ་རེ་རེ་བཞིན་མིང་གཞི་ཐམས་ཅད་ལ་ཁྱད་པར་མེད་པར་འཇུག་མོད། མིང་དང་ཚིག་ཏུ་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་དེ། དཔེར་ན་དབྱང་ཞེས་པ་སྔར་གང་ལའང་མི་འཇུག་ཀྱང༌། དེང་སང་ཀྲུང་དབྱང་ཞེས་རྒྱ་སྐད་ཀྱི་ཚབ་ཏུ་བྲིས་ཚེ་དོན་སྟོན་པར་འགྱུར་བ་བཞིན་ནོ།། ཞེས་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་དོ།། གསེར་ཏོག་སུམ་རྟགས་ལས། རྗེས་འཇུག་རྣམས་གང་ལ་གང་གིས་འཇུག་པ་བཤད་པའི་སྐབས༌། ཡི་གེ་གང་ལ་འཇུག་པའི་ཚུལ་གཅིག་དང༌། མི་འཇུག་པའི་ཚུལ་གཉིས་ཡོད་མོད། འཇུག་པ་ཡིག་ཚོགས་མང་བའི་ཕྱིར། མི་འཇུག་པའི་སྒོ་ནས་མདོ་ཙམ་བཤད་དེ། ཞེས་པས་མཚམས་སྦྱོར་ཏེ། ཛག ལྦག རྐག རྒག རྗག་སོགས་མགོ་འདོགས་བརྩེགས་གསུམ་ཐེ་བའི་ག་ཡིག་མི་ཐོབ་པའི་མིང་གཞི་ཞེ་གསུམ་དང༌། ང་ཡིག་མི་ཐོབ་པ་རེ་དགུ། ད་ཡིག་མི་ཐོབ་པ་བརྒྱ་དང་རེ་གཅིག ན་ཡིག་མི་ཐོབ་པ་རེ་དགུ། བ་ཡིག་མི་ཐོབ་པ་བརྒྱ་དང་སོ་དགུ། མ་ཡིག་མི་ཐོབ་པ་བརྒྱ་དང་བཅུ། ར་ཡིག་མི་ཐོབ་པ་བརྒྱ་དང་བདུན། ལ་ཡིག་མི་ཐོབ་པ་གྱ་དྲུག ས་ཡིག་མི་ཐོབ་པ་ང་དགུ། བསྡོམས་པས། ཡིག་གྲངས་བདུན་བརྒྱ་ཞེ་གསུམ་ལ་རྗེས་འཇུག་མི་ཐོབ་པ་ཞིབ་ཚ་བོའི་ལུགས་སུ་བྱས་ནས་བྲིས་འདུག་པ་རྣམས་མདོ་རྒྱུད་བསྟན་བཅོས་རྣམས་སུ་དངོས་སུ་བེད་སྤྱོད་ཡོད་མེད་ལ་བལྟོས་ནས་མིང་གཞི་ལ་འཇུག་པ་དང་མི་འཇུག་པའི་ཁྱད་པར་གྱི་གཞིར་བྱས་ནས་བཤད་འདུག་པ། རྗེས་འཇུག་རྣམས་གང་ལ་འཇུག་པ་ཤེས་པའི་ཡན་ལག་ཏུ་ཕན་ཐོགས་ཆེ་བ་ངེས་མོད། འདིར་མི་འཇུག་པ་ངེས་པའི་ཁྲོད་ནས། ཐོན་མིའི་ཞལ་ལུང་དུ། སྐྱག་དང༌། ལྡང་སོགས་བཅུ་གཅིག་ཙམ་ཐེར་འདོན་གྱིས་ཆོས་ཅན་ལ་བཟུང་ནས་བཀའ་བསྟན་དུ་མ་གྲགས་པར་སུན་འབྱིན་གནང་བ་ནི། གསེར་ཏོག་ཚང་རིགས་པའི་བྱི་དོར་གྱིས་རག་ཏོག་རང་དུ་བསྒྱུར་འདུག་སྙམ། གསེར་ཏོག་པས་གོང་དུ་བཤད་མ་ཐག་པའི་དཔེར་བརྗོད་རྣམས་ཀྱིས་ལུང་སྡེ་སྣོད་གསུམ་གྱི་དོན་བསྟན་དགོས་པ་ལ། དེ་ལྟར་བསྟན་པ་ལྟ་ཞོག བཀའ་བསྟན་གྱི་གཞུང་ཆེ་ཆུང་རྣམས་སུ་དེ་འདྲའི་ཡིག་གཟུགས་ཙམ་ཡང་མི་སྣང་བས་སོ།། ཞེས་པའི་རྒྱུ་མཚན་བཀོད་འདུག་པར། འོ་ན། གནམ་གྲུ་དང༌། མོ་ཊ། རླངས་འཁོར། མིས་བཟོས་སྐར་འཁོར། གློག་ཀླད་སོགས་རེ་རེ་ནས་ཆོས་ཅན། མིང་གཞི་དེ་དང་དེར་རྗེས་འཇུག་དེ་དག་གིས་མི་འཇུག་པར་ཐལ། རྟགས་དེའི་ཕྱིར། དེར་ཐལ། སྡེ་སྣོད་གསུམ་ལ་དེ་དག་གི་ཐ་སྙད་ལྟ་ཅི་ཡིག་གཟུགས་ཙམ་ཡང་མི་འབྱུང་བའི་ཕྱིར། ཁྱབ་པ་ཁས། ད་དུང་གསུང་རབ་ཏུ་ཡོད་ན་ཐ་སྙད་དེར་རུང་བ་དང༌། མེད་ན་མི་རུང་བས་ཁྱབ་པར་ཐལ། གོང་གི་རྒྱུ་མཚན་དེའི་ཕྱིར། འདོད་ན། བོད་གངས་ཅན་པའི་འཚོ་བའི་རླབས་རྒྱུན་ནང་མེད་ཐབས་མེད་པའི་རྩམ་པ་དང༌། འུར་རྡོ། ཁིས་མོ་སོགས་རེ་རེ་ནས་ཆོས་ཅན། མིང་གཞི་དེ་དག་ལ་རྗེས་འཇུག་སྦྱར་བས་མིང་དུ་མི་འགྲུབ་པར་ཐལ། དེ་དག་གསུང་རབ་ཀྱི་བརྡ་ཆད་ནང་མི་འབྱུང་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་སོང༌། འདོད་མི་ནུས་ཏེ། ཐ་སྙད་དེ་དག་གངས་ཅན་པའི་བརྡ་སྤྲོད་པའི་ནང་དུ་མེད་ཐབས་མེད་པའི་མིང་ཚིག་ཞེ་གཅིག་ཡིན་པའི་ཕྱིར། འཁོར་གསུམ། ཡང་དེར་རྒྱ་སོག་མན་ཇུན་གསུམ་གྱི་སྐད་ནས་དྲས་པའི་སྒྲ་བསྒྱུར་གྱི་མིང་ཚིག་བརྒྱ་ལྷག་བགྲངས་པ་དེ་དག་རེ་རེ་ནས་ཆོས་ཅན། ཁྱོད་ལ་རྗེས་འཇུག་བཅུ་པོ་གང་ཡང་མི་འཇུག་པར་ཐལ། དེ་དག་གསུང་རབ་ཀྱི་ཐ་སྙད་ནང་མེད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དེ་དག་རེ་རེ་ནས་རྗེས་འཇུག་རྣམས་དམིགས་བསལ་གྱིས་འཇུག་པ་ཁྱོད་ཀྱིས་ཁས་ལེན་འདུག་པའི་ཕྱིར། དེས་ན། བརྒྱ་བཤད་སྟོང་བཤད་དང་མཁས་མཁས་སྤྱང་སྤྱང་གིས་ཐོན་མིའི་གཞུང་ལུགས་ལ་འབྲུ་སྣོན་ནས་བོད་ཀྱི་མིང་ཚིག་གི་འཇུག་པའི་ཁྱབ་ཁོངས་ཆེན་པོ་ཆུང་ཆུང་དུ་གཞོགས་པ་དང༌། མང་པོ་ཉུང་ཉུང་དུ་སྡུད་པ། རིང་པོ་ཐུང་ཐུང་དུ་བསྟུང་བ་འདི་འདྲ། བུ་གླེན་པས་ཕ་ཡི་སྣ་གདོང་ལ་སྟ་རེས་དབྱུགས་པའི་གནའ་སྒྲུང་ལྟ་བུ་ཅིས་ཀྱང་མི་གནང་བར་འཚལ། བསྟན་དར་ལྷ་རམས་པའི་ཡིག་བཤད་མཁས་པའི་ཁ་རྒྱན་ལས། པ་ཡིག་དང་མ་ཡིག་གི་རྗེས་སུ་རྗེས་འཇུག་བ་ཡིག་སྦྱར་བ། པབ་མབ་ལྟ་བུའི་མིང་བོད་སྐད་ལ་མི་དགོས་པས་དེ་ལྟར་སྦྱོར་མི་རུང་ཚུལ་བཤད་པ་འང་གནས་སྐབས་དེ་ལྟར་སྦྱར་བར་བེད་སྤྱོད་མེད་པ་ཙམ་ལ་དགོངས་ན་དེར་ཟད་ཀྱི། གཞན་དུ་ན་ཐོན་མིའི་རྩ་བ་དང་འགལ་ཞིང༌། སྔོན་ཆད་མེད་པས་ཕྱིན་ཆད་མི་འབྱུང་བའམ་འབྱུང་མི་རུང་བ་སྒྲུབ་ན་ནི། མཁས་པས་བླུན་རྟགས་ཙམ་ལས་དམ་བཅའ་ལ་ཕན་པའི་ཚུལ་གསུམ་གྱི་ཆ་ཤས་གང་ཡང་མི་འགྲུབ་སྟེ། སྔོན་མེད་ཕྱིས་འབྱུང་བགྲངས་ཀྱང་བགྲང་བར་མི་ནུས་པའི་ཕྱིར། འདོད་ན། དེ་དག་སྟོན་པའི་བོད་ཀྱི་ཐ་སྙད་གསར་དུ་སྦྱོར་བ་མི་རིགས་པར་ཐལ། པབ་དང་མབ་ལྟ་བུ་སྦྱར་མི་རུང་བའི་རྒྱུ་མཚན་དེའི་ཕྱིར། རྟགས་ཁས། གནོད་བྱེད་གཞན་རྣམས་གོང་དུ་བགྲངས་ཟིན་ཏོ།། གཉིས་པ་གང་གིས་འཇུག་པ་བཤད་པ་ལ། རྩ་བར། གང་གིས་བཅུ་པོ་དེ་དག་གིས།། ཞེས་གསུངས་ཏེ། མིང་གཞི་ཡི་གེ་གསལ་བྱེད་སུམ་ཅུ་པོ་དེ་དག་ལ་རྗེས་འཇུག་ཡི་གེ་གང་གིས་འཇུག་པ་ཡིན་ཞེ་ན། ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་དེ་དག་གིས་འཇུག་གོ། ཞེས་པའོ།། པྲ་ཏིའི་རྗེས་སུ་འབྲངས་པའི་མཁས་པ་རྣམས་ཀྱིས་ས་བཅད་དང་པོ་གཉིས་གཅིག་ཏུ་བསྡུས་ཏེ་འཆད་པ་ནི། སྔོན་འཇུག་གི་གང་ལ་འཇུག་དང་གང་གིས་འཇུག་བཤད་པའི་སྐབས་ལྟར་མིང་གཞི་འགའ་ཞིག་ལ་འཇུག་དང་འགའ་ཞིག་ལ་མི་འཇུག་པ་མིན་པར་རྗེས་འཇུག་བཅུ་ཀ་མིང་གཞི་སུམ་ཅུ་པོ་ཐམས་ཅད་ལ་ཁྱད་མེད་དུ་འཇུག་པས། སྔོན་འཇུག་གི་སྐབས་ལྟར་ལོགས་སུ་མ་བཤད་ནའང་མགོ་རྙོག་མེད་པས་གོ་བདེ་བ་ལ་དགོངས་པའོ།།
རྗེས་འཇུག་རྣམས་ཇི་ལྟར་འཇུག་པ་བཤད་པ། གསུམ་པ་རྗེས་འཇུག་རྣམས་ཇི་ལྟར་འཇུག་པ་བཤད་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། རྩ་བ་ལས། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།། ཞེས་གསུངས་ཏེ། གོང་གི་རྗེས་འཇུག་བཅུ་པོ་དེ་དག་ཚུལ་ཇི་ལྟར་དུ་འཇུག་པ་ཡིན་ཞེ་ན། རྣམ་པ་གཉིས་ཀྱི་སྒོ་ནས་འཇུག་པ་ཡིན་ཏེ། དང་པོ་སྒྲ་ཡི་འཇུག་ཚུལ་དང༌། གཉིས་པ་དོན་གྱི་འཇུག་ཚུལ་ལོ། །ཞེས་པའོ།། གཉིས་པ་རྒྱས་པར་བཤད་པ་ལ་སྒྲ་ཡི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ལས། དང་པོ་སྒྲ་ཡི་འཇུག་ཚུལ་བསྟན་པ་ལ། རྩ་བར། ཕོ་གསུམ་མོ་གཉིས་མ་ནིང་གསུམ།། དྲག་ཞན་བར་མ་གསུམ་དུ་འཇུག། དྲག་པ་གསུམ་གྱི་ནང་ཕྲད་དམ།། གལ་ཏེ་ཞན་པ་ནང་ཕྲད་ན།། དེ་ལའང་ནང་གི་ཆ་ཤས་ཀྱིས།། དེ་ཡང་དྲག་ཞན་གཉིས་སུ་དབྱེ།། མ་ནིང་གསུམ་དུ་གང་གཏོགས་པ།། དྲག་དང་ཕྲད་ན་དྲག་པར་འགྱུར།། ཞན་དང་ཕྲད་ན་ཞན་པར་འགྱུར།། གཉིས་ཀ་དག་དང་ཕྲད་གྱུར་ན།། དེ་ནི་གཉིས་ཀ་ཅན་དུ་འགྱུར།། གཉིས་ཀ་དག་དང་མ་ཕྲད་ན།། གང་དུ་ཡང་ནི་མི་འགྱུར་རོ།། དེས་ན་འགྱུར་དང་མཚན་གཉིས་དང༌།། མཚན་མེད་མ་ནིང་གསུམ་དུ་འདོད།། དེ་ནི་སྒྲ་ཡི་འཇུག་ཚུལ་ལོ།། ཞེས་གསུངས་ཏེ། རྗེས་འཇུག་གི་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང༌། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས། མ་ནིང་ལ་འགྱུར་དང་མཚན་གཉིས་དང་མཚན་མེད་དེ་གསུམ་དུ་ཕྱེ་བའི་ཕོ་ཡིག་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་ལ་འཇུག་པའི་ཚེ་སྒྲ་གདངས་དྲག་པ་དང༌། མོ་ཡིག་སྒྲ་གདངས་ཞན་པ། མ་ནིང་སྒྲ་གདངས་དྲག་ཞན་གཉིས་ཀྱི་བར་མ་རན་པའི་ཚུལ་ཏེ་གསུམ་དུ་འཇུག་གོ །དེ་ཡང་ནང་གསེས་ཀྱིས་སྒྲ་ཡི་འཇུག་ཚུལ་རྒྱས་པར་ཕྱེ་ན། སྔོན་འཇུག་དང་མིང་གཞི་རྗེས་འཇུག་གསུམ་ག་ཕོ་ཡིག་ཁོ་ན་ཚེག་ཁྱིམ་གཅིག་གི་ནང་དུ་ཚོགས་ན་དྲག་པ་གསུམ་གྱི་སྒྲ་མཉམ་དུ་འཕྲད་པས་སྒྲ་དྲག་པ་སྟེ། དཔེར་ན། བཀས། བཅས། ལྟ་བུ་དྲག་པའི་དྲག་པ་དང༌། བཀད། བཅད་ལྟ་བུ་དྲག་པའི་འབྲིང༌། བཀབ། བཅབ་ལྟ་བུ་དྲག་པའི་ཞན་པ་ཡིན་ཏེ། མིང་གཞི་དང་སྔོན་འཇུག་གི་ཕོ་ཡིག་ལ་རྗེས་འཇུག་གི་ཕོ་ཡིག་སྐྱེས་བུ་རབ་འབྲིང་མཐའ་གསུམ་གྱིས་འཇུག་པའི་ཕྱིར། དམ་ནི་འབྱེད་པའི་སྒྲའོ། །གལ་ཏེ་སྔོན་རྗེས་མིང་གསུམ་པོ་མོ་ཡིག་ཁོ་ན་ཡིན་པའི་གདངས་ཞན་པ་ནང་ཕྲད་ན། དེ་ལའང་འགའ་ལྟ་བུ་མོ་ཙམ་དང་འཕྲད་ན་ཞན་པའི་དྲག་པ་དང༌། མནོས་ལྟ་བུ་ཤིན་ཏུ་མོ་དང་འཕྲད་ན་ཞན་པའི་ཞན་པར་འཇུག་པ་སྟེ། རྗེས་འཇུག་གི་མོ་དེ་ལ་ཡང་དྲག་ཞན་གཉིས་སུ་དབྱེའོ།། རྗེས་འཇུག་གི་མ་ནིང་སྒྲ་དྲག་ཞན་བར་མ་གསུམ་དུ་གང་དང་གང་ཞིག་གཏོགས་པ་ཡིན་ཞེ་ན། བཀའ་ལྟ་བུ་སྔོན་འཇུག་དང་མིང་གཞི་ཀའམ། ཀའ་ལྟ་བུ་མིང་གཞི་རྐྱང་པ་གང་ཞིག་དང་འཕྲད་ནའང་རང་གི་འཇུག་ཡུལ་སྒྲ་དྲག་པོ་དང་ཕྲད་ན་དྲག་པར་འགྱུར་བས་དྲག་དང་འཕྲད་ན་དྲག་པར་འགྱུར་བའི་འགྱུར་བ་མ་ནིང་དང༌། འགའ། གའ། ངའ། ལྟ་བུ་སྔོན་འཇུག་དང་མིང་གཞི་གཉིས་ཀའམ་མིང་གཞི་རྐྱང་པའི་སྒྲ་གདངས་ཞན་པ་དང་ཕྲད་ན་ཞན་པར་འགྱུར་པའི་འགྱུར་བ་མ་ནིང་སྟེ་དེ་གཉིས་ཀ་འགྱུར་བ་མ་ནིང་ཡིན་ལ། བགའ་ལྟ་བུ་རང་ཉིད་འཇུག་ཡུལ་སྒྲ་དྲག་ཞན་གཉིས་ཀ་དག་དང་ཕྲད་པར་གྱུར་ན། དེ་ནི་དྲག་ཞན་གཉིས་ཀ་ཅན་ཏེ་གཉིས་ཀའི་མཚན་དང་ལྡན་པས་མཚན་གཉིས་མ་ནིང་དུ་འགྱུར་རོ།། ཡང་ཁའ། ཕའ། ཚའ། ཐའ། ལྟ་བུ་རང་ཉིད་འཇུག་ཡུལ་གྱི་མིང་གཞི་སྒྲ་དྲག་ཞན་གཉིས་ཀ་དག་དང་མ་ཕྲད་ན། འགྱུར་དང་མཚན་གཉིས་གང་དུ་ཡང་ནི་མི་འགྱུར་རོ།། དེས་ན་དེ་དག་ལ་མཚན་མེད་མ་ནིང་ཞེས་བྱ་སྟེ། དེ་དག་ནི་རྗེས་འཇུག་གི་ཇི་ལྟར་འཇུག་པ་ལ་སྒྲ་དོན་གྱི་འཇུག་ཚུལ་གཉིས་ལས་སྒྲ་ཡི་འཇུག་ཚུལ་ཡིན་ནོ།། ཞེས་པའོ།། རྗེས་འཇུག་གི་སྒྲ་ཡི་འཇུག་ཚུལ་དེ་དག་གོ་སླ་བའི་ཆེད་དཔེར་བརྗོད་ཅུང་ཟད་འགོད་ན། །རྗེས་འཇུག་གི་ཕོ་ཡིག་དྲག་པ་གསུམ་གྱི་ནང་འཕྲད་པས་སྐྱེས་བུ་རབ་དང༌། བཀས། བཏུས། བཅས། བཙས། ལྟ་བུ་དྲག་པའི་དྲག་པ་དང༌། སྐྱེས་བུ་འབྲིང༌། བཀོད། བཏད། བཅད། བརྩད་ལྟ་བུ་དྲག་པའི་འབྲིང་དང༌། སྐྱེ་བུ་ཐ་མ། བཀབ། བཏབ། བཅབ། བཙབ་ལྟ་བུ་དྲག་པའི་ཞན་པ་ཡིན་ལ། རྗེས་འཇུག་གི་ཕོ་ཡིག་ཞན་པ་གསུམ་གྱི་ནད་འཕྲད་པའི་སྐྱེས་བུ་རབ་ནི། གས། ཇས། དས། ཕས་ལྟ་བུ་ཞན་པའི་དྲག་པ། སྐྱེས་བུ་འབྲིང་འགོད། འགོས། མཆིད་ལྟ་བུ་ཞན་པའི་འབྲིང༌། སྐྱེས་བུ་ཐ་མ། ཁབ། ཁབ། ངབ། ཇབ། ལྟ་བུ་ཞན་པའི་ཞན་པ་ཡིན། ཀབ་ཏབ་ལྟ་བུ་སྔོན་རྗེས་མིང་གཞི་གསུམ་ག་ཚེག་ཁྱིམ་གཅིག་གི་ནང་དུ་ཚོགས་པའི་དྲག་པའི་དྲག་པ་མིན་ཡང་སྤྱིར་དྲག་པའི་དྲག་པ་ཡིན་པ་ཁས་ལེན་དགོས་ཏེ། མིང་རྗེས་གཉིས་ཀ་ཕོ་ཡིག་ཡིན་པའི་ཕྱིར། གས་དང༌། ཁས། ངས་ལྟ་བུ་རྣམས་སྔོན་འཇུག་ཞུགས་མ་ཞུགས་ཇི་ལྟར་ཡང་དེ་དག་ནི་མིང་གཞི་རྣམས་གསལ་བྱེད་སུམ་ཅུ་ལ་ཕོ་མོ་གཉིས་སུ་ཕྱེ་བའི་མོ་ཡིག་ཡིན་པས་སྒྲ་ཞན་པ་ཡིན་ཞིང༌། དེ་དག་དང་རྗེས་འཇུག་གི་སྐྱེས་བུ་གསུམ་རིམ་གྱིས་ཚོགས་པ་ན་ཞན་པའི་དྲག་པ་དང༌། ཞན་པའི་འབྲིང༌། ཞན་པའི་ཞན་པར་འགྱུར་བ་ཡིན་ནོ།། དེལྟར་ཡང་པྲ་ཏིའི་བཤད་སྦྱར་ལས། མོ་ཡི་རྗེས་འཇུག་ནང་ནས་ནི།། གལ་ཏེ་ཞན་པ་ནང་ཕྲད་ན།། དྲག་ཞན་དབྱེ་བ་སྤྱི་བྱས་པ།། དེ་ལའང་ནང་གི་ཆ་ཤས་ཀྱིས།། དྲག་པའི་དྲག་པ་དྲག་པའི་འབྲིང༌།། དྲག་པའི་ཞན་པ་གསུམ་དང་ནི།། ཞན་པའི་དྲག་པ་ཞན་པའི་འབྲིང༌།། ཞན་པའི་ཞན་པ་ལ་སོགས་ཏེ།། གང་ལ་བལྟོས་པའི་ནང་གསེས་ཀྱིས།། དེ་ཡང་དྲག་ཞན་གཉིས་སུ་དབྱེ།། ཞེས་སོ།། རྗེས་འཇུག་གི་མོ་ཡིག་ལ་གཉིས་ལས། མོ་ཙམ་ལ་འཇུག་པ་ནི། འགག ལག འགར། འདར། འགལ། འབལ། ལྟ་བུ་ཤིན་ཏུ་མང༌། ཤིན་ཏུ་མོ་ནི། ཉུང༌། མནན། ངམ། ལྟ་བུ་ཤིན་ཏུ་མང༌། རྗེས་འཇུག་གི་མ་ནིང་ལ་གསུམ་ཡོད་པ་ལས། འགྱུར་བ་མ་ནིང་ནི། བཀའ། བཅའ། བཏའ། བཙའ། ལྟ་བུ་དྲག་དང་ཕྲད་ན་དྲག་པར་འགྱུར་པའི་འགྱུར་བ་མ་ནིང་དང༌། མངའ༌། མནའ། མཉའ། མངའ། འགའ། འཇའ། ངའ། ནའ། ལྟ་བུ་ཞན་དང་ཕྲད་ན་ཞན་པར་འགྱུར་པའི་འགྱུུར་བ་མ་ནིང་དང༌། མཚན་གཉིས་མ་ནིང་ནི། བགའ། བསྔའ། བདའ། བཞའ། བཟའ། བཤའ། ལྟ་བུ་དང༌། མཚན་མེད་མ་ནིང་ནི། ཁའ། ཆའ། ཐའ། ཕའ། ཚའ། ལྟ་བུ། རྗེས་འཇུག་གི་སྒྲ་ཡི་འཇུག་ཚུལ་ལ་མཁས་པ་རྣམས་ཀྱི་གསུང་སྒྲོས་མི་འདྲ་བ་ཤིན་ཏུ་མང་བ་ནི། གོང་གི་རྗེས་འཇུག་གི་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེ་སྟངས་མི་འདྲ་བ་དེའི་དབང་གིས་བྱུང་ཞིང༌། སྔོན་བྱོན་མཁས་པ་སོ་སོས་རྒྱུ་མཚན་རེ་ལ་ལྟོས་ནས་གསུངས་པ་ལས་རང་དགར་བབ་ཅོལ་དུ་བརྡོལ་བ་མིན་པས་འདི་ཉིད་འཐད་ཀྱི་གཞན་ནི་གཏི་ཐུག་པའོ་ཞེས་ནམ་ཡང་སྨྲ་བར་མི་བྱ་སྟེ། མཁས་པའི་བཞེད་པ་ཀུན་པད་མའི་འདབ་མ་ལྟར་ཕན་ཚུན་མ་འདྲེས་པར་ཤེས་ན་རང་ཉིད་མཁས་པའི་ཡན་ལག་ཡིན་མོད། འོན་ཀྱང་ཞིབ་མོ་རྣམ་འཐག་གི་ཚུལ་དུ་བརྟག་ཅིང་དཔྱོད་དགོས་པ་ནི་བརྡ་སྤྲོད་སྨྲ་བ་ཀུན་ལ་འཁྲིས་པའི་འགན་ཡིན་ནོ།།
གཉིས་པ་དོན་གྱི་འཇུག་ཚུལ། གཉིས་པ་དོན་གྱི་འཇུག་ཚུལ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་བསྟན་པ་ལ། རྩ་བ་ལས། དོན་ནི་རྣམ་པ་གཉིས་ཡིན་ཏེ།། སྔ་མ་གང་ལྟར་གྱུར་པ་དང༌།། ཕྱི་མ་ཇི་ལྟར་འགྱུར་བའོ།། ཞེས་པས་བསྟན་ཏེ། རྗེས་འཇུག་རྣམས་སྒྲ་དོན་གཉིས་ལས། དོན་གྱི་གནད་གང་དང་གང་ལ་འཇུག་པའི་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། རྗེས་འཇུག་རང་ཉིད་མིང་གཞི་སྔ་མ་གང་ལ་ཞུགས་ནས་གྲུབ་པའི་མིང་དེས་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་གང་ལྟར་བསྟན་པའི་དོན་དུ་འགྱུར་བ་དང༌། རྗེས་འཇུག་རང་ཉིད་ལ་བལྟོས་པའི་ཕྱི་མ་མིང་མཐའ་དང་རྣམ་དབྱེ་ཚིག་ཕྲད་རྣམས་རྗེས་འཇུག་གིས་སྒྲ་དོན་གཉིས་ཀྱི་འདྲེན་ཚུལ་ཇི་ལྟར་འགྱུར་བའོ། །ཞེས་སོ།། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དང་པོ་སྔ་མ་གང་ལྟར་འགྱུར་བ་བསྟན་པ་དང་ཕྱི་མ་ཇི་ལྟར་འགྱུར་བ་བསྟན་པའོ།།
སྔ་མ་གང་ལྟར་འགྱུར་བ། དང་པོ་སྔ་མ་གང་ལྟར་འགྱུར་བ་བསྟན་པ་ལ། རྩ་བར། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཞེས་གསུངས་ཏེ། རྗེས་འཇུག་རྣམས་དོན་གྱི་སྦྱོར་ཚུལ་གཉིས་ཀྱི་སྔ་མ་གང་ལྟར་འགྱུར་བ་ཡིན་ཞེ་ན། སྔ་མ་སྔོན་འཇུག་ལྔ་དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་སྐབས་ནས་ཇི་ལྟར་བསྟན་པ་དེ་བཞིན་འདིར་ཡང་སྦྱར་ཏེ། རྗེས་འཇུག་གི་ཕོ་ནི་དུས་འདས་པ་དང་དངོས་པོ་གཞན་བསྒྲུབ་པའི་ཆེད་དུ་འཇུག་ཅིང༌། མ་ནིང་འ་ཡིག་བདག་གཞན་གཉིས་ཀ་དང་དུས་ད་ལྟ་བ་གོ་བའི་ཆེད་དུ་འཇུག་པ་དང༌། མོ་ཡིག་ག་ར་ལ་གསུམ་དངོས་པོ་བདག་དང་དུས་མ་འོངས་པར་གོ་པའི་ཕྱིར་དང༌། ཤིན་ཏུ་མོ་ང་ན་མ་གསུམ་བདག་གཞན་དུས་གསུམ་ཀུན་ལ་ཆ་མཉམ་པར་འཇུག་གོ། ཞེས་པའོ།། དེ་ཡང་རྗེས་འཇུག་གང་ལ་ཞུགས་པའི་མིང་དེས་དངོས་པོ་བདག་གཞན་དང་དུས་གསུམ་གྱི་ཁྱད་པར་ཕལ་ཆེར་བ་གཙོ་བོར་སྔོན་འཇུག་གི་ནུས་པ་ལ་སྦྱར་ནས་སྟོན་གྱི། རྗེས་འཇུག་རང་གི་ནུས་པ་རྐྱང་པས་བདག་གཞན་དུས་གསུམ་གྱི་ཁྱད་པར་བསྟན་པ་ནི་དེ་ཙམ་མི་མང་ངོ༌། །རྗེས་འཇུག་ལ་བདག་གཞན་དུས་གསུམ་བསྟན་པའི་ནུས་པ་མེད་པ་མིན་ཏེ། དཔེར་ན་སྒྲུ་ལྟ་བུར་སྔོན་འཇུག་བ་སྦྱར་བས་བསྒྲུ་ཞེས་པར་འགྱུར། དེ་ལ་རྗེས་འཇུག་བ་སྦྱར་ན་བསྒྲུབ་ཅེས་པ། བསྒྲུབ་བྱའི་ཆོས་དང་བསྒྲུབ་པར་བྱ་བ་སྟེ། དངོས་པོ་གཞན་དང༌། དེའི་སྟེང་དུ་ཡང་འཇུག་ས་སྣོན་པས་བསྒྲུབས་ཞེས་གྲུབ་ཚེ། ཆོས་ལྟ་བུ་བསྒྲུབས་ཚར་བའི་ཁྱད་པར་རམ་དུས་འདས་པ་སྟོན་བྱེད་དུ་འགྱུར། གོང་གི་བསྒྲུབ་ལ་རྗེས་འཇུག་བ་མ་ཞུགས་ན་དངོས་པོ་གཞན་སྟོན་མི་ནུས། སྔོན་འཇུག་གི་བ་ཡིག་མ་ཞུགས་ན་དུས་འདས་པ་བསྟན་མི་ནུས་ལ། སྔོན་འཇུག་གི་བ་དང་རྗེས་འཇུག་བ་གཉིས་ཀ་ཚོགས་པ་ལས་དངོས་པོ་གཞན་བསྟན། ཡང་འཇུག་ས་ཡིག་ཞུགས་པས་དུས་འདས་པ་བསྟན་ནོ། །རིགས་པ་དེས་ཕལ་ཆེར་ལ་རིགས་འགྲེ་བར་བྱ་སྟེ། གོ་བདེའི་ཆེད་དཔེར་བརྗོད་ན། རྗེས་འཇུག་གི་ཕོ་ཡིག་དུས་འདས་པ་ལ་འཇུག་པ་ནི། བལྟས། བཀས། བསྒྲུབས། བསྒྲིབས། བརྒྱུགས། བསྡིགས། བཅས། བཏུས། བགྱིས། བདམས། བརྟས། བཀླགས། བཀླུབས། བཀྱིགས། བགོས། བརྔས། བསྔོས། བསྙེག གཏུགས། བདས། བརྡེགས། བསྣུབས། བསྣམས། མནོས། བཙས། གཙེས། གཙུགས། བཛུགས། བཞེས། བཞུས། བཞུགས། བཟོས། བཟས། བཟུངས། བཟླབས། བརླགས། བཤུངས། བཤེས། བསུས། བསངས། གསོབ། བཀོད། བསྐྱོད། བསྐྱེད། བསྐྱུད། བསྐྲད། མཁྱུད། བསྒྱུརད། བཀནད། བཅད། བརྗོད། བརྗེད། བསྙད། གཉིད། མཆོད། བཟུད། སྙེད། གཏད། བསྟོད། གཏུད། འཐད། མཉེད། འཐུད། འདོད། མདུད། གནོད། དཔྱད། མཛད། དམོད། བརྩད། བཙུད། བཞེད། བཞུད། བཞད། བསྒྲད། བཟོད། བཟེད། གཟད། བཤད། བསད། བགྲོད། བགྲད། བཀབ། བཅབ། བཏབ། འཐབ། ལྟ་བུ་སྔོན་འཇུག་ཡོད་པའི་དུས་འདས་པ་དང༌། རྐུས། གས། ཁས། ངུས། ཆས། ཉོས། ཐུགས། ཐོས། དྭངས། སྤོབས། སྤངས། སྤྲོས། སྦས། བབས། མྱོས། སྨྱོས། ཁུས། ཟོས། འོས། རགས། ལོགས། ཤེས། ཆས། གྱོནད། ཉནད། རྟོནད། ཉལད། ངལད། ལྟ་བུ་སྔོན་འཇུག་མེད་པའི་དུས་འདས་པ་ཡིན་ནོ། །དེས་རྗེས་འཇུག་ལྷག་མ་རྣམས་ལའང་རིགས་འགྲེ། ཕྱི་མ་གང་ལྟར་འགྱུར་བ། གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་ལ། མིང་མཐའ་དྲག་ཞན་འདྲེན་ཚུལ། རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ། དེ་དག་ནང་གསེས་འཇུག་ཚུལ་དང་གསུམ་ལས། དང་པོ་མིང་མཐའ་དྲག་ཞན་འདྲེན་ཚུལ་བསྟན་པ་ལ། རྩ་བ་ལས། ཕྱི་མ་དག་གི་འདྲེན་ཚུལ་ནི།། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། མོ་ཡིས་མོ་ཡི་མིང་མཐའ་དྲངས།། མ་ནིང་གིས་ནི་མ་ནིང་ངོ༌།། ཞེས་གསུངས་ཏེ། རྗེས་འཇུག་རྣམས་མིང་གཞི་གང་ལ་ཞུགས་ནས་གྲུབ་པའི་མིང་དེ་ཉིད་རང་གི་ངོ་བོའི་ཁྱད་པར་རྫོགས་པའི་ཚིག་གྲོགས་ཕྱི་མ་དག་གི་མཐའ་འདྲེན་ཚུལ་ཇི་ལྟར་ཡིན་ཞེ་ན། དེའི་ཚུལ་ནི་འདི་ལྟར་ཏེ། དེ་ནི་ཐུགས་ཀ ཐབ་ཀ ཐད་ཀ་ལྟ་བུའི་རྗེས་འཇུག་གི་ཕོ་ཡིས་མིང་མཐའ་གཞན་གྱི་མིང་གཞིའི་ཕོ་ཡིག་དྲངས་པ་དང༌། སྙིང་ག དཔྲལ་བ་ལྟ་བུ་རྗེས་འཇུག་གི་མོ་ཡིས་ཚིག་གྲོགས་ཕྱི་མ་མོ་ཡིག་མིང་མཐའ་དྲངས་པ་དང༌། སྐྱེ་ཁ་མ་དང༌། འདའ་ཁ་ལྟ་བུ་རྗེས་འཇུག་མ་ནིང་གིས་ནི་མིང་གཞི་མ་ནིང་དྲངས་ཤིང༌། དེ་ཡང་མིང་སྔ་མའི་རྗེས་འཇུག་དང་ཕྱི་མའི་མིང་གཞིའམ་སྔོན་འཇུག་རྟགས་མཚུངས་པས་རྟགས་མཚུངས་འདྲེན་པ་ཡིན་ལ། དེ་གསུམ་དུ་མི་ཐེ་བའི་མིང་མཐའ་འདྲེན་ཚུལ་དུ་མ་ཞིག་ཡོད་པ་ལ་བརྗོད་བདེ་འདྲེན་པ་ཟེར། རིམ་པ་བཞིན་དཔེར་བརྗོད་ན། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས་པ། ཐུགས་ཀ ཐད་ཀ ཐབ་ཀ བཅོས་ཀ དཔྱིད་ཀ རྒྱབ་པ། དགོས་པ། ཀླད་ཀོར། སྐྱོབ་པ། བཀས་པ། བེར་ཀ སྒྲུབ་པ། བརྟས་པ། ཀླན་ཀ ཐོབ་པ། སོས་ཀ ཐལ་ཀ སྲབ་པ། འཇུག་པ། རིན་ཅེན། གྲུབ་པ། ཀྲིགས་པ། ཀློད་པ། ཁྱབ་པ། འཐིགས་པ། ནོད་པ། ཆུབ་པ། ལས་ཀ གནོད་པ། བཀབ་པ། སྐྱེས་པ། ཀླད་པ། བསྒྲུབ་པ། གོམས་པ། རྩོད་པ། བཏབ་པ། དངོས་པོ། བཀྲོད་པ། བསབ་པ། བཅད་པ། ལྕགས་རྟ། བླུད་པ། ལྷོད་པ་ལྟ་བུ། མོ་ཡིས་མོ་ཡི་མིང་མཐའ་དྲངས་པ། སྨྱུག་གུ སྙིང་ག མཁྱེན་རབ། དབྲལ་བ། སྒྱུག་མོ། ཉུང་ངུ༌། དྲང་བ། ཐོག་ག ཆུང་གྲོགས། དྲིལ་བུ། རང་ག་ལྟ་བུ། མ་ནིང་གིས་མ་ནིང་དྲངས་པ། རྒྱ་ཚྭ། ཝ་ཁ། སྐྱེ་ཁ་མ། འདའ་མ། འཆི་ཁ། གོ་ཁ་མ། སྤེ་ཁ་མ། བུ་ཚ། གོ་ཆ། རྒྱ་ཁྱི། རྫ་ཆུ། ལྟ་ཆོག ཐ་ཆུང༌། མདོ་ཆོག རྒྱ་ཐུག ཟ་ཐུ། ལྭ་ཐུང༌། བྱ་ཚང༌། ཨ་ཕ། རྒྱ་ཕིབས། ས་ཕུང་ལྟ་བུ། རྟགས་གསུམ་པོ་དེ་དག་ལ་མ་ལྟོས་པར་བརྗོད་བདེ་གཙོ་བོར་འདྲེན་པ་ནི། རྟག་པ། བདེན་པ། སྟོན་ཁ། བདུན་ན། གསེར་ཁ། འཚང་ཀ བུམ་པ། ཀ་བ། མཁྱེན་པ། ལྡོག་པ། འཇིག་རྟེན། ལྟ་བུ་ཤིན་ཏུ་མང་ངོ༌། །ཕོ་ཡིས་མོ་དྲངས་པ་དང་མོ་ཡིས་ཕོ་དྲངས་པ། མ་ནིང་གིས་ཕོ་མོ་ཅི་རིགས་དྲངས་པ་འདི་རིགས་ལ་བརྗོད་བདེ་འདྲེན་པ་ཟེར། རྗེས་འཇུག་གི་རྟགས་མཚུངས་དང་བརྗོད་བདེ་འདྲེན་ཚུལ་ལ་མཁས་པ་འགའ་ཞིག་གིས། རྟགས་མཚུངས་སུ་འཇོག་པ་ལ་གཞན་དག་གིས་བརྗོད་བདེ་འདྲེན་ཚུལ་འཇོག་པའི་ཁྱད་པར་མི་འདྲ་བ་གནམ་ས་ལྟར་ཤོར་བ་ནི། གོང་གི་རྗེས་འཇུག་ཡི་གེ་བཅུ་བོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཞེས་པའི་སྐབས་སུ་རྗེས་འཇུག་བཅུ་ལ་ཕོ་མོ་མ་ནིང་གི་ངོས་འཛིན་མཛད་སྟངས་མི་འདྲ་བ་བྱུང་བ་དེའི་དབང་གིས་ཡིན་ནོ། །དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས། ཕོ་ཡིས་ཕོ་ཡིག་མིང་མཐའ་དྲངས།། ཞེས་སོགས་ཀྱི་ཚིག་གིས་བསྟན་པའི་མིང་མཐའ་འདྲེན་ཚུལ་དེ་ཡང་རྗེས་འཇུག་གི་རྟགས་འབྱེད་ཚུལ་མི་གཅིག་པས། ཅིག་ཤོས་ཀྱི་རྟགས་མཚུངས་དེ་ཅིག་ཤོས་ཀྱིས་བརྗོད་བདེར་འཇོག་འདུག་ཅིང༌། རང་ལུགས་ཀྱི་རྟགས་དང་མི་མཚུངས་པ་རྣམས་བརྗོད་བདེར་བཤད་ཆོག་པས། དེ་ལས་ལས་སླ་བ་མེད་མོད། དེ་ལྟར་བྱས་ན་མིང་མཐའ་འདྲེན་ཚུལ་ཀྱི་རྣམ་གཞག དེ་ཡང༌། དོན་མེད་དུ་ཐལ་བ་ཡིན་ནོ། །དེས་ན་རྩ་བར་རྗེས་འཇུག་གི་རྟགས་ཀྱི་ངོས་འཛིན་མི་གསལ་ཞིང༌། འགྲེལ་བཤད་མཁན་པོ་ཚོས་རང་རང་གི་འདོད་པ་ལྟར་ཕྱེས་པའི་རྟགས་དེ་སྒྲ་དྲག་ཞན་གྱི་རྣམ་གཞག དོན་གྱི་འཇུག་ཚུལ། མིང་གཞན་རྣམ་གཞག་སོགས་གཏན་ལ་འབེབས་དགོས་པའི་རིགས། གཏན་ལ་མ་ཕེབས་པའི་དགོས་པ་ཅི་ཡོད་སྙམ་མོ། །ཞེས་གསུངས་པ་ནི་ཤིན་ཏུའང་བདེན་མོད། དེང་སང་ནི་ཕལ་ཆེར་རང་ཉིད་གང་གི་རྗེས་སུ་འབྲངས་བའི་འགྲེལ་བ་དེ་ཁོ་ནར་མིག་བཙུམས་ཐལ་སྦྱར་གྱི་གསོལ་འདེབས་ཞུ་རྒྱུ་མ་གཏོགས་མཁས་པའི་གསུང་སྒྲོས་རྣམས་ལ་དངོས་རྟགས་ཀྱི་རིགས་པས་ཟུར་ཙམ་ཡང་དཔྱོད་པ་མི་བྱེད་པར་ལུང་ཙམ་ལ་བརྟེན་པ་ཆེས་ཤིན་ཏུ་ཡང་མང་བར་སྣང་ངོ༌།།
རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ།
གཉིས་པ་རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ་བཤད་པ་ལ། རྩ་བ་ལས། མིང་མཐའ་དེ་དག་ཉིད་ཀྱིས་ནི།། དེ་ཉིད་རང་གི་སྒྲ་མཐུན་པའི།། ཆོས་དངོས་ལས་དང་བྱེད་པ་དང༌།། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌།། གནས་དང་བོད་པའི་སྒྲ་ཡང་དྲངས།། གཞན་ཡང་སླར་བསླུ་ལྷག་བཅས་དང༌།། འབྱེད་སྡུད་བསྣན་དང་བདག་པོ་དང༌།། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག། དེ་དག་སྔ་ཤུགས་འདྲེན་པས་འབྱུང༌།། ཞེས་གསུངས་ཏེ། བཤད་མ་ཐག་པའི་མིང་མཐའ་དེ་དག་ཉིད་ཀྱིས་ནི། རྗེས་འཇུག་དེ་ཉིད་རང་གི་རྟགས་མཚུངས་པའམ་བརྗོད་བདེའི་སྒྲ་དང་མཐུན་པའི་ཆོས་དངོས་ཏེ་རྣམ་དབྱེ་དང་པོ་དངོས་པོ་རྣམས་ཀྱི་ངོ་བོ་ཙམ་བསྟན་པ་དང༌། གཉིས་པ་ལས་སུ་བྱ་བ་དང༌། གསུམ་པ་བྱེད་པ་དང༌། བཞི་པ་ཕན་པའི་དོན་སྦྱིན་ཞེས་པ་དགོས་ཆེད་དང༌། ལྔ་པ་འབྱུང་ཁུངས་དང༌། དྲུག་པ་འབྲེལ་བ་བསྟན་པའི་སྒྲ་དང༌། བདུན་པ་བརྟེན་གནས་དང༌། བརྒྱད་པ་བོད་པའི་སྒྲ་ཡང་དྲང་བར་བྱ་ཞིང༌། གཞན་ཡང་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་སླར་བསྡུ་དང༌། ལྷག་བཅས་དང༌། འབྱེད་སྡུད་དང༌། བསྣན་པ་དང༌། བདག་པོ་སྟོན་པའི་སྒྲ་དང༌། དགག་པའི་སྒྲ་དང༌། མིང་མཐའ་སྒྲུབ་པ་དང༌། ཚིག་རྒྱན་དང༌། དུས་སྟོན་པའི་ཚེ་སྐབས་ཀྱི་སྒྲ་ལའང་འཇུག་ཅིང༌། དེ་དག་ནི་མིང་མཐའ་སྔ་མའི་ཤུགས་ཀྱིས་འདྲེན་པས་འབྱུང་བ་ཡིན་ནོ།། ཞེས་སོ།། དེ་ཡང་སྔར་སུམ་ཅུ་པའི་རྩ་བར་བཤད་པ་ལྟར་ལ་དོན་གྱི་སྐབས་སུ། རྗེས་འཇུག་ས་ཡིག་གི་མཐར་སུ་དང༌། ག་བ་ད་དྲག་གི་མཐར་ཏུ། ང་ད་ན་མ་ར་ལའི་རྗེས་སུ་དུ། འ་དང་མཐའ་རྟེན་ནམ་རྗེས་འཇུག་མེད་པའི་མཐར་ར་དང་རུ། ན་དང་ལ་ནི་རང་དབང་གི་ཚུལ་གྱིས་འཇུག་ཅིང༌། ཨི་ལྡན་གྱི་སྐབས་ག་ང་གཉིས་ཀྱི་མཐར་གི་དང་གིས། ད་བ་ས་གསུམ་གྱི་མཐར་ཀྱི་དང་ཀྱིས། ན་མ་ར་ལའི་རྗེས་སུ་གྱི་དང་གྱིས། འ་དང་རྗེས་འཇུག་མེད་པའི་མཐར་འི་ཡི་དང་འིས་ཡིས་དང༌། རྣམ་དབྱེ་ལྔ་པའི་ནས་ལས་གཉིས། རྣམ་དབྱེ་བརྒྱད་པ་འབོད་པ་གསལ་བྱེད་ཀྱི་སྒྲ་ཀྱེ་དང་ཀ་ཡེ་སོགས་འདྲེན་ནོ།། གཞན་ཡང༌། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད། གོ་སོགས་སླར་བསྡུའི་སྒྲ་དང༌། ཏེ་སོགས་ལྷག་བཅས་ཀྱི་སྒྲ་དང༌། གམ་སོགས་འབྱེད་སྡུད་ཀྱི་སྒྲ་དང༌། ནི་ཞེས་བསྣན་པའམ་བརྣན་པའི་སྒྲ་དང༌། ནས་ལས་སོགས་དགར་བའི་སྒྲ་དང༌། པ་པོ་བ་བོ་ཅན་ལྡན་མཁན་སོགས་བདག་པོའི་སྒྲ་དང༌། མ་མི་མིན་མེད་སོགས་དགག་སྒྲ་དང༌། བདག་པོ་དང་དགག་པའི་སྒྲ་གསར་དུ་སྦྱར་བ་མ་ཡིན་པའི་མིང་གི་ཆ་ཤས་ཀྱི་པ་བ་མ་སོགས་སྒྲུབ་པའི་སྒྲ་དང༌། ཀྱང་སོགས་ཚིག་རྒྱན་དང་སྡུད་པ་ལའང་འཇུག་པ་སོགས། བརྗོད་དོན་འདྲ་ནའང་ཡིག་གཟུགས་མི་འདྲ་བ་འབྱུང་བ་དེ་དག་ཀུན་རྗེས་འཇུག་རང་ཉིད་གང་ལ་ཞུགས་པའི་མིང་མཐའ་སྔ་མའི་ཤུགས་ཀྱིས་རྗེས་འཇུག་རང་རང་གི་རྟགས་མཚུངས་དང་བརྗོད་བདེ་ཅི་རིགས་འདྲེན་པའི་ཆེད་དུ་འཇུག་པ་ཡིན་ཏེ། དཔེར་ན། ལ་དོན་གྱི་ཐབ་ཏུ། ཕག་ཏུ། ནང་དུ། སྟོད་དུ། བོན་དུ། ལམ་དུ། ཨི་ལྡན་གྱི། ཆོས་ཀྱི། ཁྱོད་ཀྱི། ཐབ་ཀྱི། བདག་གི གང་གི དར་གྱི། གཏན་གྱི། ལམ་གྱི། ཡུལ་གྱི། ཆོས་ཀྱིས། ཁྱོད་ཀྱིས། ཐབ་ཀྱིས། བདག་གིས། གང་གིས། དར་གྱིས། གཏན་གྱིས། ལམ་གྱིས། ཡུལ་གྱིས། ལྟ་བུ་རྣམས་རྣམ་དབྱེའི་རྟགས་མཚུངས་འདྲེན་པ་དང༌། རྗེས་སུ། མཐའ་རུ། བཀའ་ཡི། བཀའ་ཡིས། ལྟ་བུ་རྣམ་དབྱེའི་བརྗོད་བདེ་འདྲེན་པ་སྟེ། རྣམ་དབྱེ་ལྷག་མ་རྣམས་ནི་ཕྲད་རང་དབང་ཅན་ཡིན་པས་སླ་ཞིང༌། ཚིག་ཕྲད་གཞན་རྣམས་ལའང་དེ་བཞིན་རྟགས་མཚུངས་དང་བརྗོད་བདེ་འདྲེན་ཚུལ་རིགས་འགྲེས་ཤེས་དགོས། རྒྱས་པ་འོག་ཏུ་འཆད་པར་འགྱུར་རོ། །འདི་གཙོ་བོར་རྣམ་དབྱེ་དང་ཚིག་ཕྲད་ཀྱི་རྟགས་མཚུངས་དང་བརྗོད་བདེ་འདྲེན་ཚུལ་བཤད་ཀྱི། མིང་མཐའ་སྔ་མའི་ཕྱི་མཐར་དོན་གང་ཞིག་བསྟན་པའི་ཚིག་གྲོགས་ཅི་ཞིག་འཇུག་པའི་སྐབས་དེ་དག་གི་བར་དུ་རྣམ་དབྱེ་དང་ཚིག་ཕྲད་གང་ཞིག་སྐབས་སྟོབས་ཀྱིས་འཇུག་ཚུལ་ནི། འོག་ནས་དེ་དག་ནང་གསེས་འཇུག་ཚུལ་སྐབས་སུ་འཆད་པར་འགྱུར་རོ།། འདིའི་ཐད་ཀྱི་རྟགས་འཇུག་རྩ་བར་བསྣན་པ་ཞེས་འབྱུང་ཞིང༌། གོང་གི་སུམ་ཅུ་པའི་སྐབས་སུ། གང་མིང་མཐའ་དང་མཐུན་པ་ཡི།། བཞི་པ་ལ་ནི་ཨི་སྦྱར་བ།། དགར་དང་བརྣན་པའི་ཚིག་ཏུ་འགྱུར།། ཞེས་ངོས་བཟུང་གི་ར་བརྣན་དུ་འགྲེལ་བཤད་མཛད་ཡོད་ཅིང༌། གང་གི་རྗེས་སུ་འབྲངས་པའི་ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་དང་མཁས་དབང་དམུ་དགེ་བསམ་གཏན་གཉིས་ཀའི་རྟགས་འཇུག་འགྲེལ་བར་ར་བརྣན་བྲིས་ཡོད་པ་མ་ཟད། འགྲེལ་བཤད་ཀྱང་ངེས་བཟུང་གི་དོན་དུ་བརྒྱབ་ཡོད། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཆན་འགྲེལ་འཕྲུལ་གྱི་ལྡེ་མིག་ཏུ། རྩ་འགྲེལ་ཕལ་ཆེར་དུ་བསྣན་ཞེས་ཡོད་པ་ཡིག་སྐྱོན་ཡིན་ནམ་སྙམ། ཞེས་གསུངས་ཤིང༌། སི་ཏུའི་འགྲེལ་ཆེན་གྱི་དབུར་བཀོད་པའི་རྟགས་ཀྱི་འཇུག་པའི་རྩ་བའི་ནང་དུའང༌། འབྱེད་སྡུད་བརྣན་དང་བདག་པོ་དང༌། །ཞེས་ངོས་བཟུང་གི་ར་བརྣན་འབྱུང༌། འོན་ཀྱང་ལོ་ཆེན་ཆོས་སྐྱོང་བཟང་པོས་ས་མགོ་ཅན་གྱི་བསྣན་ཏེ་བསྐྱར་བསྣན་དང་ཁ་བསྣན་གྱི་དོན་དུ་བཀྲལ་ཏེ། དཔེར་ན། འཆད་པ་འམ་ནི་རྩོད་པ་འམ།། ལྟ་བུ་ཚིགས་བཅད་ཁ་སྐང་བའི་ཆེད་ནི་སྒྲ་ཚིག་བསྣན་པའི་དོན་དུ་བཤད་ཅིང༌། དེ་བཞིན་དུ་པྲ་ཏི་དགེ་བཤེས་རིན་པོ་ཆེའི་བཤད་སྦྱར་མར་བསྣན་ཞེས་འབྱུང་ཞིང༌། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་ཀྱང་མུ་ཏིག་ཕྲེང་མཛེས་སུ། རྩ་བའི་ཚིག་བཀོད་པར། འབྱེད་སྡུད་བསྣན་དང་བདག་པོ་དང༌།། ཞེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་ལས་ཀྱང༌། བསྣན་པ་དང༌། ཞེས་བཀོད་འདུག་ལ། བསྟན་འགྱུར་པར་མ་བཞི་ཀའི་ནང་ནའང་ས་བསྣན་རང་དུ་འཁོད་འདུག་པས། འདིའི་སྐབས་ནས་བསྟན་པའི་བསྣན་པའི་སྒྲ་དང༌། སུམ་ཅུ་པའི་ནི་སྒྲ་བསྟན་པའི་སྐབས་ཀྱི་བརྣན་པའི་སྒྲ་གཉིས་ལ་ཁྱད་པར་ཡོད་མེད་ཞིབ་ཏུ་བརྟག་དགོས་སོ། །ཁོ་བོ་ནི་ཚེ་ཏན་ཞབས་དྲུང་གིས། བརྣན་དང་བསྣན་གྱི་བར་ལ་སྔ་མ་ངོས་བཟུང་ངམ་ནན་ཏན་གྱི་དོན་ཡིན་ལ། ཕྱི་མ་ཚིག་ཁ་སྐོང་བྱེད་ཙམ་ཡིན་ཡང་དོན་གྱི་ཆ་ནས་བརྣན་པ་དང་འདྲ་བས་སྔ་མའི་ཁོངས་སུ་ཕྱི་མ་འདུ་བ་གསུངས་པ་ཉིད་ལེགས་བཤད་དུ་གོ།
དེ་དག་ནང་གསེས་འཇུག་ཚུལ།
གསུམ་པ་དེ་དག་ནང་གསེས་འཇུག་ཚུལ་འཆད་པ་ལ་གཉིས། རྣམ་དབྱེ་ནང་གསེས་འཇུག་ཚུལ་དང༌། རྣམ་དབྱེ་མ་ཡིན་པའི་ཕྲད་ནང་གསེས་འཇུག་ཚུལ་ལོ།། དང་པོ་རྣམ་དབྱེ་ནང་གསེས་འཇུག་ཚུལ་འཆད་པ་ལ། རྩ་བར། དེ་དག་ནང་གསེས་གང་འཇུག་པ།། མཐར་སྦྱར་འོག་མའི་མིང་དོན་ལས།། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད།། དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌།། ལས་བྱ་བླང་བྱ་བསྒྲུབ་པར་བྱ།། སྔོན་དུ་བོད་པ་གནས་པ་འམ།། ཞེས་གསུངས་ཏེ། གོང་དུ་བཤད་པའི་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི། རྣམ་དབྱེ་དང་པོ་ནས་བརྒྱད་པའི་བར་དུ་འཇུག་སྟེ། དེ་དག་རིམ་པ་བཞིན་འཆད་ན། རྣམ་དབྱེ་དང་ཚིག་ཕྲད་སྦྱར་ས་མིང་ཚིག་སྔ་མ་སོ་སོའི་མཐར་ཏེ་འཕྲོ་དེ་མ་ཐག་ཏུ་སྦྱར་རྒྱུའི་འོག་མའི་མིང་ཚིག་གི་སྒྲ་དོན་ཀྱི་ནུས་པ་ལས་གོང་མའི་མཐར་རྣམ་དབྱེ་དང་ཚིག་ཕྲད་གང་དང་གང་ཞིག་འཇུག་པ་ཤེས་དགོས་ཏེ། དཔེར་ན། སྤྱི་འཇུག་སྟེ་དངོས་པོ་རྣམས་ཀྱི་ངོ་བོ་ཙམ་བརྗོད་པའི་མིང་བུམ་པ་ཞེས་པའི་འཕྲོ་དེ་མ་ཐག་ཏུ་ལེགས་སྦྱར་གྱི་རྣམ་དབྱེ་དང་པོ་སྦྱར་བ་ཡོད་ན་མིང་ཙམ་དུ་མི་བསྡད་པར་ཚིག་ཏུ་འགྱུར་ཡང༌། བོད་སྐད་ལ་རྣམ་དབྱེ་དང་པོ་གསལ་བྱེད་ཀྱི་ཕྲད་རྣམ་གསལ་ཅན་མེད་སྟབས། མིང་ཙམ་ལས་ལོགས་སུ་རྣམ་དབྱེ་དང་པོ་ངོས་འཛིན་རྒྱུ་མེད་པས་མིང་དེ་ག་རང་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་ནོ། །རྣམ་དབྱེ་དང་པོ་ལ་སྤྱིར་འཇུག་ཅེས་བརྗོད་པའི་རྒྱུ་མཚན་ནི། རྣམ་དབྱེ་ལྷག་མ་རྣམས་དང་ཚིག་ཕྲད་ཀུན་སྦྱར་སའི་སྤྱི་ལ་འཇུག་པའམ། སྦྱར་རྒྱུའི་ཕྲད་དང་རྣམ་དབྱེ་སྤྱིའམ་ཀུན་ལ་སྦྱར་བའི་ཚུལ་གྱིས་ཕྲད་དང་རྣམ་དབྱེ་རྣམས་ཀྱི་སྔོན་དུ་འཇུག་པས་ན་སྤྱིར་འཇུག་ཅེས་འདོགས་པ་ཡིན་ནོ། །དམ་ནི་འོག་མ་སྡུད་པའི་ཚིག་གོ། མིང་དེའི་མཐའ་དེ་མ་ཐག་ཏུ་དབང་བསྐུར་ལྟ་བུ་བྱེད་པ་པོ་ཞིག་གིས་གང་ཞིག་བྱས་པའི་བྱ་བ་བསྟན་པའི་དོན་ཅན་གྱི་སྒྲ་ཡོད་ན། བུམ་པས་དབང་བསྐུར་ལྟ་བུ་རྣམ་དབྱེ་གསུམ་པ་འཇུག་པ་དང༌། དེ་བཞིན་དུ་མིང་དེའི་མཐར་ཆེད་དུ་བྱེད་པའི་སྒྲ་ཡོད་ན། བུམ་པ་ལ་སྲུང་སྐྱོབ་བྱེད་ལྟ་བུ་རྣམ་དབྱེ་བཞི་པ་འཇུག་པ་དང༌། ཚིག་དོན་འོག་མར་ཆུ་ཡོད་ལྟ་བུ་བརྟེན་བྱེད་ཀྱི་སྒྲ་ཡོད་ན་བུམ་པ་ལ་ཆུ་ཡོད་ལྟ་བུ་རྣམ་དབྱེ་བདུན་པ་དང༌། ཆུ་བླུག་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན་བུམ་པ་ལ་ཆུ་བླུག་ལྟ་བུ་རྣམ་དབྱེ་གཉིས་པ་དང༌། བདུད་རྩི་བྱུང་ལྟ་བུའི་བླང་བ་བྱ་བའི་སྒྲ་ཡོད་ན། བུམ་པ་ལས་བདུད་རྩི་བྱུང་ལྟ་བུ་རྣམ་དབྱེ་ལྔ་པ་དང༌། ཚིག་དོན་འོག་མ་བསྒྲུབ་པར་བྱ་བ་མཆུ་ལྟ་བུ་ཡོད་ན། བུམ་པའི་མཆུ་ལྟ་བུ་རྣམ་དབྱེ་དྲུག་པ་དང༌། སྔོན་དུ་བོད་པར་འོས་པའི་སྒྲ་གནས་པའམ་ཡོད་ན། ཀྱེ་བུམ་མཁན་ལྟ་བུ་རྣམ་དབྱེ་བརྒྱད་པ་བོད་པའི་སྒྲ་འཇུག་ཅིང༌། དེ་ཡང་བོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བ་ཙམ་ལས་ངོ་བོ་རྣམ་དབྱེ་དང་པོ་ལས་ལོགས་སུ་མེད་དེ། འམ་ཞེས་པ་ནི་འོག་མ་སྡུད་པའི་ཚིག་ཕྲད་དོ།། གོང་གི་མིང་མཐའ་དེ་དག་ཉིད་ཀྱིས་ནི།། ཞེས་སོགས་ཀྱིས་རྣམ་དབྱེ་བརྒྱད་དང་ཚིག་ཕྲད་གཞན་ཡང་བཤད་པ་དང༌། འདིར་སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད།། ཅེས་སོགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་འཆད་པར་བྱེད་པ་གཉིས་ཟློས་པའི་སྐྱོན་མེད་དེ། སྔ་མས་མིང་ཚིག་སྔ་མའི་མཐའི་རྗེས་འཇུག་གི་སྒྲ་གདངས་ཀྱི་ནུས་པས། རྣམ་དབྱེ་དང་ཚིག་ཕྲད་རྣམས་རྟགས་མཚུངས་དང་བརྗོད་བདེ་གང་ཞིག་གི་སྒོ་ནས་འདྲེན་ཚུལ་འཆད་པ་ཡིན་ལ། འདི་ནི་ཚིག་དོན་འོག་མའི་ནུས་པས་མིང་མཐའ་སྔ་མ་ལ་རྣམ་དབྱེ་དང་ཚིག་ཕྲད་ཇི་ལྟར་ཐོབ་ཚུལ་འཆད་བྱེད་ཡིན་པས་སོ།། རྣམ་དབྱེ་བརྒྱད་པ་འདྲེན་ཚུལ་བསྟན་པའི་རྩ་ཚིག་སྐབས་པྲ་ཏིའི་བཤད་སྦྱར་མར། སྔོན་དུ་བོད་པ་གནས་པ་འམ།། ཞེས་དང༌། དེའི་ཐད་ཀྱི་རྗེ་ཞྭ་དམར་བ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་འགྲེལ་བཤད་རབ་གསལ་སྣང་བ་ལས། མིང་གི་སྔོན་དུ་བོད་པའི་སྒྲ་ཀྱེ་ལྟ་བུ་ཡོད་ན། རྣམ་དབྱེ་བརྒྱད་པ་འདྲེན་པ་ཡིན་ཏེ། དཔེར་ན། ཀྱེ་ལྷ། ཞེས་པ་ལྟ་བུའོ།། ཞེས་གསུངས་པ་ནི། རྩ་འགྲེལ་གྱི་ཚིག་དོན་འབྱོར་ཞིང་གོ་བདེ་བར་སྣང་མོད། འོན་ཀྱང་རྟགས་འཇུག་གི་རྩ་བ་འགའ་ཞིག་ཏུ། སྔོན་དུ་འོས་པ་གནས་པ་འམ།། ཞེས་བྲིས་པའང་སྣང་ཞིང༌། མུ་ཏིག་ཕྲེང་མཛེས་རྗེས་འབྲངས་དང་བཅས་པས། སྔོན་དུ་འབོད་པ་འོས་པའི་མིང་བདུད་རྩི་ལྟ་བུ་ཡོད་ན། དེ་ལའང་ལས་བཅོལ་རྒྱུ་ལྟ་བུ་འབོད་པ་འོས་པའི་དོན་ཡོད་ནའང་རྣམ་དབྱེ་དང་པོ་འཇུག་ཅིང༌། འབོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་བར་བྱ་སྟེ། བདུད་རྩི་མ་ཀྱེ་བདག་ལ་དངོས་གྲུབ་སྩོལ།། འགྱུར་བ་སོགས་ཤེས་པར་བྱའོ།། ཞེས་པ་གནས་པའི་དོན་ལ་འབྲུ་བསྣན་ཞིང་འབོད་རྒྱུའི་མིང་དེ་འོག་མར་འབོད་སྒྲ་འདྲེན་དགོས་པའི་དོན་དུ་བཀྲལ། པྲ་ཏིའི་རྗེས་སུ་འབྲངས་པའི་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་གྱི་སུམ་རྟགས་ཀྱི་ཚིག་འགྲེལ་རབ་གསལ་སྒྲོན་མེ་ལས། རྣམ་དབྱེ་དག་གི་དོན་ཅན་ཕྱི་མ་ཡོད་ཚེ། དེའི་སྔོན་དུ་རྣམ་དབྱེ་གནས་པ་འོས་པའམ་རྣམ་དབྱེ་ནང་བཤད་པ་དེ་ལས་གཞན་ཡང༌། ཞེས་ཚིག་རྐང་འདི་ཉིད་ཚིག་ཕྲད་གཞན་འཆད་པའི་དོན་དུ་འབྲི་སྣོན་ཞིང༌། རྣམ་དབྱེ་བརྒྱད་པ་འདྲེན་པའི་དོན་དུ་མ་བཀྲལ་བ་ནི། རྣམ་དབྱེ་བརྒྱད་པ་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བ་ཙམ་མ་གཏོགས་དང་པོ་ལས་ལོགས་སུ་འབྱེད་རྒྱུ་མེད་པ་ལ་དགོངས་པ་འདྲ་མོད། དོན་ལ་འཁྲུལ་བ་མེད་ཅིང༌། ཚིག་གི་འགྲེལ་པ་མཛད་པའི་སྐབས་པྲ་ཏིའི་བཤད་སྦྱར་མར། སྔོན་དུ་བོད་པ་གནས་པའམ།། ཞེས་པར་ཞིབ་ཏུ་མ་གཟིགས་པའི་བཤད་པ་ཡིན་ནམ་སྙམ་དུ་དོགས་སོ།། དང་པོ་རྣམ་དབྱེ་ཞེས་པ་ནི། ཆོས་གཉིས་ཀྱི་རྣམ་པ་མ་འདྲེས་པ་སོ་སོར་དབྱེ་བ་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་ཤིག་ལ་རྣམ་དབྱེ་ཟེར་ཞིང༌། དེ་ལ་བརྒྱད་ཡོད་པ་ལས། རྣམ་དབྱེ་དང་པོ་ངོ་བོ་ཙམ་བསྟན་པ་ནི། མིང་དེའི་གདགས་གཞིའི་ངོ་བོ་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་བ་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་ཤིག་ལ་གོ་དགོས་ཏེ། ལེགས་སྦྱར་དུ་མིང་རྐྱང་ལ་རྣམ་དབྱེ་དང་པོ་ཞུགས་པས་མིང་ཙམ་དུ་མི་བསྡད་པར་ཚིག་ཏུ་འགྱུར་ཡང༌། བོད་སྐད་དུ་མིང་ཙམ་བརྗོད་པ་དེ་ག་རང་རྣམ་དབྱེ་དང་པོར་འཇོག་དགོས་པས། དཔེར་ན། བུམ་པ་ཞེས་བརྗོད་ཚེ་སྒྲ་དེས་བརྗོད་གཞི་བུམ་པ་དེ་ཉིད་བུམ་པ་མ་ཡིན་པའི་ཆོས་གཞན་དང་རྣམ་པར་དབྱེ་བ་འབྱེད་པའི་སྒྲའི་ཆ་ཤས་ཤིག་ཁས་ལེན་དགོས་སོ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། ལས་དང་བྱ་བ་གཉིས་ཀྱི་རྣམ་པ་སོ་སོར་མ་འདྲེས་པར་དབྱེ་བ་འབྱེད་ཅིང་གཙོ་བོ་ལས་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པར་ཆུ་བླུགས་ལྟ་བུ། རྣམ་དབྱེ་གསུམ་པ་བྱེད་སྒྲ་ནི། བྱ་བ་དང་བྱེད་པ་པོ་གཉིས་རྣམ་པ་སོ་སོར་དབྱེ་བ་འབྱེད་ཅིང་གཙོ་ཆེ་བྱེད་པ་པོ་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པས་དབང་བསྐུར། ལྟ་བུ། རྣམ་དབྱེ་བཞི་པ་དགོས་ཆེད་ནི། བྱ་བ་དང་དགོས་པ་གཉིས་ཕན་ཚུན་སོ་སོར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་དགོས་པ་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པ་ལ་སྲུང་སྐྱོབ་བྱེད། ལྟ་བུ། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ནི། གང་ལས་བྱུང་བའི་ཁུངས་དང་དེ་ལས་བྱུང་བའི་ཆོས་གཉིས་ཕན་ཚུན་སོ་སོར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་གང་ལས་བྱུང་བའི་ཁུངས་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པ་ལས་ཆུ་བླངས། ལྟ་བུ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི། གང་ལ་འབྲེལ་བའི་ཡུལ་དང་དེ་ལ་འབྲེལ་བའི་ཆོས་གཉིས་ཕན་ཚུན་སོ་སོར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་འབྲེལ་བའི་ཡུལ་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པའི་མཆུ། ལྟ་བུ། རྣམ་དབྱེ་བདུན་པ་བརྟེན་གནས་ནི། གང་ལ་བརྟེན་པའི་གཞི་དང་དེ་ལ་བརྟེན་པའི་ཆོས་གཉིས་ཕན་ཚུན་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་གང་ལ་བརྟེན་པའི་གཞི་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པ་ལ་ཆུ་ཡོད། ལྷ་ལ་བདུད་རྩི་ཡོད། ལྟ་བུ། རྣམ་དབྱེ་བརྒྱད་པ་འབོད་སྒྲ་ནི། འབོད་པ་གསལ་བྱེད་ཀྱི་སྒྲ་ཙམ་སྦྱར་བ་ལས་རྣམ་དབྱེ་དང་པོ་ལས་ངོ་བོ་ལོགས་སུ་མེད་པས་མཁས་པ་རྣམས་ཀྱིས་རྣམ་དབྱེ་བདུན་ཞེས་བགྲངས་པའང་ཡོད་ལ། དེ་དག་རེ་རེ་ལའང་གཅིག་ཚིག་སྦྱར་བའི་རྣམ་དབྱེ་བདུན། གཉིས་ཚིག་སྦྱར་བའི་རྣམ་དབྱེ་བདུན། མང་ཚིག་སྦྱར་བའི་རྣམ་དབྱེ་བདུན་ཏེ། རྣམ་དབྱེ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་འགྱུར་ཞིང༌། དཔེ་མཚོན་ཙམ་བཀོད་ན། བུམ་པ་ཉིད་ཅེས་པ་གཅིག་ཚིག་གི་རྣམ་དབྱེ་དང་པོ་དང༌། བུམ་པ་དག་ཅེས་པ་གཉིས་ཚིག་གི་རྣམ་དབྱེ་དང་པོ། བུམ་པ་རྣམས་ཞེས་པ་མང་ཚིག་གི་རྣམ་དབྱེ་དང་པོ་སྟེ། དེས་རྣམ་དབྱེ་ལྷག་མ་རྣམས་ལའང་རིགས་འགྲེ་དགོས། གཉིས་པ་རྣམ་དབྱེ་མ་ཡིན་པའི་ཕྲད་ནང་གསེས་འཇུག་པ་བཤད་པ་ལ། རྩ་བར། གཞན་ཡང་ཚིག་དོན་འོག་མ་ལས།། བསྡུ་རྒྱུ་ཡོད་དམ་མེད་པ་དང༌།། གོང་མ་ལས་ཀྱང་དེ་བཞིན་ཏེ།། རྣམ་གྲངས་དག་ནི་བཀོད་པ་ལས།། བསྐྱར་བ་ཡོད་དམ་མེད་པ་དང༌།། ཕོ་སྒྲ་དང་ནི་མོ་སྒྲ་དག། མིང་གི་མཐའ་ན་ཡོད་མེད་དང༌།། རྒྱན་དུ་གྱུར་པ་རྣམས་ལ་ཡང༌།། དོན་ལ་བསྙེགས་པ་ཡོད་མེད་དང༌།། བསྟན་བྱ་ལྷག་མ་ཡོད་མེད་དང༌།། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས།། དེ་དག་ནང་གསེས་རྣམ་པར་དབྱེ།། རྣམ་དབྱེ་ནང་གསེས་བཤད་པ་དེ་ལས་གཞན་ཡང་ཚིག་ཕྲད་ནང་གསེས་གང་དང་གང་ཞིག་འདྲེན་པ་ནི། བསྡུ་བ་དང༌། བསྐྱར་བ། བདག་སྒྲ། དགག་སྒྲ། ཚིག་རྒྱན། ལྷག་བཅས། རྫོགས་ཚིག་སྟེ། བདུན་པོ་དེ་དག་ནང་གསེས་རྣམ་པར་དབྱེ་ཚུལ་རིམ་པ་བཞིན་འཆད་ན། དང་པོ་བསྡུ་བ་ནི། ཚིག་དོན་འོག་མ་ལས་ལྷ་ལྡན་གྱི་བར་ལྟ་བུ་བསྡུ་རྒྱུ་ཡོད་ན་མིང་སྔ་མའི་མཇུག་ཏུ་སྡུད་པའི་སྒྲ། ནས་དང༌། དང་སོགས་འདྲེན་ཏེ། རྒྱ་གར་ནས་ལྷ་ལྡན་བར། ཞེས་པ་ལྟ་བུ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་བཅས་པ་ལྟ་བུའི་དང་སྒྲ་དང༌། ང་ཡང་འགྲོ་ལ་ཁྱེད་ཀྱང་ཕེབས་ཏེ་ཁོའང་འཁྲིད་ལྟ་བུའི་ཡང་ཀྱང་འང་རྣམས་ཀྱང་སྡུད་པའི་སྒྲ་ཡིན་ནོ། །དམ་ནི་གདམ་ངའི་འབྱེད་པའི་ཕྲད་དོ།། ཚིག་དོན་སྔ་མའི་འཕྲོས་དོན་ལྷག་མ་བསྡུ་རྒྱུ་མེད་ན་ལྷ་ལྡན་ནོ། །འབྲས་སྤུངས་སོ། །ལྷའོ། །ངའོ། །ལྟ་བུ་སླར་བསྡུའི་སྒྲ་འདྲེན་པ་དང༌། ཚིག་དོན་གོང་མ་དེ་ལས་ཀྱང་དེ་བཞིན་དོན་ཕྱི་མ་རྣམས་འདྲེན་ཏེ། དཔེར་ན། ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུ་གླིང༌། །ལྟ་བུ་ཇི་སྙེད་ཀྱིས་དེ་སྙེད་དང༌། ཇི་སྲིད་བསྟེན་པ་དེ་སྲིད་རྟག་ཏུ་བཞུགས། །ལྟ་བུ་ཇི་སྲིད་ཀྱིས་དེ་སྲིད་དང༌། ཇི་ལྟར་བསྟན་པ་དེ་ལྟར་སྒྲུབ་པར་བྱེད། ལྟ་བུ། ཇི་ལྟར་གྱིས་དེ་ལྟར་དང༌། ཇི་ཙམ་སློབ་ན་དེ་ཙམ་ཤེས་པར་འགྱུར། །ལྟ་བུ། ཇི་ཙམ་གྱིས་དེ་ཙམ་དང༌། ཇི་སྐད་བཤད་པ་དེ་སྐད་བདག་ཀྱང་སྒྲུབ། །ལྟ་བུ། ཇི་སྐད་ཀྱིས་དེ་སྐད་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པས།། དེ་ཕྱིར་སྟོང་པ་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།། ལྟ་བུ་གང་ཕྱིར་གྱིས་དེ་ཕྱིར་དང༌། ཅི་སླད་ཅེ་ན་འདིར་བཤད་ཀྱི། །དེ་སླད་ཁྱོད་ཀྱིས་ཉན་པ་འཚལ། །ལྟ་བུ་ཅི་སླད་ཀྱིས་དེ་སླད། ཅི་འདྲ་བ་ཡི་ལས་བྱས་པ། ། འབྲས་བུ་དེ་འདྲ་ཉིད་དུ་གྲུབ། །ལྟ་བུ་ཅི་འདྲས་དེ་འདྲ་དང༌། གང་ཡིན་ཞེ་ན་འདི་ཡིན་ནོ། །གགང་ཡིན་གྱིས་འདི་ཡིན་འདྲེན་པའོ།། གཉིས་པ་བསྐྱར་བ་ནི། མིང་དང་ཚིག་གི་རྣམ་གྲངས་དག་ནི་བཀོད་པ་ལས། ཚིག་བསྐྱར་བ་དང༌། དོན་བསྐྱར་བ་དང༌། ཚིག་དོན་གཉིས་ཀ་བསྐྱར་ན་ཡང་ཚིག་གི་སྦྱོར་ཚུལ་གྱི་དབང་གིས་ཟློས་སྐྱོན་མེད་པའི་རྣམ་གྲངས་སྦྱར་རྒྱུ་ཡོད་པ། དཔེར་ན། དང་པོ་དོན་བསྐྱར་བ། སངས་རྒྱས་ནི། བདེ་བར་གཤེགས་པའམ། སྟོབས་བཅུ་མངའ་བའམ། ཐམས་ཅད་མཁྱེན་པའམ། རྐང་གཉིས་གཙོ་བོའོ། །རི་བོང་ཅན་ནམ་མཚན་མོའི་མགོན་ནི་ཟླ་བའོ། །ལྟ་བུ་དང༌། ཀུན་ཕན་བསིལ་ཟེར་རབ་རྒྱས་ཤིང༌།། ཆུ་གཏེར་དཀྱིལ་འཁོར་ཡོངས་སུ་རྫོགས།། འོད་དཀར་ཆ་ཤས་རྣམ་པར་འཕེལ།། ཉ་རྒྱས་ཟླ་བའི་ལང་ཚོ་བརྟས།། ལྟ་བུའི་རྒྱས་དང༌། རྫོགས། འཕེལ། གང༌། བརྟས་རྣམས་བརྗོད་བྱ་ཟླ་བ་གཅིག་པོའི་ཆ་ཤས་འཕེལ་བ་ལ་འཇུག་པས་ཚིག་ཐ་དད་ཅིང་དོན་བསྐྱར་བ་དང༌། གཉིས་པ་དོན་བསྐྱར་བ་ནི། ལེགས་སོ་ལེགས་སོ་ལེགས་པར་གསུངས།། ལྡེམ་ཀུན་ཏུ་ལྡེམ་ཀུན་ཏུ་རབ་ཏུ་ལྡེམ། གདོང་གི་རྨ་ཤུལ་དཔའ་བོའི་རྒྱན།། བྲང་སྐྱེས་ནུ་འབུར་མཛེས་མའི་རྒྱན།། འཁོར་ལོའི་ལག་ལྡན་རྫི་བུའི་རྒྱན།། གནས་ལྔ་མཁྱེན་པ་མཁས་པའི་རྒྱན།། ལྟ་བུ། །ལེགས་སོའི་སྒྲ་འདྲ་ཡང་དོན་ལེགས་སོ་ཆུང་འབྲིང་ཆེ་གསུམ་དང༌། ལྡེམ་པ་ཆུང་འབྲིང་ཆེ་གསུམ་ལ་གོ་ཞིང༌། དེ་བཞིན་དུ་དོན་ལ་རྒྱན་རྣམས་རིམ་པ་བཞིན་གདོང་གི་རྨ་ཤུལ་དང༌། ནུ་འབུར། ངང་པ། རིག་པའི་གནས་མཁྱེན་པ་རྣམས་ཡིན་པས་གོ་དོན་ཐ་དད་ཅིང་རྒྱན་ཞེས་ཡང་ཡང་བསྐྱར་བས་ཚིག་བསྐྱར་བ་དང༌། ཚིག་དོན་གཉིས་ཀ་བསྐྱར་བ་ནི། སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་སླེབས། །ལྟ་བུ་ཚིག་སྐོར་ཞེས་ཡང་ཡང་བསྐྱར་བ་དང༌། སྔར་སླེབས་ས་དེར་ཡང་སླེབས་པ་བསྟན་པས་དོན་བསྐྱར་བ་ཡིན་ལ། དེས་མཚོན་ནས། དད་ཅིང་དད་བཞིན་དྲིས་པ་ན།། དགྱེས་ཤིང་དགྱེས་བཞིན་གསུང་ལན་འབྱོར།། གྲོས་ཤིང་གྲོས་ཀྱིས་གཏན་འབེབས་པས།། དོན་དེ་དོན་བཞིན་ཤེས་པ་བྱུང༌།། ཞེས་དད་དགྱེས་གྲོས་དོན་གྱི་ཚིག་བསྐྱར་ཞིང་གང་ཞིག་བསམ་པའི་དྲི་བ་དང་དེའི་ལན་གཉིས་དོན་གཅིག་ལ་བབ་པས་དོན་བསྐྱར་བ་དང༌། གྲོགས་ཁྱེད་དྲན་ཅིང་དྲན་བཞིན་དུ།། སེམས་ལ་ཡང་དང་ཡང་དུ་འཁོར།། ཡིད་ངོས་རྟག་ཏུ་གསལ་བཏབ་པའི།། ཝ་ལེར་སེམས་ཀྱི་ངོས་སུ་འཆར།། ལྟ་བུ་ཚིག་བསྐྱར་བ་མ་ཟད་རྟག་ཏུ་སེམས་ལ་དྲན་ཚུལ་གྱི་དོན་ཡང་ཡང་བསྐྱར་བ་དང༌། གནས་ལྔ་ཤེས་བྱ་ཀུན་མཁྱེན་པའི།། མཁྱེན་རབ་འོད་ཞགས་བསྲེངས་པ་ཡིས།། ཆོས་ཀུན་མཁྱེན་པའི་རྩལ་རྫོགས་པ།། མཁྱེན་པའི་གཏེར་དེའི་མཁྱེན་རབ་ཟབ།། ལྟ་བུ།། མཁྱེན་ཞེས་པ་ལྔ་ཡོད་པས་ཚིག་བསྐྱར་ཞིང༌། ཤེས་བྱ་ཀུན་དང་ཆོས་ཀུན་ཞེས་དོན་བསྐྱར་བས་ཚིག་དོན་གཉིས་ཀ་བསྐྱར་བ་སྟེ། ཚིག་བསྐྱར་བ་དང་དོན་བསྐྱར་བ༌། ཚིག་དོན་གཉིས་ཀ་བསྐྱར་བ་གང་ཞིག་ཡིན་ན་ཡང་ཚིག་གི་སྡེབ་སྦྱོར་གྱི་དབང་གིས་བཟློས་པའི་སྐྱོན་མི་འབྱུང་བ་ཞིག་དགོས། དམ་ནི་གདམ་ངའི་འབྱེད་པའོ། །ཚིག་དང་དོན་གང་ཡང་བསྐྱར་རྒྱུ་མེད་ན། རྟ་ལྗང་རྨིས་སྒྲ་རྡུང་བ་ཡིས།། གེ་སར་གཉིད་ལས་སད་པ་དང༌།། འདབ་སྟོང་ཟེ་བ་དགོད་པ་ཡིས།། ཟིར་ཟིར་བུང་བས་གླུ་དབྱངས་ལེན།། ལྟ་བུ། ཚིག་དོན་གཉིས་ཀ་བསྐྱར་བ་མེད་པ་དང༌། གསུམ་པ་བདག་པོའི་སྒྲ་འདྲེན་ཚུལ་ནི། མིང་གི་ཆ་ཤས་ལ་གསར་དུ་སྦྱར་བ་མ་ཡིན་པའི་ཕོ་སྒྲ་སྟེ་པ་པོ་ཅན་སོགས་དང་ནི་མོ་སྒྲ་མ་མི་སོགས་མིང་གི་མཐའ་ན་ཡོད་པ་དཔེར་ན། གསར་པ། རྙིང་པ། ཐོ་བ། ཟླ་བ། རི་བོ། ཆུ་བོ། མཐོན་པོ། རིང་པོ། ཤིང་ལོ་ཅན། གངས་ཅན། ཉི་མ། སྨྱུག་མ། རི་མོ། སྔ་མོ། རྣམས་ནི་མིང་མཐའ་སྒྲུབ་བྱེད་ཙམ་ཡིན་པས་སྒྲུབ་པའི་སྒྲར་འགྱུར་རོ།། མིང་གི་ཕྱི་མར་བདག་པོའི་སྒྲ། པ། བ། པོ། ཅན་སོགས་དང༌། མོ་སྒྲའམ་དགག་པའི་སྒྲ་མ་མི་མིན་མེད་སོགས་མེད་པ་ལ་དེ་དག་གསར་དུ་སྦྱར་བ་ཡོད་ན། ཆོས་པ། ལྷ་ས་བ། ཟ་བ་པོ། བཤད་མཁན་ལྟ་བུ་མིང་སྔ་མ་དེ་ཉིད་བདག་པོ་སྟོན་བྱེད་ཀྱི་སྒྲར་འགྱུར་བ་དང༌། བཞི་པ་དགག་པའི་སྒྲ་འདྲེན་ཚུལ་ནི། བུམ་པ་དང་ཀ་བ་ལྟ་བུར་མོ་སྒྲ་གསར་དུ་སྦྱར་བ་ཡོད་ན། བུམ་པ་མེད། ཀ་བ་མིན། ལྟ་བུ་མིང་སྔ་མ་དེ་ཉིད་དགག་པའི་དོན་ཅན་དུ་འགྱུར་རོ།། དང་ནི་འོག་མ་སྡུད་པའོ།། ལྔ་པ་ཚིག་རྒྱན་འདྲེན་ཚུལ་ནི། མིང་མཐའ་ཕྱི་མའི་འཕྲོར་སྦྱར་རྒྱུའི་ཚིག་གི་རྒྱན་དུ་གྱུར་པ། ཀྱང༌། ཀུན་ཏུ། རབ་ཏུ། སོགས་ཀྱི་ཕྲད་རྣམས་ལའང༌། དོན་ལ་སྙེགས་པ་སྟེ་དོན་ལོགས་སུ་བསྟན་རྒྱུ་ཡོད་ན། དཔེར་ན། ས་ཆེན་འདི་ནི་གཡོ་ཞིང་རབ་ཏུ་གཡོ།། ཀུན་ཏུ་རབ་ཏུ་གཡོ་བར་གྱུར་ཏོ་སྐད།། ལེགས་སོ་ལེགས་སོ་ལེགས་པར་གསུངས།། མཁས་ཀྱང་མཁས་ལ་བཙུན་ཀྱང་བཙུན།། ལྟ་བུར་གཡོ་བ་ཆེ་འབྲིང་ཆུང་གསུམ་དང༌། ལེགས་སོ་ཆེ་འབྲིང་ཆུང་གསུམ་བསྟན་པ་དང༌། མཁས་པ་མ་ཟད་བཙུན་པ་ཡང་སྡུད་པའི་ཆེད། རབ་ཏུ། ཀུན་ཏུ། ལེགས། ཀྱང༌། སོགས་ངེས་པར་དུ་སྦྱར་དགོས་ལ། དོན་གཞན་བསྟན་རྒྱུ་མེད་ཀྱང་ཚིགས་བཅད་ཁ་སྐོང་བའི་ཆེད་ཙམ་དུ་སྦྱར་བ་དཔེར་ན། རབ་ཡངས་ནམ་མཁའི་དཀྱིལ་ཁང་ལ།། རབ་མཛེས་ཟླ་བའི་བཞིན་རས་འཛུམ།། རབ་དང་ཕུལ་བྱུང་བརྩེ་བའི་མདངས།། རབ་དྭངས་སྙིང་གི་མཚོ་རླབས་འཕྱོ།། ལྟ་བུ་དང༌། ཁྱོད་ཞལ་རབ་ཏུ་རྒྱས་པའི་འཛུམ་བག་གིས། །བདག་ཡིད་བརྟན་པོའི་གོ་སྐབས་ཀུན་ནས་བཅོམ། །ལྟ་བུའི་རབ་དང༌། ཕུལ་བྱུང༌། རབ་མཛེས། རབ་ཡངས། རབ་ཏུ། ཀུན་ནས་རྣམས་ཚིགས་བཅད་ཁ་སྐོང་བ་དང་ཚིག་མཛེས་པའི་ཆེད་གཉིས་ཀ་ཡིན་ལ། དོན་གྱི་རྣམ་གཞག་གཞན་གང་ཡང་བསྟན་རྒྱུ་མེད་ཀྱང་འབྲི་དགོས་པ་འདྲ་ཞིང༌། ཁྱོད་ཀྱི་སྐད་ཆ་དེ་ཤིན་ཏུ་བདེན། ལྟ་བུའི་ཤིན་ཏུ་ནི་ཚིག་རྒྱན་ཙམ་ཡིན་གྱི་དོན་གཞན་གང་ཡང་མི་བསྟན་ཅིང༌། ཚིགས་བཅད་ཁ་སོྐང་ཆེད་ཙམ་དུའང་མི་འགྲོ་བས། འདི་རིགས་ཀྱི་ཚིག་རྒྱན་རྣམས་བྲིས་ཀྱང་རུང་ལ་མ་བྲིས་ན་ཡང་ཆོག་པ་ཡིན་ནོ།། དང་ནི་འོག་མ་སྡུད་པའོ།། དྲུག་པ། ལྷག་བཅས་འདྲེན་ཚུལ་ནི། མིང་སྔ་མའི་མཐར་བསྟན་བྱ་ལྷག་མ་ཡོད་ན། མིང་དེ་ཉིད་ཀྱི་མཐར་བསྒྲུབས་ཏེ་གྲུབ། བཤད་དེ་གོ། ཉན་ཏེ་གོ། དེད་དེ་བྲོས། ཡར་ལངས་ལ་གད་བརྒྱབ། ཟས་ཟ་ནས་གཏམ་བཤད། སོང་ཞིང་སླེབས། ལྟ་བུའི་ཏེ་དེ་སྟེ་གསུམ་དང༌། ལ་ནས། ཅིང་ཞིང་ཤིང༌། སོགས་ལྷག་བཅས་ཀྱི་ཚིག་ཕྲད་རྣམས་སྦྱར་བར་བྱ་ཞིང༌། བདུན་པ་རྫོགས་ཚིག་འདྲེན་ཚུལ་ནི། བསྟན་བྱ་ལྷག་མ་མེད་ན་ལྷག་བཅས་ཀྱི་ཚིག་ཕྲད་དེ་དག་སྦྱར་མི་རུང་བ་དང༌། སྐབས་བབ་ཀྱི་ཚིག་དོན་རེ་ཞིག་རྫོགས་ན། ལེགས་སོ།། བསྒྲུབས་སོ།། མཐོང་ངོ༌།། ལྟ་བུའི་གོ་སོགས་སླར་བསྡུའི་སྒྲ་རྣམས་སྦྱར་དགོས་པ་དང༌། ཚིག་དོན་རྫོགས་པའི་སྐབས་ལས་མ་རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱར་མི་རུང་ངོ། མདོར་ན་རྣམ་དབྱེ་དང་ཚིག་ཕྲད་གང་ཞིག་སྦྱར་བ་འོས་མིན་ལ་སྐབས་བབ་ཀྱི་བརྗོད་དོན་དེ་དག་ཉིད་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་དེ་དག་ནང་གསེས་གང་དང་གང་ལ་འཇུག་ཅིང་དོན་ཇི་ལྟར་བསྟན་ཚུལ་གྱི་རྣམ་པར་ཞིབ་ཏུ་དབྱེ་བར་བྱའོ།། ཚིག་ཕྲད་ཅེས་པ་ནི། ཚིག་སྔ་ཕྱི་མཚམས་སྦྱོར་བྱེད་དུ་ཤས་ཆེར་འབྱུང་བའི་སྒྲའི་ཆ་ཤས་ཤིག་ལ་ཟེར། ཡང་ན་ཚིག་སྔ་ཕྱི་ཆ་འཕྲོད་པར་བྱེད་པའི་སྒྲའི་ཆ་ཤས་ཤིག་ལ་ཟེར། དེ་ལ་རྗེས་འཇུག་གི་རྟགས་ཀྱི་འཇུག་པའི་ནང་གི་ཇི་ལྟར་འཇུག་པ་བཤད་པའི་སྐབས་སུ་འབུར་དུ་བཏོན་པ། སྡུད་པ། ལྷག་བཅས། འབྱེད་པ། ལྷག་བཅས། འབྱེད་པ། སླར་བསྡུ་དང༌། ཚིག་རྒྱན། དགར་བ། བརྣན་པ། ཅིང་སོགས་ཕྲད་གཅིག་འདུས་ཅན་དང༌། དེ་ན། འོ་ན། གང་ཞིག གང་ལ་ལྟ་བུ་ཕྲད་གཉིས་འདུས་ཅན་དང༌། དེ་ལྟ་ན། གལ་ཏེ་ན། དེ་བས་ན། དེ་ཡི་ཕྱིར། ལྟ་བུ་ཕྲད་གསུམ་འདུས་ཅན་དང༌། དེ་ལྟ་ན་འང་ལྟ་བུ་ཕྲད་བཞི་འདུས་ཅན་སོགས། སུམ་ཅུ་པའི་གཞུང་ལ་བརྟེན་ནས་རྒྱ་ཆེར་ཤེས་པར་བྱ་ཞིང༌། བོད་སྐད་ཀྱི་ཚིག་ཕྲད་ནི་ལེགས་སྦྱར་གྱི་ནི་པཱ་ཏན་དང་དོན་མི་འདྲ་སྟེ། ནི་པཱ་ཏན་ཞེས་པ་སྒྲ་ཐད་བསྒྱུར་བྱས་ན་ངེས་ཚིག་གམ་མི་ཟད་པའི་དོན་དུ་འགྱུར་ཞིང༌། བོད་སྐད་ལ་ངེས་ཚིག་དང་མི་ཟད་པའི་སྒྲ་ཡོད་ཚད་ཚིག་ཕྲད་ཡིན་མི་དགོས་པའི་ཕྱིར། དཔེར་ན། ལེགས་སྦྱར་སྐད་དུ། སྭར་དང་སྭསྟི་ལྟ་བུ། ནི་པཱ་ཏན་ལ་ཡོད་ཀྱང༌། བོད་སྐད་དུ་མཐོ་རིས་དང༌། བདེ་ལེགས་ཞེས་པར་འགྱུར་བས། དེ་གཉིས་ངེས་ཚིག་ཙམ་མ་གཏོགས་ཚིག་ཕྲད་མ་ཡིན་པའི་ཕྱིར། འོ་ན། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ནི་པཱ་ཏན་ཞེས་པ་ཚིག་ཕྲད་ཏུ་བསྒྱུར་བའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་ལེགས་སྦྱར་ལ། ཙ་བཱ། ཨེ་བ། ལ་སོགས་པའི་ནི་པཱ་ཏན་རྣམས་ཕལ་ཆེར་ཚིག་ཕྲད་དུ་འབྱུང་བ་ཤས་ཆེ་བ་ལ་དགོངས་ནས་ཡིན་གྱི། མཐའ་གཅིག་ཏུ་ནི་པཱ་ཏན་དང་ཚིག་ཕྲད་གཉིས་ཡིན་ཆ་མཉམ་དུ་ངེས་པའི་སྒོ་ནས་མ་ཡིན་ནོ།། བོད་སྐད་ཐོག་རྣམ་དབྱེ་དང་ཚིག་ཕྲད་གཉིས་ལ་མུ་བཞི་ཡོད་དེ། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ་རྣམ་དབྱེ་ཡིན་ལ་ཚིག་ཕྲད་མིན་པའི་མུ། ཀྱང་དང་འང་ལྟ་བུ་ཚིག་ཕྲད་ཡིན་ལ་རྣམ་དབྱེ་མིན་པའི་མུ། གི་དང་གྱི་ལྟ་བུ་རྣམ་དབྱེ་དང་ཚིག་ཕྲད་གཉིས་ཀ་ཡིན་པའི་མུ། བུམ་པ་ལྟ་བུ་གཉིས་ཀ་མིན་པའི་མུ་ཡིན་ཏེ་ཁྱོད་བརྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་ཕྱིར། སླར་བསྡུ་ནི། རང་གི་ཚིག་གྲོགས་ཕྱི་མ་མི་འབྱུང་བའམ་སླར་བསྡུ་བར་བྱ་བའི་ཚིག་ཕྲད་ལ་ཟེར། དཔེར་ན། ལེགས་སོ།། ལྟ་བུ། དེ་ཉིད་ནི། ཕྲད་རང་ཉིད་སྦྱར་ས་དེའི་ངོ་བོ་ཉིད་དུ་གྲུབ་པ་བསྟན་པའི་ཚིག་ཕྲད་ལ་ཟེར། དཔེར་ན། བ་ལང་ལ་བ་ལང་མ་ཡིན་པ་མེད། མི་རྟག་པའི་སྟེང་ལ་བྱས་པ་ཡོད། ལྟ་བུ། འདི་དང་མདུན་ལྕོག་སྟེང་དུ་དཀར་ཡོལ་ཡོད་ཚུལ་གཉིས་མི་མཚུངས་ཏེ། མི་རྟག་པ་རང་གི་ངོ་བོ་དེ་ག་རང་བྱས་པ་ཡིན། མདུན་ལྕོག་གི་ངོ་བོ་དཀར་ཡོལ་མ་ཡིན་པའི་ཁྱད་པར་ཡོད་ལ། འདིས་མཚོན་ནས་ཤར་ཕྱོགས་ཀྱི་གཡག་ལ་གཡག་མ་ཡིན་པ་མེད་ཅེས་པའི་ལ་སྒྲ་དེ་ཉིད་དང༌། ཤར་ཕྱོགས་ཀྱི་གཡག་ལ་རྭ་ཡོད་ཅེས་པའི་ལ་སྒྲ་རྣམ་དབྱེ་བདུན་པར་འགྱུར་ཚུལ་་སོགས་ཚད་མ་པ་རྣམས་ཀྱིས་དོ་སྣང་དགོས་པ་ཡོད་དེ། གནད་འདི་ཤེས་ན་ཤར་ཕྱོགས་ཀྱི་གཡག་མགོ་ཆོས་ཅན། གཡག་མ་ཡིན་ཏེ། མགོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདིའི་ཚིག་སྤྱི་ལ་རྨོངས་པའི་དྲྭ་བ་རང་ཆོད་དུ་འགྲོ་ངེས་ཡིན། ཚད་མ་རིག་པ་ལ་བློ་ཁ་ལེགས་པ་མ་ཕྱོགས་པ་རྣམས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་པ་སྨྲ་བ་ནི་ཐུགས་ཁག་མེད་དོ།། ཚེ་སྐབས་ནི། དུས་ཙམ་བསྟན་པའི་ཕྲད་དེ། ལོ་དྲུག་ལ་དཀའ་བ་སྤྱད། སྐྱ་རེངས་ཤར་བ་དང་སངས་རྒྱས། ལྟ་བུ། ཚིག་རྒྱན་ནི། མཐུན་པའམ་མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་ཁྱད་པར་དུ་ཚིག་མཛེས་པ་བྱེད་པའི་ཕྲད་དེ། དཔེར་ན། མདོག་ཀྱང་ལེགས་ལ་དབྱིབས་ཀྱང་མཛེས། ལྟ་བུ་མཐུན་པའི་ཚིག་རྒྱན་དང༌། དགྱེས་ཞལ་འཛུམ་ཡང་བདུད་དཔུང་ཟ། ལྟ་བུ་མི་མཐུན་པའི་ཚིག་རྒྱན་ཡིན་ནོ།། སྡུད་པ་ནི། རྣམ་གྲངས་དུ་མ་གཞི་གཅིག་ཏུ་བསྡུ་བ་སྟེ། དཔེར་ན། སེམས་ཀྱང་ཡིན་ལ་བསྐྱེད་པའང་ཡིན། གཟུགས་སམ་སྒྲ་ནི་འདོད་ཡོན་ཡིན། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་ནི་བསླབ་པར་བྱ་བའོ།། གཟུགས་ལས་སྩོགས་པ་ཕུང་པོ་ལྔ། མགོ་ནས་འཇུག་བར། རྒྱ་གར་ནས་རྒྱ་ནག་བར། ལྟ་བུ། ལྷག་བཅས་ནི། བསྟན་བྱ་ལྷག་མ་ཡོད་པ་བསྟན་པའི་ཚིག་ཕྲད་དེ། སེམས་བསྐྱེད་དེ་ཚོགས་གསོག ཡར་ལངས་ནས་གད་བརྒྱབ། ལྟ་བུ། འབྱེད་པ་ནི། གཞི་གཅིག་ལས་དབྱེ་བ་དུ་མ་འབྱེད་པའི་ཚིག་ཕྲད་དེ། བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་མོ། །བདེ་འགྲོ་ནི་ལྷ་དང་མི་དང་ལྷ་མ་ཡིན་རྣམས་སོ།། ལྟ་བུ། བརྣན་པ་ནི། ནན་ཏན་དུ་ངོས་བཟུང་བའི་ཕྲད་དེ། དཔེར་ན། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།། ལྟ་བུ། དགར་བ་ནི། དགར་གཞི་ལས་དགར་ཆོས་ལོགས་སུ་དབྱེ་བ་འབྱེད་པའི་ཚིག་ཕྲད་དེ། སེམས་ནི་སེམས་བྱུང་ལས་གཞན་ནོ།། ཚོགས་གཉིས་ཀྱི་ནང་ནས་ཡེ་ཤེས་ཀྱི་ཚོགས་བཟང༌། ལྟ་བུ། བདག་པོ་ནི། གང་ཟག་བསྟན་པའི་ཚིག་ཕྲད་དེ། དཔེར་ན། དགའ་ལྡན་པ། ལྷ་ས་བ། ཆོས་གོས་ཅན། འབྱོར་ལྡན། ཤིང་མཁན། རྒྱལ་མོ། རྒྱ་བོ། རྒྱལ་པོ། ལྟ་བུ། དགག་པ་ནི། མོ་སྒྲ་མིང་གི་ཆ་ཤས་སུ་སྔར་མེད་གསར་སྦྱར་གྱི་ཚིག་ཕྲད་དམ། ཡང་ན། རང་ཉིད་གང་ལ་འཇུག་པའི་མིང་དེས་དོན་ལྡོག་ཕྱོགས་ནས་བསྟན་པའི་ཚིག་ཕྲད་དེ། དཔེར་ན། མ་འགྲོ་ མི་འདུག ལྟ་བུ། སྤྱི་སྒྲ་ནི། བརྗོད་བྱའི་དོན་དེ་དམིགས་ཀྱིས་མ་བསལ་བར་དེའི་རིགས་སམ་སྤྱི་ཙམ་བརྗོད་པའི་ཚིག་ཕྲད་དེ། དཔེར་ན། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌།། ལྟ་བུ། དེ་སྒྲ་ནི། རིང་བ་དང༌། ལྐོག་གྱུར། འདས་པ་དང་མ་འོངས་པ། ཐ་སྙད་གསུམ། དངོས་པོ་བཞི་ལ་འཇུག འདི་སྒྲ་ནི། ཉེ་བ་དང་མངོན་འགྱུར། ད་ལྟ་བ་བཅས་ལ་འཇུག དེས་མཚོན་ནས་གཞན་ཡང་ཤེས་པར་བྱ་ལ། དེ་དག་ནི་ཕྲད་གཅིག་པ་ཅན་ཡིན་ཞིང༌། དཔེར་བརྗོད་གཞན་ལས་ཤེས་པར་བྱ། འདིར་ཕྲད་དུ་མ་འདུས་པའི་དཔེ་རྣམ་གསལ་ཅན་འགའ་ཞིག་བགྲང་ན། གང་དག ཅེ་ན། དེ་ནི། ད་ནི། ཚེ་ན། ཞེ་ན། ཅེའོ། ཞེའོ། ཤེའོ། དེ་སླད། ཇི་ལྟར། དེ་ལྟར། གང་ན། དེ་ན། གང་ཡང༌། དེ་ཡང༌། འདི་ཡང༌། གང་ཞིག གང་ལ། ཅི་ཡང༌། འོན་ཀྱང༌། ལྟ་བུ་ཕྲད་གཉིས་འདུས་ཅན་དང༌། གང་གི་ན། སུ་ཞིག་གོ། ཇི་ལྟར་ན། གང་སུ་དག ཅི་ཞེ་ན། ཅི་ཞིག་ལྟ། གང་ཞེ་ན། དེ་ཙམ་ན། གང་ལ་ཅི། ཅན་ཞིག་སུ། དེ་ལྟ་ན། འོ་ན་ཡང༌། གང་ལ་ལ། ཅི་ལ་ཡང༌། སུ་ཞིག་ཀྱང༌། དེ་དག་ཀྱང༌། ལྟ་ཅི་ཞིག ལྟ་བུ་ཕྲད་གསུམ་འདུས་ཅན་དང༌། ཇི་སྙེད་སུ་དག གང་ན་སུ་ཞིག གང་དང་གང་ལ། དེ་དང་དེ་ལ། ཇི་ལྟར་ཇི་སྙེད། གང་ཞིག་གང་གི་ ཡང་ནས་ཡང་དུ། སུ་དང་གང་ལ། གང་གང་དེ་ནི། དེ་དང་དེ་ནི། ཅི་སླད་ཅེ་ན། འདི་ཞེས་ཞེའོ། དེ་ལྟ་ན་ཡང༌། ཅི་སྙམ་ན་སྟེ། དེ་ཅི་སྟེ་ན། དེ་ཁོ་ན་ཉིད། དེ་ཙམ་ལ་ནི། ཅི་ཞིག་ལའོ། ལྟ་བུ་ཕྲད་བཞི་འདུས་ཅན་དང༌། ཇི་སྙེད་སུ་དག་ལ། གང་དང་གང་ཞིག་གི་ དེ་དང་དེ་ལ་ནི། ཡང་དང་ཡང་དུ་སྟེ། གང་ན་སུ་ཞིག་གོ དེ་དང་དེ་རྣམས་ནི། ཅི་ཞིག་ལྟ་ཡང་སྙམ། གང་གི་ཚེ་ན་ནི། འདི་ནི་ཅི་ཞིག་གོ་ དེ་སེྙད་ཙམ་འདི་དག ཇི་ལྟར་ཇི་སྙེད་ཀྱི། གང་གིས་གང་ཞིག་ལ། སུ་དང་ཅི་ཞིག་གིས། ལྟ་བུ་ཕྲད་ལྔ་འདུས་ཅན་དང༌། གང་དང་གང་གི་ཚེ་ན། འདི་དག་ནི་ཅི་ཞིག་གོ་ སུ་ཞིག་གང་ལ་ལྡན་ནམ། སུ་ཞིག་དེ་བཞིན་སྙམ་ན། གང་དུ་སུ་ཞིག་ཅེ་ན། གང་ལ་ལྡན་པ་དེ་འོ། །ལྟ་བུ་ཕྲད་དྲུག་འདུས་ཅན་དང༌། གང་གང་དེ་ནི་གང་གང་ལ། དེ་དེ་ལ་དེ་དེ་དང་དེ། ཇི་ལྟ་ཇི་ལྟ་གང་དང་གང༌། དེ་ལྟ་དེ་ལྟར་ཅི་ཞེ་ན། ཚུལ་ཇི་ལྟར་ཞེའོ་ཞེ་ན། གང་ཞིག་ཡང་ཡང་ཡང་དག་ཏུ། གང་ལ་གང་གིས་ཇི་ལྟ་ན། སུ་དང་སུ་ཞིག་གང་ལ་ནི། ཅི་འདྲ་དེ་འདྲ་ཉིད་དུ་འོ།། ལྟ་བུ་ཕྲད་བདུན་འདུས་ཅན་དང༌། སུ་ཞིག་གང་ལ་དེ་སྙེད་ཚུལ་ཙམ། གང་ཞིག་གང་གིས་གང་ལ་ཞེ་ན། ཅི་དང་ཅི་འདྲ་དེ་དང་དེ་འདྲ།། ཇི་སྙེད་སུ་དག་དེ་སྙེད་དེ་དག་ལ།། ལྟ་བུ་ཕྲད་བརྒྱད་འདུས་ཅན་དང༌། གང་དང་གང་ལ་དེ་དང་དེ་བཞིན་ནོ།། སུ་ཞིག་གང་ལ་ཅི་ཞིག་ལྟ་བུ་རུ།། ཅི་དང་ཅི་འདྲ་དེ་དང་དེ་འདྲ་འོ།། ཡང་དང་ཡང་དུ་གང་དང་གང་ཞིག་ལ།། སུ་ཞིག་གང་ལ་ཅི་ཞིག་ཇི་ལྟར་ན།། སུ་ཞིག་གང་ལ་འདི་དག་ཅི་ལྟར་ཞེས།། ལྟ་བུ་ཕྲད་དགུ་འདུས་ཅན་ཏེ། འདིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱ་འོ།། མིང་མཐའི་རྗེས་འཇུག་གི་ཤུགས་ཀྱིས་མ་དབྱེ་དང་ཚིག་ཕྲད་ཐོབ་ཚུལ་ནི། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་སྡོམ་ཚིག་ཏུ་བཀོད་པ་ལྟར། བློ་ལ་བྱང་བར་མཛད་ནས་དཔེར་བརྗོད་རྣམས་སུམ་རྟགས་ཀྱི་འགྲེལ་པ་ཀུན་བཟང་དགོངས་རྒྱན་དུ་གསལ་བས་དེར་གཟིགས་དགོས།
རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
བཞི་པ་རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ་གསུམ། རྗེས་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་དངོས་བཤད་པ་དང༌། ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ། དགོས་པ་དེ་ཉིད་ལྡོག་ཕྱོགས་ནས་བསྟན་པའོ།།
དང་པོ་ནི་རྩ་བ་ལས།
ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན།།
ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།།
མིང་གི་ཁོངས་ནས་ཚིག་ཕྱུང་ནས།།
ཚིག་གིས་དོན་རྣམས་སྟོན་པར་བྱེད།།
རྗེས་འཇུག་བཅུ་པོ་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་རྣམས་ལ་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ཞེས་དྲི་བས་མཚམས་སྦྱར་ཏེ། ལན་གྱིས་བསྙད་པ་ལ། ཀ་སོགས་མིང་གཞིའི་ཡི་གེའི་ཁོངས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དབྱུང་སྟེ། ཇི་ལྟར་དབྱུང་ངམ་ཞེ་ན། མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་ཡང་ན་དུ་མ་འདུས་པར་རྗེས་འཇུག་བཅུ་པོ་གང་རུང་ཞིག་ཞུགས་པའི་ཡི་གེ་ཚོགས་པའི་ཁོངས་ནས་ཀ་བ་དང༌། བུམ་པ། ལྟ་བུའི་མིང་དག་འབྱུང་བས་སོ།། དེ་ལྟར་མིང་གཞི་ལ་རྗེས་འཇུག་ཞུགས་ནས་གྲུབ་པ་བུམ་པ་དང་ཀ་བ་ལྟ་བུའི་མིང་དུ་མའི་བར་དུ་སུམ་ཅུ་པའི་གཞུང་ནས་བསྟན་པའི་ཚིག་ཕྲད་དང་རྣམ་དབྱེ་ཅི་རིགས་སྦྱར་བས། ཙནྡན་གྱི་ཀ་བ། གསེར་གྱི་བུམ་པ། ལྟ་བུའི་མིང་གི་ཁོངས་ནས་ཚིག་ཕྱུང་ནས། ཚིག་གི་ཕྲེང་བ་དུ་མ་ཚོགས་པ། ཙནྡན་གྱི་ཀ་བ་ཟླུམ་པོ་གྱེན་དུ་བཏེགས་པ། གསེར་གྱི་བུམ་པ་གཡུ་ཡི་ཕྲ་ཚོམས་ཅན། ལྟ་བུའི་ངག་གི་བརྗོད་པ་དེ་དག་གིས་བརྗོད་བྱའི་དོན་རྣམས་སྟོན་པར་བྱེད་དོ།། དེས་ན་བརྗོད་བྱའི་དོན་སྟོན་པར་ཚིག་གི་བརྗོད་པ་ལ་བརྟེན་དགོས༌། ཚིག་ནི་མིང་ལ་བརྟེན་ཅིང༌། མིང་ནི་རྗེས་འཇུག་ལ་མ་བརྟེན་པར་མི་འབྱུང་པས། རྗེས་འཇུག་མ་ཞུགས་པར་ཨི་སོགས་དབྱངས་ཀྱིས་སྒྲའི་ང་རོ་ཙམ་དང༌། ཀ་སོགས་གསལ་བྱེད་ཀྱིས་སྒྲའི་རྣམ་པ་ཙམ་གསལ་བར་བྱེད་ནུས་ཀྱང༌། དེ་ཙམ་གྱིས་བརྗོད་བྱ་ཅི་ཡང་སྟོན་པར་མི་ནུས་པས། ཐོན་མིས་རྒྱ་གར་ལ་མེད་པའི་ཡི་གེ་རྗེས་འཇུག་བཅུ་གསར་གཏོད་མཛད་པའི་དགོས་པ་ཡང༌། དབྱངས་གསལ་གྱི་ཡི་གེ་ལ་རྗེས་འཇུག་ཞུགས་ན་གཞི་ནས་བརྗོད་བྱའི་དོན་ཀུན་བསྟན་པ་ལ་དགོངས་ནས། དེའི་ཆེད་དུ་རྗེས་འཇུག་གི་ཡི་གེ་བོད་ལ་གསར་གཏོད་མཛད་པ་ཡིན་ནོ། ལྡོག་ཕྱོགས་ཀྱི་རྒྱུ་མཚན་ནི་འོག་ནས་ཀྱང་འཆད་པར་འགྱུར་རོ།།
གཉིས་པ་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་ནི། རྩ་བར། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཕོ་ཡིག་དེ་དག་རྣམས་ལ་ཡང༌།། འཇུག་པར་བཅས་པ་མེད་པར་ནི།། མིང་དང་ཚིག་ཀྱང་གསལ་མི་ནུས།། མིང་ཚིག་གསལ་བ་མེད་ན་ནི།། དོན་རྣམས་བརྗོད་པར་མི་འགྱུར་རོ།། སྤྱིར་མོ་ཡི་ཡི་གེ་ཨི་སོགས་དབྱངས་ཡིག་བཞི་དང༌། དམིགས་བསལ་དབྱངས་དང་རྗེས་འཇུག་གཞན་མེད་པའི་མཐར་རྗེས་འཇུག་གི་འ་ཡིག་མེད་ན། ཕོ་ཡིག་ཀ་སོགས་གསལ་བྱེད་སུམ་ཅུ་པོ་གདངས་ཀྱི་ང་རོ་དང་བྲལ་བས་སྒྲ་ཡིས་བརྗོད་པ་མེད་པར་འགྱུར་ལ། ཕོ་ཡིག་དེ་དག་རྣམས་ལ་དབྱངས་དང་ལྡན་ན་ཡང་སྔོན་འཇུག་ཡོད་མེད་ཇི་ལྟར་ཡང་རུང༌། ག་སོགས་རྗེས་སུ་འཇུག་པ་བཅུ་པོ་གང་རུང་དང་བཅས་པ་མེད་ན་ནི། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་ཤིང༌། མིང་དང་ཚིག་གི་བརྗོད་པ་གསལ་བར་མེད་ན་ནི། དེས་སྟོན་པའི་བརྗོད་བྱ་བླང་བྱ་དང་དོར་བྱ། རྒྱུ་དང་འབྲས་བུའི་རྣམ་པ་སོགས་མཚོན་པའི་དོན་རྣམས་གཞན་ལ་གོ་བར་བྱེད་པའི་བརྗོད་པ་ཡང་ཡོད་པར་མི་འགྱུར་རོ།། ཞེས་པའོ།། མོ་ཡིག་མེད་ན་ཕོ་ཡིག་བརྗོད་པ་མེད་པར་འགྱུར་བའི་འགྲེལ་ཚིག་ཐད་སྔོན་བྱོན་མཁས་པ་ཚོ་བཞེད་པ་ཐ་དད་པ་དུ་མ་སྣང་སྟེ། མཁས་པའི་དབང་པོ་དབུས་པ་བློ་གསལ་གྱི་སུམ་རྟགས་འགྲེལ་བར། མོ་ཡི་ཡི་གེ་འ་སོགས་མེད་པ་ན་ཕོ་ཡིག་ཀ་ལ་སོགས་པ་འདུས་པ་ཙམ་གྱིས་བརྗོད་པའི་དོན་སྟོན་པར་མི་འགྱུར་ལ། ཞེས་དང༌། རྒྱལ་མཆོག་ཀརྨ་པ་མི་བསྐྱོད་རྡོ་རྗེའི་སུམ་ཅུ་པའི་འགྲེལ་བཤད་ཉིང་ཁུ་མཁས་པའི་དགའ་སྟོན་ལས། མིང་ཚིག་བརྗོད་པ་ཕལ་ཆེར་རྗེས་འཇུག་དང་སྔོན་འཇུག་གཉིས་ལ་བལྟོས་པའི་ཕྱིར་ན། དེ་གཉིས་ཀྱང་མོ་ཡི་ཡི་གེའི་ནང་ནས་ཕྱུང་པ་ཡིན་པས། གལ་ཏེ་རྟག་པ་མཐའ་བཟུང་དབང་གིས་མོ་འི་ཡི་གེ་སྤྱི་དང༌། བྱེ་བྲག་སྔོན་འཇུག་དང་རྗེས་འཇུག་གཉིས་མེད་པར་གྱུར་ན་ནི། མིང་གཞིའི་ནང་ཚན་ཕོ་ཡིག་རྣམས་ཀྱི་བརྗོད་པ་དོན་མེད་པར་འགྱུར་བ་དང༌། གལ་ཏེ་ཕོ་ཡིག་དེ་རྣམས་བརྗོད་དུ་ཟིན་ནའང་འཇུག་པ་དང་བཅས་མེད་པར་ནི་མིང་དང་ཚིག་གང་ཡིན་ཡང་གསལ་བར་བྱེད་མི་ནུས་ཤིང༌། ཞེས་དང༌། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་གསལ་བར་བྱེད་པའི་ལེགས་བཤད་ལས། ངག་ཏུ་གྲུབ་པ་ནི་རྗེས་འཇུག་མོ་ལ་རག་ལས་པ་ཉིད་ཀྱི་ཕྱིར་མོ་ཡི་ཡི་གེ་མེད་པར་གྱུར་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར་ལ། ཞེས་འདིར་བསྟན་མོ་ཡིག་སྤྱིར་རྗེས་འཇུག་དང་ཡང་དགོས་འ་ཡིག་ཁོ་ན་ལ་ངོས་འཛིན་བྱས་འདུག དེ་དག་གི་རྗེས་སུ་འབྲངས་ནས་རྣམ་གླིང་པཎ་ཆེན་གྱིས་ཀྱང་འདིའི་སྐབས། རྗེས་འཇུག་མོ་ཡིག་ལ་རག་ལས་པ་སྟོན་པའི་ཕྱིར། མོ་ཡི་ཡི་གེ་མེད་པར་གྱུར་ན་ནི། ཕོ་ཡིག་དེ་དག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར་ལ། ཞེས་དང༌། ཊིའཀ་སྔ་མ་གཞན་རྣམས་འདིའི་སྐབས་ཀྱི་མོ་ཡིག་ཨི་ཨུ་ཨེ་ཨོ་བཞི་ཁོ་ན་བཞེད་པ་ལས། ཁོ་བོ་ནི་སྔ་མ་འཐད་པ་སེམས། ཞེས་གསུངས་ཤིང༌། ད་དུང་དེའི་ཤེས་བྱེད་ཀྱི་ཁུངས་སུ་རྩ་བར། རྗེས་འཇུག་བཅུ་པོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཞེས་དང་འཇམ་མགོན་ས་པཎ་གྱིས། འ་ཡིག་རྗེས་འཇུག་ཕྱེད་ཡིན་ནོ།། ཞེས་པའི་རྒྱུ་མཚན་ཡང་འདི་ཉིད་ལ་ཐུག་པར་བཤད། མཁས་པ་ཆེན་པོ་འདི་ཉིད་ཀྱིས་འཇོག་མཚམས་འདི་ལྟར་མཛད་དགོས་བྱུང་པའི་རྒྱུ་མཚན་ནི། བོད་སྐད་ལ་ཨ་ཡིག་དབྱངས་སུ་མི་འཐད་པ་དང༌། རྒྱ་གར་བའི་ལུགས་ལྟར་ཨ་ཡིག་སྲོག་ཞུགས་ཀྱི་ཐ་སྙད་ཀྱང་བོད་སྐད་ལ་མི་འཐད་པས། འདིའི་སྐབས་ཀྱི་མོ་ཡིག་དབྱངས་བཞི་ལ་བཞག་ན། ཀ་ཁ་སོགས་དབྱངས་གཞན་མ་ཞུགས་པའི་ཡི་གེ་རེ་རེ་བ་རྣམས་སྒྲ་ཡིས་བརྗོད་པ་མེད་པར་ཐལ། དེ་དག་མོ་ཡིག་དབྱངས་དང་ལྡན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དབྱངས་བཞི་གང་དང་ཡང་མི་ལྡན་པ་གང་ཞིག ཨ་ཡིག་དབྱངས་སུ་མི་འཐད་པའི་ཕྱིར། དེར་ཐལ། མཁན་པོས། ཨ་ལིའ་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམ་པ་འོ།། ཞེས་གསུངས་པའི་ཕྱིར། འདོད་ན་དེ་དག་ལ་སྒྲ་ཡིས་བརྗོད་པ་མེད་པར་ཐལ་ལོ།། འོ་ན་དེ་དག་ལ་དབྱངས་བཞི་ཀ་མ་ཞུགས་ཀྱང་སྒྲས་བརྗོད་པ་འབྱུང་བའི་རྒྱུ་མཚན་གང་ཡིན་ཞེ་ན། རྗེས་འཇུག་ལ་བརྟེན་ནས་འབྱུང་བ་ཡིན་ནོ།། ཞེས་པ་འདི་རང་ལུགས་སུ་བཞག་པ་མཛད་དེ། གཞན་ལུགས་བཀག་པ་ལ་ལུང་རིགས་གཉིས་ཀ་བགྲངས་ཤིང༌། རང་ལུགས་བཞག་པ་ལའང་རྒྱུ་མཚན་གསལ་བར་བཤད་ནས་འཇོག་འདུག་པས། མང་དུ་ཐོས་པའི་ཉམས་མྱོང་དང༌། གཟུ་བོར་གནས་པའི་མཁས་པ་ཡ་མ་བྲལ་བ་ཞིག་ཏུ་ལེགས་བཤད་འདིས་གསལ་བར་དཔོག་པར་ནུས་སོ།། མུ་ཏིག་ཕྲེང་མཛེས་སུ། རྣམ་གླིང་པའི་བཞེད་པ་ལ་ཁ་རྡུང་དང་རིགས་པ་གཉིས་ཀས་སུན་འབྱིན་ནན་པོར་བྱས་ནས། རང་ལུགས་ལ་སྐབས་འདིའི་མོ་ཡིག་ནི་དབྱངས་ཡིག་ཁོ་ནར་ངེས་བཟུང་བ་ཙམ་ལས། པཎྜི་b-དབང་ཕྱུག་སྡེའི་ཚད་མའི་གཞུང་ལས་ཚུལ་དྲུག་ཏུ་འདོད་དགོས་བྱུང་བ་དང་འདྲ་བ། རྣམ་གླིང་པས་འདིའི་མོ་ཡིག་རྗེས་འཇུག་ལ་བཞག་དགོས་བྱུང་བའི་དཀའ་གནད་གང་ལ་ཐུག་པ་དེར་འགལ་སྤོང་དང་གསལ་བཤད་ཚིག་འབྲུ་གཅིག་ཀྱང་གནང་མ་ཕོད་པར་ཁ་ཁར་བཞག་འདུག ཨ་ཡིག་གསལ་བྱེད་ཁོ་ན་དང་དབྱངས་བཞི་ཁོ་ནར་གྲངས་ངེས་པ་སྔ་ས་ནས་ཁས་བླངས་ཟིན་པས། འོ་ན། ཀ་སོགས་ཡི་གེ་རེ་རེ་བ་རྣམས་ཆོས་ཅན། སྒྲས་བརྗོད་པ་མེད་པར་ཐལ། དབྱངས་བཞི་གང་ཡང་མ་ཞུགས་པའི་ཕྱིར། རྟགས་ཁྱབ་ཁས། དེ་ལྟ་ན་དབྱངས་དང་མི་ལྡན་པའི་ཀ་སོགས་རྐྱང་ཡིག་ལ་སྔོན་རྗེས་ཡང་འཇུག མགོ་འདོགས་བརྩེགས་གསུམ་གང་ཞིག་སྦྱར་ནའང་མིང་ཚིག་བརྗོད་པའི་རྣམ་གཞག་འགྲུབ་པར་ཕན་ཐོགས་ཅུང་ཟད་ཀྱང་མེད་པར་ཐལ། དེ་དག་གི་མིང་གཞི་རྣམས་སྒྲས་བརྗོད་པ་མེད་པའི་ཕྱིར། འདོད་ན། ཀ་བ་དང༌། ཁ་བ། ར་བ། རྐང་པ། ལག་པ། སོགས་ཀྱི་མིང་དང༌། བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པ།། ལྟ་བུའི་ཚིག་རྣམས་རེ་རེ་ནས་ཆོས་ཅན། བརྗོད་བྱའི་དོན་བསྟན་རྒྱུ་ཕར་ཟད་སྒྲའི་ང་རོ་ཙམ་ཡང་འབྱིན་པ་མི་ནུས་པར་ཐལ། དེ་དག་ལ་དབྱངས་བཞི་གང་ཡང་མི་ལྡན་པའི་ཕྱིར། འཁོར་གསུམ། རྟགས་མངོན་སུམ་གྱིས་གྲུབ། ཁྱབ་པ། མོ་ཡི་ཡི་གེ་མེད་ན་ནི།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཞེས་པའི་རྩ་ཚིག་གི་དོན་ཁྱོད་ཀྱི་འགྲེལ་པ་ལྟར་འཐད་པའི་ཕྱིར། སི་ཏུ་དགག་བཞག་གི་གཡུལ་ས་འདི་ནས་མཚོན་ཆ་བརླགས་པའི་དཔའ་བོ་བཞིན་ཁུ་སིམ་མེར་ཕྱིར་ཀྱེད་བྱས་འདུག ཁྲིད་རྒྱུན་དང་ལུང་རྒྱུན་གྱི་གྲངས་ཀ་ཕྲེང་བ་དང་སོར་རྩེར་བགྲངས་ནས་ངོམས་པ་ལས། དཀའ་བའི་གནད་ལ་ལུང་རིགས་ཀྱིས་བཅད་བརྡར་ཅུང་ཟད་ཙམ་ཡང་མི་ནུས་པ་ཡིན་ན་ནི་དེར་ཟད་ཅིང༌། གཞན་དུ་བརྟག་ཅིང་ཅུང་ཟད་དཔྱད་ནའང་གནད་འདི་དག་ལ་དོགས་པའི་དཔྱང་ཐག་མི་འཕྱོང་ཀ་མེད་ཡིན་ནོ།། དཀའ་གནད་འདི་དག་སི་ཏུས་གསེས་བཀྲོལ་མ་གནང་བས། དེ་ཉིད་ལ་ཁུངས་སུ་བཅོལ་ནས་སུམ་རྟགས་ཀྱི་འགྲེལ་པ་རྩོམ་མཁན་དངུལ་ཆུ་ཡབ་སྲས་ཀྱིས། མོ་ཡིག་དབྱངས་དང་མི་ལྡན་ན།། ཕོ་ཡིག་གསལ་བྱེད་བརྗོད་མི་ནུས།། དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ།། ཞེས་པའི་དམ་བཅའ་འདི་བཟུང་དགོས་བྱུང་སྣང་ཞིང༌། དམ་བཅའ་འདི་ཉིད་གཞི་ལ་བཞག་ན། འོ་ན། བོད་ལ་གསལ་བྱེད་ཉེར་དགུ་ལས་མེད་པར་ཐལ། ཨ་ཡིག་དབྱངས་ཡིན་པའི་ཕྱིར། ཡང་རྩ་བར། ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།ཞེས་གསུངས་པ་མི་འཐད་པར་ཐལ། དབྱངས་ལྔ་ཡོད་པའི་ཕྱིར། གལ་ཏེ་ཨ་ཡིག་དབྱངས་གསལ་གཉིས་ཀ་ཡིན་ཞེ་ན། དབྱངས་གསལ་གཉིས་མི་འགལ་བ་ཐལ། ཨ་ཡིག་དེའི་ཕྱིར། འདོད་མི་ནུས་ཏེ། གཅིག་ང་རོ་ཙམ་འབྱིན་པའི་སྒྲ་དང༌། ཅིག་ཤོས་གནས་དང་བྱེད་པའི་རྣམ་འགྱུར་ལ་བརྟེན་ནས་སྒྲའི་རྣམ་པ་གསལ་བའི་ཆ་ཤས་ཡིན་པའི་ཕྱིར། ཞེས་པའི་རྩོད་ལན་འདི་དག་རང་བཞིན་གྱིས་འབབ་འོངས་པའི་ཕྱིར། དེ་དག་གི་ལན་འདི་ལྟར་གདབ་འོས་སྙམ་སྟེ། དབྱངས་གསལ་འགལ་ཡང༌། ཨ་ཡིག་ལ་དབྱངས་ཀྱི་ངོ་བོ་དང༌། གསལ་བྱེད་ཀྱི་ངོ་བོ་གཉིས་ཡོད་དེ། དཔེར་ན། ཨ་ཞེས་བརྗོད་ཚེ་སྒྲ་དེའི་ཁོག་ན་རྣམ་པ་མི་གསལ་བའི་ཨ་སྒྲ་ཞིག་ཡོད་པ་དེ་ཉིད་དབྱངས་དང༌། རྣམ་པ་གསལ་བའི་ཨ་སྒྲ་ཉིད་གསལ་བྱེད་ཀྱི་ཨ་སྒྲ་ཡིན་ཏེ། དེས་ཀ་སོགས་ལའང་རིགས་བསྒྲེས་ནས་ཀ་ཞེས་བརྗོད་པའི་གདངས་ཀྱི་ངོ་བོར་ཨ་སྒྲ་ཞིག་རང་བཞིན་གྱིས་འཐོན་པའི་ཕྱིར་རོ།། དེས་ན། ཨ་ཡིག་དབྱངས་ཡིན་པ་དང༌། གསལ་བྱེད་སུམ་ཅུ་ཡོད་པ། ཨ་ཡིག་གསལ་བྱེད་ཀྱི་ཁོངས་སུ་ཡོད་པ། དབྱངས་གསལ་འགལ་བ་ཡིན་པ་རྣམས་ལྷན་ཅིག་ཏུ་ཁས་ལེན་ནའང་གཟུང་མཚམས་འདིས་ཕྱོགས་སྔ་མའི་ཀླན་ཀ་སྤོང་ནུས་པར་སེམས་སོ།། ཀུ་ས་ལི་ཆེན་པོ་ཡབ་སྲས་ཀྱིས་བྱ་བཏང་དབེན་པའི་རི་ཁྲོད་དུ་རྩེ་གཅིག་སྒྲུབ་ལ་གཞོལ་བའི་ཐུན་མཚམས་སུ་གང་ཞིག་ཐུགས་ལ་འཆར་བ་དེ་ལྟར་དེང་སང་རིགས་པས་བརྡར་ཤ་གཅོད་པའི་ནུས་མེད་བྱིས་ཚོགས་ལས་དང་པོ་བ་ཚོར་ཤིན་ཏུ་འོས་ཤིང་འཚམས་པས་དགག་བཞག་གི་སྤྲོས་པ་མི་ཞུ་བར་སྒྲུབ་པའི་ཕྱོགས་སུ་འཆེ་བའི་ལུགས་སུ་བྱས་པ་ལགས་ཏེ། གཞུང་དོན་དངོས་ནི་འོག་ཏུ་འཆད་དོ།། རྗེ་གསེར་ཏོག་པའི་སུམ་འགྲེལ་དུ། མོ་ཡིག་དབྱངས་ལྔ་མ་ཞུགས་པར་ཕོ་ཡིག་གསལ་བྱེད་ཉེར་དགུ་སྒྲས་བརྗོད་པ་མི་ནུས་པའི་དོན་དུ་བཀྲལ་བར་ཡང༌། རིགས་པ་སྔ་མས་གནོད་པ་ལྡོག་ཏུ་མེད་ལ། ལྷག་པར་ད་དུང་ཨ་ཡིག་ཆོས་ཅན། ཁྱོད་ལ་དབྱངས་ཡིག་མ་ཞུགས་ཀྱང་སྒྲའི་བརྗོད་པ་ཡོད་པར་ཐལ། གསལ་བྱེད་ཉེར་དགུ་ལ་དབྱངས་ཡིག་མ་ཞུགས་ན་སྒྲ་ཡིས་བརྗོད་པ་མེད་པའི་ཤུགས་ལས་གོ་བྱ་ཞིག་ཡོད་པའི་ཕྱིར། འདོད་ན་དབྱངས་ཡིག་མ་ཞུགས་པའི་གསལ་བྱེད་ཀྱི་སྒྲ་གདངས་འཐོན་པ་ཡོད་པར་ཐལ། ཨ་དེ་དེའི་ཕྱིར། རྟགས་མ་གྲུབ་ན། ཉིད་ཀྱི་སུམ་འགྲེལ་ཀཱ་ལི་སུམ་ཅུ་ཐམ་པའོ།། ཞེས་པའི་ཐད་ཀྱི་འགྲེལ་བཤད་དང་དངོས་སུ་འགལ། མ་ཁྱབ་ན། དམ་བཅའ་བུད། འཁོར་གསུམ། གཞན་ཡང༌། ཨ་ཡིག་ཆོས་ཅན། དབྱངས་གསལ་གྱི་ཁོངས་ནས་མོ་ཡིག་མ་ཡིན་པར་ཐལ། རྟགས་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉིད་ཀྱི་རྟགས་འགྲེལ་ལས། ཞ་ལུ་སོགས་ལ་ཁུངས་བཅོལ་ནས་ཨ་ཡིག་རྟགས་མེད་དུ་གསལ་བ་གསུངས་འདུག་པའི་ཕྱིར། འཁོར་གསུམ། འདོད་ན་རྟགས་མེད་དང་མོ་ཡིག་གཉིས་ཀ་ཡིན་པར་ཐལ་ལོ།། རིགས་པའི་འགྲོས་ལ་བྱང་པ་ཞིག་གིས་འདི་ལྟར་སྨྲ་ཐབས་མེད་པས། མཁས་པ་ཆེན་པོ་ཐུགས་མཉམ་པར་མ་བཞག་པའི་སྐབས་ཀྱི་བཤད་པ་རང་དུ་ངེས་པར་སེམས་སོ།། འཇམ་མགོན་ས་པཎ་གྱིས། དབྱངས་རྣམས་ནི་ལྔའོ།། གསལ་བྱེད་རྣམས་ནི་ཉེར་དགུ་འོ།། ཞེས་གསུངས་པའི་དོན་ཡང་གང་ལ་དགོངས་ནས་གསུངས་པའི་ཚུལ་ལ་དཔྱོད་འོས་སྙམ། མཁས་པའི་དབང་པོ་བསྟན་དར་པས། ཡིག་བཤད་མཁས་པའི་ཁ་རྒྱན་དུ། ཨ་ཡིག་ཕོ་མོ་མ་ནིང་གང་ཡང་མིན་པར་ཀུན་གྱི་སྲོག་ཡིན་པས་ཕྱོགས་ལྷུང་མེད་པར་གསུངས་པ་དང༌། ཕ་མ་བུ་ཚའི་ཡི་གེ་བཤད་པའི་སྐབས་ཨ་ནི་ཡི་གེ་ཀུན་གྱི་མ་ཡིན་པར་བཤད་པ་དང༌། སྔོན་འཇུག་གཏན་ནས་མི་ཐོབ་པའི་མིང་གཞི་བཤད་སྐབས་ཝ་འ་ཧ་ཨ་བཞི་གསལ་བྱེད་ཀྱི་གྲས་སུ་བགྲངས་པ་དང༌། དབྱངས་ཅན་དགྱེས་གླུའི་དབྱངས་ཨ་ངེས་པའི་སྙན་ཚིག་ལ་བརྟེན་ནས་ཨ་ཡིག་དབྱངས་སུ་བཞེད་པ་སོགས། གང་ལ་གང་འདུལ་དེ་ལ་དེ་བསྟན་གྱི་དཔེ་ལྟར། ཨ་ཡིག་བྱིས་པའི་རྩེད་ཆས་བཞིན་ཡར་གཡུགས་མར་གཡུགས་གནང་གྲངས་མང་དྲགས་པས། རང་ཉིད་ལ་ཚད་མར་འཛིན་མཁན་གསེར་ཏོག་པ་སོགས་ཀྱང་བྱ་སྟངས་བྱེད་སྟངས་མི་ཤེས་པའི་ཚད་དུ་གྱུར་འདུག་པའང་རྩོམ་ཆོས་རྣམས་ལས་ཤེས་ནུས་སོ།། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་ལྷན་ཐབས་ཤན་སྦྱར་རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ་ལས། དབྱངས་ཡིག་ཨི་ལ་སོགས་པ་ཡི།། མོ་ཡི་ཡི་གེ་མེད་པ་ན།། ཀ་སོགས་གསལ་བྱེད་རྐྱང་པ་ཡི།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཞེས་སྐབས་འདིའི་མོ་ཡི་ཡི་གེ་ནི་དབྱངས་ཉིད་དུ་གསལ་བར་གསུངས་ཤིང༌། འདིའི་ཚིག་གི་ངོ་གདོང་ཙམ་ལ་བསམ་ན། ཉིད་ཀྱི་སུམ་འགྲེལ་ཀུན་བཟང་དགོངས་རྒྱན་དུ། དབྱངས་བཞིར་ངེས་པའི་རྒྱུ་མཚན་སུམ་ཅུ་པའི་རྩ་བ་བགྲངས་ནས་ངག་སྒྲོན་ལ་ཟུར་ཟ་དང་བཅས་གཏན་ལ་ཕབ་ཟིན་པས། དེ་ལྟ་ན། ཀ་སོགས་དབྱངས་མེད་ཀྱི་ཡི་གེ་རྣམས་སྒྲས་བརྗོད་པ་མེད་པའི་ཐལ་བ་གོང་དུ་འཕེན་པ་ཀུན་གཅིག་མཚུངས་སུ་སླེབས་པ་ཤེས་ནུས་མོད། འདིའི་དགོངས་དོན་དངོས་ནི། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་ཤན་སྦྱར་མའི་བརྡ་དཀྲོལ་བ་རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བར་བཀོད་པ་འོག་ཏུ་འཆད་པར་བྱའོ།། འོ་ན། གཞུང་འདིའི་དགོངས་པ་འཐད་ལྡན་དངོས་དེ་གང་ཞིག་ཡིན་ཞེ་ན། མོ་ཡིག་དབྱངས་བཞི་མི་ལྡན་ན་ཕོ་ཡིག་གསལ་བྱེད་བརྗོད་མི་ནུས་པ་སྤྱི་ལྡོག་ལ་དགག་སྒྲ་སྦྱར་བ་ཡིན་གྱི། དབྱངས་ཡིག་མ་ཞུགས་ན་ཕོ་ཡིག་གསལ་བྱེད་བརྗོད་དུ་མེད་པས་ཁྱབ་པ་སྟོན་པ་མ་ཡིན་ཏེ། ཀ་སོགས་དབྱངས་ཡིག་དང་མི་ལྡན་པའི་ཡི་གེ་རེ་རེ་བ་རྣམས། རྗེས་འཇུག་ཞུགས་པ་ལ་བརྟེན་ནས་སྒྲའི་བརྗོད་པ་འབྱུང་བའི་ཕྱིར། ཐོན་མིས་རྒྱ་སྐད་ཐོག་མེད་བཞིན་དུ་བོད་སྐད་ལ་རྗེས་འཇུག་གསར་གཏོད་མཛད་པའི་དགོས་པ་གཙོ་བོ་ཞིག་ཀྱང་འདི་ཉིད་ཡིན་ནོ། །དེས་ན་ཀ་སོགས་དབྱངས་མེད་ཀྱི་ཡི་གེ་རྣམས་ལ་རྗེས་འཇུག་གཞན་དགུ་པོ་གང་རུང་མེད་པའི་མཐར་འ་ཡིག་རེ་ཐོབ་སྟེ། དཔེར་ན་ཀ་ལྟ་བུ་ཀློག་པའི་སྐབས་དེའི་སྒྲ་ཟུར་ནས་འ་སྒྲ་ཞིག་རང་བཞིན་གྱིས་ཐོན་འོང་ལ། རྣམ་པ་མི་གསལ་བའི་འ་སྒྲ་དེ་དང་མ་འགྲོགས་པར་ཀ་ཡིག་གཅིག་པུའི་སྒྲའི་གདངས་ཐོན་པ་མེད་པའི་ཕྱིར། གུག་ཀྱེད་བརྩེགས་འདོགས་ཅན་ལ་ཕྱིས་ཀྱི་མཁས་པ་ཚོས་ཡིག་ཚོགས་སྐྱུངས་པའི་ཆེད་འ་མཐའ་སྤངས་པ་ལས་མི་ཐོབ་པ་མིན་ནོ།། དེས་ན། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་ལས། འདིར་དབྱངས་མཚོན་བྱེད་གིག་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་ལ་བྱ་སྟེ། ཨ་ཡིག་ནི་གང་ལ་འདོགས་པའི་གཞི་བརྗོད་དོན་ཙམ་མ་གཏོགས་གསལ་བྱེད་ཡིན་པའི་ཕྱིར། དེས་ན་བོད་ལ་ལེགས་སྦྱར་དབྱངས་སྲོག་ཞུགས་ཀྱི་ཐ་སྙད་མེད་ཅིང་རྗེས་འཇུག་ཞུགས་པས་གོ་ཆོད་པར་མཛད་དེ། སུམ་ཅུ་པ་ལས། རྗེས་འཇུག་བཅུ་པོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་དང༌། འདིར་ཡང་རྗེས་འཇུག་གི་འཇུག་པ་འཆད་པ་ན། རྗེས་འཇུག་ནི་ཡི་གེ་ཐམས་ཅད་ཀྱི་མཇུག་ཏུ་ཁྱད་པར་མེད་པར་འཇུག་པར་གསུངས་པ་དང༌། འཇུག་པ་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས།། ཞེས་གསུངས་པའི་ཕྱིར་རོ།། དེས་ན་རྗེས་འཇུག་གཞན་དགུ་པོ་གང་རུང་མེད་པའི་མཐར་འ་ཡིག་རེ་ངེས་པར་བཞག་པ་སྒྲ་བསྒྱུར་སྔ་མ་རྣམས་ཀྱིས་མཛད་ལ། དཔེར་ན། ཀ་ཞེས་བརྗོད་པའི་ཚེ་རྗེས་འབྲེལ་དུ་འ་ཡིག་མི་གསལ་བའི་ཚུལ་དུ་ཡོད་པའི་ཕྱིར་རོ།། ཞེས་པ་འདི་ལས་ཁ་གསལ་བ་དང་དོན་ཟབ་པ་གཞན་དུ་འཚོལ་དགོས་པ་མི་འདུག་སྟེ། ཞིབ་ཏུ་གཟིགས་དང་སྐབས་འདིའི་མོ་ཡིག་ནི་དབྱངས་བཞི་དང་རྗེས་འཇུག་སྤྱི་དང་བྱེ་བྲག་འ་ཡིག་ཐོབ་པའི་རྒྱུ་མཚན་ཁུངས་ལུང་དང་བཅས་པ་གསལ་བས། པྲ་ཏི་དགེ་བཤེས་དང་སི་ཏུ་པཎ་ཆེན་གཉིས་ཀའི་བཞེད་པ་གཅིག་ཏུ་འདྲེས་པའི་དགོངས་གཏེར་སྔོ་མེར་འཁྱིལ་བའི་ལེགས་བཤད་རྒྱ་མཚོ་དངོས་ཀྱི་གཟུགས་སུ་ཤར་སྣང་བས། རྣམ་དཔྱོད་ཀྱི་གསེར་སྐྱོག་དང་དོ་སྣང་གི་ལག་པ་ཡོད་ན་ཅིས་ཀྱང་བཏུང་བར་མཛོད་ཅིག ཅེས་ཀྱང་བསྐུལ་ལོ།། ཕྱོགས་འདི་ལ་དུས་ཕྱིས་ལྷག་པར་བཀའ་དྲིན་ཆེ་བའི་མཁས་པ་ཆེན་པོ་དམུ་དགེ་བསམ་གཏན་དང་ཚེ་ཏན་ཞབས་དྲུང་གཉིས་ཀ་ཡང་གོང་གི་བཞེད་པ་ཉིད་དང་ཆུ་ལ་ཆུ་བཞག་པ་ལྟར་གསུངས་འདུག་པ་རྣམས་བཀོད་ན་མངས་སུ་དོགས་པས་མ་བྲིས་ལ། ཤེས་པར་འདོད་ན། ཐོན་མིའི་ཞལ་ལུང་དང༌། བློ་གསལ་འཇུག་ངོགས་སོགས་ལ་གཟིགས་པར་མཛོད་ཅིག གསུམ་པ་དགོས་པ་དེ་ཉིད་ལྡོག་ཕྱོགས་ནས་བསྟན་པ་ལ། རྩ་བར། དེ་ལྟར་གྱུར་ན་འཇིག་རྟེན་ན།། དོན་མཚོན་བརྗོད་པ་ཀུན་ཀྱང་མེད།། རིག་བྱེད་སྨྲ་བའང་ཡོད་མི་འགྱུར།། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི།། བསླབ་པ་རྣམས་ཀྱང་མེད་པར་འགྱུར།། གོང་དུ་སྨྲས་པའི་ལྡོག་ཕྱོགས་ཀྱི་འབྲེལ་བ་དེ་ལྟར་གྱུར་ན་འཇིག་རྟེན་ན་ཐ་མལ་པའི་སྐྱེ་བོ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ཀྱི་འཇིག་རྟེན་ཕལ་བ་ལ་ལྟོས་པའི་བླང་དོར་ལེགས་ཉེས་ཀྱི་དོན་མཚོན་པའི་ངག་གི་བརྗོད་པ་ཀུན་ཀྱང་མེད་པར་འགྱུར་ལ། གྲུབ་མཐའ་ལ་ཞུགས་པའི་ཕྱི་རོལ་མུ་སྟེགས་བྱེད་རྣམས་ཀྱིས་རང་རང་གི་ལུགས་ཀྱི་ལྟ་གྲུབ་སྟོན་པའི་གཞུང་དང་རིག་བྱེད་བཞི་ལ་སོགས་པའི་བསྟན་བཅོས་སྨྲ་བའང་ཡོད་པ་མི་འགྱུར་ཞིང༌། སངས་རྒྱས་པའི་ལུགས་ལ་ཞུགས་པ་དག་གི་ཉན་ཐོས་དང༌། རང་རྒྱལ་དང༌། སངས་རྒྱས་ཀྱི་བསླབ་པ་བརྗོད་པའི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀྱི་གཞུང་རྣམས་ཀྱང་མེད་པར་འགྱུར་རོ།། ཞེས་པའོ།། །།
གསུམ་པ་རྩོམ་པ་མཐར་ཕྱིན་པའི་ཚུལ་བཤད་པ།
རྩ་བའི་ས་བཅད་གསུམ་པ་རྩོམ་པ་མཐར་ཕྱིན་པའི་ཚུལ་ལ་གཉིས། རྟགས་ཀྱི་འཇུག་པ་རྩོམ་པའི་དགོས་པ་བསྟན་པ་དང༌། སྨོན་པས་མཇུག་བསྡུ་བའོ།། དང་པོ་ནི། རྩ་བར། ཇི་ལྟར་འཇིག་རྟེན་སེམས་ཅན་དག། ཕུང་པོ་ཁམས་དང་སྐྱེ་མཆེད་དང༌།། གྲུབ་མཐའ་གཞན་ཡང་ཡོད་མོད་ཀྱང༌།། རང་ཉིད་ཀྱིས་ནི་མི་ཤེས་བཞིན།། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས།། སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌།། རང་ཚུལ་དེ་ཉིད་མི་ཤེས་པས།། དོན་ལ་སྦྱོར་བ་ག་ལ་ཤེས།། ཇི་ལྟར་ཏེ་དཔེར་ན་འཇིག་རྟེན་འདིར་རྒྱུད་ལྔས་བསྡུས་པའི་སེམས་ཅན་དག་གིས་རང་རང་གི་རྒྱུད་ལ་བསྡུས་པའི་ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཕྱི་ནང་གི་གྲུབ་མཐའ་མཆོག་དམན་ལ་སོགས་པའི་ཁྱད་པར་མི་འདྲ་བ་དང༌། གཞན་ཡང་ཡུལ་གོམས་གཤིས་ལུགས་དང་གྲུབ་མཐས་མ་བསླད་པའི་ལྷན་སྐྱེས་ཀྱི་སྲོལ་རྒྱུན་སོགས་དོན་གྱི་ཁྱད་པར་གཅིག་ཏུ་མ་ངེས་པ་དུ་མ་ཡོད་མོད་ཀྱང༌། དེ་དང་དེ་དག་འདི་དང་འདིའོ་ཞེས་བརྡ་མ་སྤྲད་པར་ཐོག་མར་རང་ཉིད་ཀྱིས་ནི་མི་ཤེས་པ་བཞིན་ནོ།། དཔེ་དེ་བཞིན་དུ་ཡི་གེའི་འཇུག་ཚུལ་རྣམས་ངག་སྨྲ་བའི་སྐྱེས་བུ་ཀུན་གྱི་ངག་སྒོ་ལ་རང་ཆས་སུ་གནས་པར་གྱུར་ཀྱང༌། དེ་དག་བརྡ་སྦྱོར་མཁན་པོས་དེ་དང་དེ་ནི་འདི་དང་འདིའོ་ཞེས་བརྡ་མ་སྤྲད་པར་ཕན་ཚུན་ངག་གི་སྨྲ་ལུགས་ཀྱི་རང་ཚུལ་དེ་དག་ཇི་ལྟ་བ་བཞིན་དུ་མི་ཤེས་པས། དེས་བསྟན་པའི་བརྗོད་བྱའི་དོན་གྱི་སྦྱོར་བ་རྣམས་ནི་དེ་བས་ཀྱང་ག་ལ་ཤེས་ཏེ་མི་ཤེས་སོ།། ཞེས་པའོ།། གཉིས་པ་སྨོན་པས་མཇུག་བསྡུ་བ་ནི། རྩ་བར། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག། ཞེས་གསུངས། དོན་ནི། རྗོད་བྱེད་ཡི་གེའི་ཚུལ་ལ་མི་མཁས་པས། དེས་བསྟན་པའི་བརྗོད་བྱ་དོན་གྱི་ཚུལ་ལུགས་ཁོང་དུ་ཆུད་པར་མི་ནུས་པའི་རྒྱུ་མཚན་གོང་དུ་བཤད་པ་དེ་དག་གི་ཕྱིར་ན་ཉེས་པ་དེ་དག་ཉིད་ལས་གྲོལ་བའི་སླད། རྒྱ་གར་འཕགས་པའི་ཡུལ་གྱི་རིག་པའི་གནས་སྤྱི་དང་ལྷག་པར་བརྡ་སྤྲོད་གཙུག་ལག་རིག་པ་སྨྲ་བའི་དབང་ཕྱུག་པཎྜི་b-ཆེན་པོ་དག་གི་རྗེས་སུ་འབྲངས་ནས་ཐོན་མི་སཾ་བྷོ་ཊ་བདག་གིས་སྨྲས་པའི་རྟགས་ཀྱི་འཇུག་པ་ཞེས་བྱ་བ་ཡི་གེ་སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་དབྱེ་བ་དང་འཇུག་ཚུལ་རྒྱ་ཆེར་བསྟན་པའི་གཞུང་འདི་ཉིད་ཀྱི་དོན་རྣམས་བོད་གངས་ཅན་པའི་སྐྱེ་བོ་ཀུན་གྱིས་བདེ་བླག་ཏུ་རྟོགས་པར་གྱུར་ཅིག། ཅེས་སྨོན་པས་མཇུག་བསྡུས་པར་བྱས་སོ།།
མཇུག་གི་དོན། གསུམ་པ་མཇུག་གི་དོན་ནི། རྩ་བར། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་ བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ།། ཞེས་གསུངས། དོན་ནི། ཐོན་མི་ཨ་ནུས་མཛད་པའི་བྱཱ་ཀ་ར་ཎ་སྟེ་ལུང་སྟོན་པའི་བསྟན་བཅོས་རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་ལའང་དུ་མ་ཕྱེས་པའི་ལེ་ཚན་གཉིས་པའི་སྐབས་ཏེ་དྲུག་པའོ།། རྩ་ཚིག་འདི་བཞིན་གསེར་ཏོག་སུམ་རྟགས་ཀྱི་དབུར་བཀོད་པའི་སུམ་རྟགས་རྩ་བར་སྣང་ཞིང༌། གསེར་ཏོག་པའི་མཆན་འགྲེལ་ཡང་འདིར་གཞི་བཟུང་ནས་འབྲུ་བསྣན་འདུག་ལ། སྣར་ཐང་དང་པེ་ཅིན། སྡེ་དགེ ཅོ་ནེ་བཅས་ཀྱི་བསྟན་འགྱུར་རིན་པོ་ཆེའི་པར་མ་བཞི་ཀའི་ནང་རྩ་ཚིག་འདི་ཉིད་ཁ་མཐུན་པར་བཞུགས་འདུག་པས། གསེར་ཏོག་པས་འབྲུ་འགྲེལ་བཀྲོལ་སའི་ཁུངས་ཡང་དག་པར་སེམས་སོ།། སུམ་ཅུ་པའི་རྩ་བའི་མཇུག་བྱང་དུ། ལོ་ཆེན་ནམ་མཁའ་བཟང་པོས་སུམ་རྟགས་འགྲེལ་པ་བསྟན་པའི་སྒྲོན་མེ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ།། ཞེས་འབྱུང་བ་དང་འདིའི་མཇུག་བྱང་གཉིས་ལ་དཔག་ན། ཐོན་མིའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀྱི་རྩ་བ་ནི་ཅིས་ཀྱང་ཉུང་ཉུང་ཞིག་ཏུ་མི་སེམས་ཏེ། སུམ་ཅུ་པ་ནི་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་ནང་ཚན་ནས་སྐབས་སམ་ལེའུ་ལྔ་པ་དེ་ཡིན་ན། དེའི་གོང་གི་ལེའུ་བཞི་པོ་བཤད་མི་དགོས་པའི་ཐོག་འོག་ནས་ལེའུ་ག་ཚོད་ཡོད་མེད་སུས་བཤད་ནུས། རྟགས་འཇུག་རྩ་བ་ཡང་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་ནང་ཚན་གྱི་ལེའུ་དྲུག་པ་དེ་ཡིན་ན། སུམ་རྟགས་གཉིས་ཀུན་ཏུ་བཟང་པོའི་བརྡ་སྤྲོད་ཀྱི་ལེའུ་ལྔ་དྲུག་གི་ཁྱད་པར་ཙམ་མིན་པར་སྐབས་དང་པོ་དང་གཉིས་པའི་ཁྱད་པ་ཕྱེས་འདུག་པས་སོ།། བསྟན་འགྱུར་དུ་བཞུགས་པའི་ཚིག་རིས་ལྟར་དོན་ལ་གནས་ན། སུམ་རྟགས་གཉིས་བསྟན་བཅོས་སམ་ནང་ཚན་གྱི་སྐབས་གཅིག་གི་ཁོངས་སུ་བསྡུས་ནས་དེའི་ལེ་ཚན་ལྔ་པ་དང་དྲུག་པ་ཞེས་བྱིངས་གཅིག་ཏུ་འདྲེན་ན་མི་འཚམ་པས། ཀུན་བཟང་དགོངས་རྒྱན་ལས་རྣམ་གླིང་པར་དགག་བཞག་ཇི་ལྟར་གནང་བའང་གནད་ལ་འཁེལ་བ་སེམས་སོ།། སྔ་ཕྱིའི་རྟགས་འགྲེལ་ཀུན་གྱི་ནང་ནས་གྲ་རྒྱས་ཤོས་དང་ཁུངས་བཙན་ཤོས་སུ་བགྲང་ས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཀྱི་དབུར་བཀོད་པའི་རྩ་ཚིག་ཀྱང་གོང་གསལ་དག་དང་མཐུན་མོད། འགྲེལ་ཆེན་རང་གཞུང་ན་རྩ་ཚིག་འདིའི་འགྲེལ་པ་གནང་མི་འདུག་པ་ནི་ཤིན་ཏུ་འང་ཕོངས། བརྡ་སྤྲོད་རིག་པའི་གནས་ལ་མི་འཇིགས་པའི་གདེང་ཐོབ་པའི་སྨྲ་བའི་སེངྒེ་ཆེན་པོ་འགྲན་པའི་ཟླ་དང་བྲལ་བས། འདི་ཉིད་མ་གཟིགས་པ་དང་མ་མཁྱེན་པ་ནི་ག་ལ་ཡིན། གཞུང་དོན་དངོས་ལ་བལྟོས་པའི་དོན་ཆུང་བར་དགོངས་ནས་ཅིས་ཀྱང་མ་བྲིས་པ་ཡིན་འཆི། དེ་ལྟ་ནའང་ཞ་རྣམ་པྲ་གསུམ་གྱི་ལེགས་བཤད་ཉི་ཟླ་འདྲ་བ་དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཚིག་དོན་ཕྲ་མོ་ཚུན་ཆད་ལའང་བརྟགས་ནས་ལྟར་སྣང་དང་ཡང་དག་ཅི་རིགས་པའི་སུན་འབྱིན་གྱི་སྤྲོས་པར་ངལ་བ་ཅུང་ཟད་ཙམ་ཡང་འཛེམ་མི་འདུག་ལ། བརྡ་སྤྲོད་རིག་པའི་གོ་བ་རགས་པ་ཚུན་ཆད་ཀྱང་བླ་ཆེན་གྱི་མཛད་བྲེལ་སྐྱོང་བཞིན་དུ་བློས་བཏང་གནང་མི་འདུག་པས། གཅིག་བྱས་ན་འདིའི་དོན་ལ་ལྷ་དགའ་ཐག་ཆོད་པ་དང༌། འདྲེ་སྡུག་ཐག་ཆོད་པ། མི་མགུ་ཐག་ཆོད་པའི་བཤད་པ་ཞིག་མ་རྙེད་པར་ཞི་བ་མཉམ་ཉིད་ཀྱི་ཀློང་དུ་ཁུ་སིམ་མེར་བཞག་པའང་ཡིན་འཆི་སྙམ། བྲག་དཀར་ཐུགས་སྲས་འཇམ་དཔལ་རོལ་པའི་བློ་གྲོས་ཀྱི་སུམ་འགྲེལ་ཟླ་ཤེལ་སྣང་བའི་དབུར། འགྲེལ་པ་བསྟན་པའི་སྒྲོན་མེ་ལས་འབྱུང་བ་ལྟར་གྱི་སུམ་རྟགས་གཉིས་ཀའི་མཇུག་བྱང་བཀོད་ནས། གཞུང་རང་རང་གི་བབ་ལ་བརྟགས་ན་གཞུང་རང་རྐྱ་བ་ལྟ་བུར་སྣང་བས། བསྟན་བཅོས་བརྒྱད་ཀྱི་ནང་ནས་རེ་རེ་ཡིན་ཟེར་བ་འཐད་དམ་བརྟག་གོ། ཕྱིས་ཕལ་ཆེར་གྱིས་སུམ་ཅུ་པ་དང་པོ་དང༌། རྟགས་འཇུག་ཐ་མ་ཡིན་ཟེར་ཡང༌། སུམ་ཅུ་པ་ལ་མཆོད་བརྗོད་དང༌། རྩོམ་པ་དམ་བཅའ་ཡོད་པ་དང༌། རྟགས་འཇུག་ལ་རྗེས་སུ་བསྔོ་བ་ཡོད་པའི་རྩ་བ་ལ་མཆོད་བརྗོད་སོགས་གཞུང་སྤྱིའི་ཡིན་རྒྱུའི་རང་གིས་དམ་བཅས་པ་ཙམ་ལས་རྒྱུ་མཚན་མ་མཐོང༌། ཞེས་དང༌། རྟགས་འཇུག་ལ་མཆོད་བརྗོད་དང༌། སུམ་ཅུ་པ་ལ་ལེགས་སྨོན་ཡོད་པ་ཡང་མཁས་པ་དུ་མས་རང་ལུགས་སུ་མཛད་དོ།། ཞེས་མཇུག་བྱང་གི་ཚིག་འདི་ཉིད་སུམ་རྟགས་གཉིས་རྩ་བ་དང་ཡན་ལག་གི་བསྟན་བཅོས་མ་ཡིན་པར་རང་རྐྱ་བ་ཡིན་པའི་རྒྱུ་མཚན་ཤེས་བྱེད་དུ་བགྲངས་པ་ཙམ་ལས་གཞན་པྲ་ཏི་དགེ་བཤེས་རིན་པོ་ཆེའི་དགོངས་པ་དང་མཐུན་པར་འགྲེལ་འདུག གསུང་རབ་ནོར་བུའི་གླིང་དུ་བགྲོད་པའི་རྟ།། གངས་ཅན་བརྡ་དོན་རྒྱ་མཚོར་འཇུག་པའི་གྲུ།། གཙུག་ལག་ཤེས་བྱའི་ས་ཁྱོན་བགོམ་པའི་སྟབས།། གངས་ཅན་གཙུག་ལག་རྒྱ་མཚོའི་ནོར་བུ་མཛོད།། གང་ཞིག་རྟོགས་ན་གསུང་རབ་རིན་ཆེན་དོན།། མ་ནོར་མ་འདྲེས་འབྱེད་པའི་བློ་གྲོས་རྩལ།། རྣམ་པར་བརྟས་པའི་ཐོན་མི་ཨ་ནུའི་གཞུང༌།། ལེགས་པར་བསམ་ན་རིན་གྱིས་གཞལ་ནུས་མིན།། ཚིག་ཕྲེང་སྦིར་བ་འཕྱར་པའི་བརྡ་སྤྲོད་པ།། ཐལ་སྐམ་རིགས་པར་ཞེན་པའི་རྟོག་གེ་བ།། གང་དག་ཕྱོགས་རེ་ཙམ་གྱིས་མིག་ལྡང་བ།། དེ་དག་འདི་ཡི་ལྟད་མོ་མཐོང་ནུས་མིན།། གལ་ཏེ་རྣམ་པར་དཔྱོད་པའི་རིགས་ལམ་དང༌།། གཟུ་བོར་གནས་པའི་བློ་དང་ལྡན་གྱུར་ན།། ཟླ་འོད་འཐུང་བའི་མཐའ་ཡས་ཆུ་གཏེར་བཞིན།། ཡིད་ནི་སྤྲོ་དགའི་རླབས་ཀྱིས་གཡོ་བར་ངེས།། ཞེས་ཀྱང་སྨོས་སོ།། དེ་ལྟ་ན་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ཟིན་ཏོ།། །།
འདིར་སྨྲས་པ། གང་ཞིག་རྣ་བའི་ལམ་དུ་ལྷུང་ན་སེམས་ཀྱི་མདོངས་མཐའ་སྒྲ་ལྡན་གྱིས་བསྐུལ་རྨ་བྱ་དགའ་བའི་སྒྲོ་གདུགས་བཞིན།། ཐོས་པ་འཛིན་པའི་ནགས་ཀླུང་ལ་རྩེན་དྲུག་ཅུའི་དབྱངས་ལྡན་དཔྱིད་ཀྱི་ཁུ་བྱུག་ལེགས་བཤད་ཆར་གྱིས་མྱོས་པའི་གདངས།། ལྷང་ལྷང་སྒྲོག་པའི་དཔྱིད་ཀྱི་རྫོགས་ལྡན་འགྲོ་ཁམས་མོས་པའི་འབྱུང་པོ་འཛིན་པར་སྐབས་གསུམ་ཞིང་བཟང་འཕོས་པ་བཞིན།། ལེགས་བྱས་ཚངས་ཆེན་མེས་པོའི་ཞལ་སྔར་ལེགས་བཤད་ཐིག་ལེ་མཆོག་མའི་འཕྲུལ་འདི་དད་པའི་མེ་ཏོག་ཟོལ་གྱིས་བཏེགས།།
གསུང་རབ་དགོངས་འགྲེལ་བཅས་པའི་གཞུང་གི་དོན།། མ་སྒྲིབ་ལག་པའི་རི་མོ་བཞིན་གསལ་བའི།། ངེས་དོན་མཁས་པའི་ཁྱུ་མཆོག་དེ་དག་ནི།། འདི་ལ་རོ་འཛིན་གཡོ་བ་ཤིན་ཏུ་ཉུང༌།།
མདོ་རྒྱུད་གསུང་རབ་གཞུང་བརྒྱ་མ་མཐོང་ཞིང༌།། ཚུལ་གསུམ་རིག་པའི་གོམ་འགྲོས་མ་བྱང་པར།། བྱིས་པ་རྒན་པོའི་བརྟུལ་ཞུགས་འཛིན་པ་འགས།། འདི་དོན་བྱིས་སྒྲུང་བསྒྱུར་བའི་འཚང་ཀ་མང༌།།
གཞི་མེད་གནམ་མཐོངས་སྟོང་པའི་དོ་ར་ན།། ཀུན་རྟོག་ཉི་ཟེར་འགལ་འདུའི་ཆུ་རིས་ཅན།། ཐོས་ཉུང་རི་དྭགས་བསླུ་བའི་གྱ་གྱུ་ཡིས།། དྭངས་མོའི་ཆུ་ལ་བསྡོ་བའི་ཀུ་ཅོ་རིང༌།།
མཁས་རློམ་མགྲིན་བཅུའི་ཁ་ཡི་ཆུ་གཏེར་ཆེ།། ཉེས་བཤད་བ་ཚྭས་རྙོག་པའི་ལྦུ་ཕྲེང་གིས།། དངོས་དོན་རོལ་རྙེད་བསླུས་པའི་ངན་གཡོ་འཕྲུལ།། མ་ཡིན་འདི་ནི་དྲང་སྲོང་དགྱེས་པའི་གཏམ།།
དེ་ཕྱིར་འདི་དོན་རྣམ་པར་དཔྱོད་པའི་འཕྲུལ།། ལངྐའི་གཟུགས་ལ་ཧ་ནུ་མཱན་ཐ་བཞིན།། ཤེས་ནས་འགྲེལ་བའི་དམ་བཅའ་གསུམ་ལྡན་མདའ།། འཕེན་མཁས་སིའ་ཏཱའི་བདག་པོ་ཁོ་བོ་ཙམ།།
དགག་སྒྲུབ་ཁྲི་ལ་འཇམ་དཔལ་གཞོན་ནུ་ཡང༌།། འདར་སྐྱེད་བཅུ་ཕྲག་བཤེས་ཀྱི་ཞལ་ཆབ་ཆུ།། ཧུབ་ཀྱིས་བཏུང་བས་ཛནྷུའི་ཁེངས་པ་ཡང༌།། ཀཱ་ཤིའི་གྲོང་མཐར་ཡིབས་པ་མ་ཡིན་ནམ།།
སུ་ཞིག་གང་ལ་འདི་དག་ཅི་ལྟར་ཞེས།། དོགས་པའི་འཕྱངས་འཕྲུལ་རྒོད་པའི་མཛའ་ན་མོ།། གལ་ཏེ་འདི་ན་སུ་ཞིག་མཆིས་གྱུར་ན།། དེ་ཡི་མཛའ་བཤེས་འདི་ལས་གཞན་ཡོད་མིན།།
རྨོངས་དང་ཕྱོགས་ལྷུང་ཡོལ་བས་མ་སྒྲིབ་པའི།། ཆོས་བཟང་རིགས་པའི་རྣམ་དཔྱོད་མིག་ལྡན་ན།། མ་འདྲེས་རྣམ་པར་བཀྲ་བའི་མེ་ན་ཀཱའི།། འགྱུར་བག་གར་དུ་རྩེན་འདིར་གཟིགས་མོ་མཛོད།།
རྨོངས་པའི་ནགས་ཀླུང་འགྲིམ་པའི་སྤྲེལ་ཚོགས་ཁྱུ།། དམུ་ཐག་སྦྲེལ་ནས་འཛིན་པའི་ཆུ་ཟླ་ཡིས།། རྣམ་དཔྱོད་དཔུང་པས་ཆུ་གཏེར་བསྲུབས་པ་ལས།། བླངས་པའི་ཟླ་བ་དངོས་ལ་འགྲན་བཟོད་མིན།།
ཕྱོགས་ལྷུང་རི་སུལ་ཉུལ་བའི་གྲོང་རོང་ན།། བྲག་ཆའི་སྟོང་སྐད་འཛེར་པ་ལྷ་ཡི་ལུང༌།། རྟོག་བཟོའི་ཡིད་བློས་བསྐྲུན་པའི་བྱིས་པ་འགར།། ལེགས་བཤད་འདི་ཀོ་རྣ་བའི་ཚེར་མ་ཉིད།།
གསུང་རབ་དགོངས་འགྲེལ་བཅས་པའི་གཞུང་དོན་ནོར།། ཐ་སྙད་གཙུག་ལག་རྒྱ་མཚོའི་འཇུག་པ་ཀུན།། གང་ལ་བསྟེན་ན་བདེ་བླག་གྲོལ་བའི་གྲུ།། འདི་ལས་གཉིས་པ་ཤེས་བྱའི་ཡུལ་ལས་འགོངས།།
མཁས་རྒུ་ས་སྐྱོང་བྱེ་བའི་མགོ་སྐྱེས་རྩེར།། ཞབས་སེན་འོད་ཆགས་འབར་བས་མཛེས་བྱེད་པར།། གཙུག་ལག་བསམ་འཕེལ་ནོར་བུའི་པྲོག་ཞུ་ལས།། མཛེས་པའི་རྒྱན་ཆ་གཞན་ཞིག་གང་ན་ཅི།།
དེ་ཕྱིར་མང་དུ་ཐོས་པའི་མཁས་པ་དང༌།། ཐོས་དོན་རྒྱུད་ལ་སྦྲེལ་བའི་བཙུན་པའི་དཔལ།། གྲུབ་པའི་གོ་འཕང་མཐོན་པོར་འཛེགས་འདོད་ན།། རིག་པའི་ཐེམ་སྐས་འདི་ལ་བསྟེན་པར་རིགས།།
ཉེས་བཤད་འབྲོག་དགོན་ནགས་ཀླུང་སྟུག་པོའི་ཚལ།། ཚད་མར་འཛིན་པའི་རི་དྭགས་རྣམ་གཡོ་བ།། དེ་ཀོ་ལེགས་བཤད་ཉག་ཕྲན་འདིས་འབིགས་པའི།། མཚལ་གྱི་མཆོད་སྦྱིན་མཁས་པ་དགྱེས་པའི་སྤྲིན།།
ལུང་རིགས་འཇོ་སྒེག་རབ་དགའི་བཀུར་བསྟི་ཡིས།། ཕང་འགྲོའི་ཟོལ་འཆང་ཀུན་ཏུ་དགའ་བའི་རླབས།། དཔལ་གྱི་དབྱངས་ལྡན་མཁས་རྒུའི་མགྲིན་མཚོ་ན།། རླབས་ཀྱི་རྩེད་འཇོ་པ་ཏྲའི་རི་མོ་རྒོད།།
ཚིག་ལོའི་ལྦུ་བ་འཕྱངས་པ་བ་ཚའི་རྫིང༌།། ཛམྦུའི་པྲི་ཀྵའི་རྒྱན་དུ་རློམ་པ་ཡང༌།། ལེགས་བཤད་རྒྱ་མཚོ་འདིའི་དྲུང་བ་ལང་གི། རྨིས་རྗེས་འཆང་མིན་གཟུ་གནས་མཁས་རྣམས་དཔྱོད།།
ཚུལ་འདི་གསུང་རབ་གཞུང་ལ་སློབ་པ་ཚོའི།། རྣ་བའི་ནགས་ཀླུང་འགྲིམ་པའི་མོད་ཉིད་ལ།། ཡིད་ལ་དགའ་བའི་དཔྱིད་དཔལ་གསར་པའི་མགྲོན།། སྔུན་དུ་བསུ་མཁས་དབྱར་སྐྱེས་མགྲོན་པོ་ཡིན།།
བྷོ་ཊའི་ཆོས་དང་རིག་པའི་སྲི་ཞུའི་ཆེད།། གང་ཞིག་འདི་ན་གླེང་བའི་གཏམ་འདི་ཀོ། གལ་ཏེ་ལེགས་པའི་ཆ་ཤས་ཅུང་མཆིས་ན།། དེ་ཀོ་མཁས་རྒུའི་མཆོད་སྤྲིན་ཉིད་དུ་བསྟར།།
དྲག་པོའི་མིག་གི་མེ་རླབས་མ་མཆེད་ཅིང༌།། སྲིད་སྒྲུབ་རྣོན་པོའི་ཉག་ཕྲན་མ་འཕངས་པར།། གཞན་སྡེ་ལྷག་མར་བཏང་བས་ལུས་མེད་དཔུང༌།། མི་བཟད་ཁྲོས་པས་གདོང་མིག་འཕེན་ཡང་བཟོད།།
སྐྱེས་སྦྱངས་རིག་པའི་རྣམ་དཔྱོད་མཐུ་བརྟས་ཀྱང༌།། ཚུར་རོལ་ཕལ་བའི་ས་ལས་མ་གྲོལ་བས།། གལ་ཏེ་འདི་ལ་ཉེས་པའི་ཆ་འཆིས་ན།། མཁས་རྣམས་ཁྲེལ་བའི་རྒྱུ་རུ་མི་མཛད་འཚལ།།
འདི་ཡི་དགེ་བ་པད་རྩ་དུང་དང་ཀུ་མུད་ལྟར་དཀར་གང་ཞིག་ཆ་བསགས་དབྱིག་གི་འཛིན་མའི་ནུ་འབུར་མངོན་མཐོ་ཀཻ་ལ་ཤ་རིའི་གདེངས་ཀ་ལ།། རྟེན་འབྱུང་སྤྲིན་གྱི་ལ་ཐོད་གཡོ་ལྡན་མཐུན་པའི་རླུང་གཞོན་དལ་བུ་བདས་བཞིན་རི་མོ་གསུམ་པའི་རལ་པའི་ནགས་ཀླུང་སོར་མོའི་འཕྲུལ་གྱིས་བཙིར་བ་ལས།། འཛམ་བུའི་གསེར་ཕྱེ་ཐང་མར་བརྡལ་བཞིན་ཁ་འབབ་རྣམ་བཞི་སྒེག་པའི་ཉམས་འཆང་སྐལ་ལྡན་ཤིང་རྟའི་གདུང་སེལ་དཔལ་གྲུབ་རླབས་ཀྱི་གདུབ་སིལ་འཁྲོལ་བཞིན་དུ།། བྱང་ཆེན་རྒྱ་མཚོའི་ཀློང་དུ་ཐིམ་ནས་བྱེ་བ་ཕྲག་བརྒྱའི་ཞིང་གི་རྡུལ་སྙེད་འཇིག་རྟེན་ཁམས་ན་ཕན་བདེའི་གཙུག་ལག་རླབས་ཀྱིས་རྩེན་པས་དགེ་གྱུར་ཅིག། ཅེས་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ཞེས་བྱ་བ་འདི་ཡང༌། མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་དེང་རབས་ཀྱི་འཛམ་གླིང་མཛེས་པའི་རྒྱན་གཅིག་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པ་དཔལ་བཟང་པོ་མཆོག་གི་དྲུང་ནས། དབུ་ཕར་རྣམ་འགྲེལ་གསུམ་གྱི་དཔེ་ཁྲིད་ཞུས་པའི་སྐལ་བཟང་མངོན་དུ་གྱུར་པའི་སྐབས། མཁས་པའི་དབང་པོ་གང་གིས་གསུང་རབ་ཀྱི་བརྡ་ཆད་དང་བརྡ་སྤྲོད་མཁན་པོ་འགའ་ཞིག་གི་བཤད་པ་གཉིས་ཀྱི་དབར་དོགས་གནད་གང་ཞིག་ཡོད་པ་རྣམས་དཔེ་ཁྲིད་པའི་ཁྲོད་ལ་ཕྲན་ལ་ཡང་ནས་ཡང་དུ་དྲི་རྨེད་གནང་བ་མ་ཟད་བསྙེལ་ཡིག་ཟིན་བྲིས་ཀྱང་དུ་མ་བསྟན་གནང་མཛད་ནས། གསུང་རབ་ཀྱི་བརྡ་དང་མཐུན་ཤོས་ནི་པྲ་ཏི་དགེ་བཤེས་རིན་པོ་ཆེའི་སུམ་རྟགས་རང་དུ་ངེས་ཀྱང༌། ཁོང་གི་སུམ་འགྲེལ་རྒྱས་ཙམ་ལས་རྟགས་འཇུག་ནི་ཤིན་ཏུ་བསྡུས་དྲགས་པས། དེང་སང་འདིའི་དགོངས་དོན་ཤེས་མཁན་ཉུང་བས་ཁྱོད་ཀྱིས་འགྲེལ་པ་ཞིག་རྩོམས་དགོས་ཞེས་བཀའ་ཡི་མེ་ཏོག་གི་ཅོད་པན་སྤྱི་བོའི་རྒྱན་དུ་སྩལ་བ་ལྟར། རབ་རྒྱན་ཤིང་ཁྱི་སྤྱི་ལོ་༡༩༩༤ལོར་མཁས་མང་བློ་གསལ་གླིང་གི་གསུང་རབ་དཔེ་སྐྲུན་ཞུ་དག་དང་སློབ་གཉེར་གྱི་ལས་ཞོར་དུ་དཀའ་གནད་ཕལ་ཆེར་ཐོལ་བྱུང་གིས་ཤར་མར་སྤེལ་ཏེ། དེའི་ཕྱི་ལོར་མོན་གྷོར་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྔོན་འགྲོའི་ཆོས་བཤད་ཀྱི་གྲ་སྒྲིག་ཏུ་དབུ་མ་རིན་ཆེན་ཕྲེང་བ་དཔེ་སྐྲུན་ཞུས་ཆེན་བྱས་པའི་སྐབས། དགེ་རྒན་པའི་གསུང་བཞིན་དེང་སང་ཡོངས་གྲགས་ཀྱི་རྟགས་འཇུག་སྟབས་བདེ་འདི་ཚོ་དང་མི་མཐུན་པའི་བརྡ་ཆད་མང་པོ་ལ་དོ་སྣང་ལྷག་པར་བརྟས་ཤིང༌། སླར་ཡང་དཔེ་རྙིང་གང་རྙེད་ཀྱིས་འཚོལ་ཞིབ་ནན་པོར་བྱས་ནས་ཁ་བསབས་ཀྱིས་སྣོན་འཕྲི་འགའ་བགྱིས་ཏེ། ལེ་ཚན་ཁ་ཤས་ལྡུམ་ར་དུས་དེབ་ཐོག་བཀོད་པར་གདན་སའི་མཁས་པ་མང་པོས་དོ་སྣང་གནང་བ་མ་ཟད་གཅིག་ཏུ་བསྡེབས་ནས་པར་སྐྲུན་བྱས་ན་དགེ་མཚན་ཆེ་ལུགས་ཀྱི་སྐུལ་མ་སྔ་ཕྱི་དུ་མར་བྱུང༌། མེ་ཕག་སྤྱི་ལོ་༢༠༠༦ལོར་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་ཞུ་ན་དགེ་མཚན་ཆེ་བའི་ཞལ་ཏ་གནང་བ་བཞིན་བྲིས་ཟིན་རྣམས་ལ་བསྐྱར་ཞིབ་ཐོག ྋགོང་ས་མཆོག་གི་དགེ་སློང་སྡོམ་རྒྱུན་བླ་བརྒྱུད་ཀྱི་རྣམ་ཐར་རྩོམ་པའི་སྐབས་དང་བསྟུན་ནས་བཀའ་འགྱུར་ཁྲོད་ནས་འདུལ་བ་གླེགས་བམ་བཅུ་བཞི་པོ་བཀླགས་པའི་ནང་ནས་ཀྱང་བརྡ་དོན་དུ་མ་འཚོལ་བསྒྲུགས་བྱས་མོད། བར་ལམ་རྒྱལ་ཁབ་ཕྱི་ནང་གང་སར་འགྲོ་བསྐྱོད་ཀྱིས་དུས་འགྱངས་སོང་བར། སླར་ཡང་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དགེ་འོས་དགེ་རྒན་དུ་གདན་ཞུའི་སྐབས་དང་བསྟུན་ནས་གོང་འོག་གཞུང་འགྲེལ་གསར་འབྲི་དང་སྣོན་འཕྲི་གང་འོས་བྱས་ཏེ། རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་དགེ་བའི་བཤེས་གཉེན་དུ་མའི་བཀའ་དྲིན་ལས་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་རྒྱ་བོད་ཀྱི་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་མོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང༌། ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་གྱི་སྐལ་བས་དབུལ་བ་མདོ་ཁམས་བེ་རི་རྒྱལ་པོའི་བཀའ་འབངས་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་གཅིག་པ་སྟོད་འགྲེལ་ལུགས་ཀྱི་ཐམས་ཅད་འདུལ་ཞེས་བྱ་བ་འབྱུང་བ་གསུམ་ལྡན་མེ་ཕག་ལོ། ཉན་ཐོས་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་བགྲང་བྱ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་འཁོར་བའི་ཐ་སྐར་ཟླ་བའི་དམར་ཕྱོགས་དགའ་བ་གསུམ་པ། སྟོན་པ་ཐུགས་རྗེ་ཅན་ལྷ་ལས་བབ་པའི་དུས་ཆེན། དུས་ཀྱི་འཁོར་ལོའི་ལུགས་ཀྱི་དབྱངས་ཨ། ཏOqzལ་ཆུ་སྲིན། རེས་གཟའ་ཟླ་བ། རྒྱུ་སྐར་གྲེ། སྦྱོར་བ་དབང་པོ། འཕྲོད་རྒྱལ་མཚན། བྱེད་པ་ཏིལ་རྡུང༌། རྟེན་འབྲེལ་རྒ་ཤི ཉི་མ་ཡོས། སྤར་ཁ་གིན། སྨེ་བ་གཉིས་ནག སྟོན་ཐ་རགས་པ་རྒྱུ་སྐར་ནམ་གྲུ། ཞིབ་པ་དབྱུག་པ། འབྱུང་འཕྲོད་མེ་ཆུ། སྤོར་ཐང་ལུགས་ཀྱི་དགུན་འབྲིང་ས་བྱི། ཞག་ཆུ་ཡོས། དུས་ལྕགས་རྟར་སྤྱི་ལོ་ ༢༠༠༧ ཟླ་བ་ ༡༡ ཚེས་ ༥ ཆུ་ཚོད་ ༡༢ ཟམ་གདོང་མ་ཧཱ་པཎྜི་ཏ་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐར་ཉིན་འཛམ་གླིང་གི་གྲོང་ཁྱེར་རྙིང་ཤོས་ཝཱ་རཱ་ཎ་སི་རྣམ་འདྲེན་བཞི་པས་ཆོས་ཀྱི་འཁོར་ལོ་ཐོག་མར་གང་དུ་བསྐོར་བའི་ས་ར་ཎ་ཐ་གནས་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་འདབས་འཕགས་བོད་ཀྱི་མཁས་པ་གསེར་གྱི་རི་བོ་ལྟ་བུ་དུ་མས་ཉེ་བར་མཛེས་པ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་ནང་རོལ་རང་ཤག་ནཻ་རུ་མགྲོན་ཁང་དུ་མཇུག་རྫོགས་པར་བྱས་པ་དགེ་ལེགས་འཕེལ།། །།
ཞུས་དག་པ། ན་ག་སངས་རྒྱས་བསྟན་དར། ཚེ་བརྟན་དབྱངས་སྐྱིད། ཚེ་རིང་ཕུན་ཚོགས། ཇུས་འགོད་པ། དཔེ་སྐྲུན་འགན་ཁུར་བ།
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།
རྩོམ་པ་པོ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བརྩམས། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་སྐྲུན་དང་འགྲེལ་སྤེལ་བྱས། དཔར་སྐྲུན་བྱ་ཡུལ། ལྡི་ལི དེབ་ཚོད། དཔར་ཐེངས་དང་པོ། ཚར་གྲངས། དེབ་རིན། ཧིན་སྒོར། ཨ་སྒོར།