གདན་ས་དཔལ་ཆེན་ཆོས་གླིང་གི་སྒྲིག་ཞུགས་དགེ་འདུན་པ་རྣམས་ཀྱི་སློབ་ཚན་ཀུན་འདུས་ནོར་བུ་བཞུགས་སོ། །

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ།


ན་མོ་གུ་རུ།

རྡོ་རྗེ་འཆང་དབང་བཅོ་ལྡན་ཤཱཀྱའི་རྒྱལ། ། པདྨ་འབྱུང་གནས་རྣལ་འབྱོར་ཏེ་ལོ་སོགས། ། སྐྱབས་ཀུན་འདུས་ཞལ་དཔལ་ལྡན་ཀརྨ་པ། ། རིག་པའི་རྡོ་རྗེའི་ཞབས་སེན་གཙུག་ན་འགོད། །

ས་བཅུའི་དབང་ཕྱུག་ཀུན་བཟང་སྒྱུ་མའི་གར། ། ཡེ་ཤེས་འོད་ཕྲེང་གསལ་བའི་ཉིན་མོར་བྱེད། ། བདེར་གཤེགས་གསང་བའི་མཛོད་ལ་མངའ་མཛད་པ། ། རྒྱལ་ཚབ་རིམ་པར་བྱོན་རྣམས་གཅིག་ཏུ་གུས། །

བློ་ལྡན་ངུར་སྨྲིག་གོས་འཛིན་ཅིང༌། ། བཟང་པོའི་ཚུལ་ལ་གཞོལ་བ་དག ། ཆོས་ཀྱི་རྒྱན་གྱིས་མཛེས་བྱེད་པའི། ། གནས་དུས་མཐུན་པའི་སློབ་ཚན་སྤེལ། །

དེ་ཡང་མཚུར་སྒར་གོང་གི་བྱེས་ཀྱི་གདན་ས་འོག་མིན་དཔལ་ཆེན་ཆོས་འཁོར་གླིང་གི་དགེ་འདུན་འདུས་སྡེ་རྣམས་ཀྱིས་དད་པ་དང་ལྷག་པའི་བསམ་པ་དང་བརྩོན་འགྲུས་དང་ཤེས་རབ་ཀྱི་སྒོ་ནས་ཤེས་པར་བྱ་བའི་སློབ་ཚན་རྣམས་རིམ་པར་སྤེལ་བ་ལ། ཐོག་མར་ལོ་རིམ་དང་འབྲེལ་བའི་གཞི་རིམ་སྦྱང་བྱ་ནི། ཀ་ཁ་ཟླ་བ་གསུམ། དབྱིན་ཇི་ཡང་འདི་ནས་ལོ་རིམ་མཐར་ཆགས་སུ་སྦྱོང་དགོས། ཀ་ཁ་སློབ་སྐབས་ནས་འགོ་བཟུང༌། དབུ་མེད། འཁྱུག་ཡིག །དབུ་ཅན་རྣམས་མཐར་མ་ཕྱིན་བར་སྦྱང༌། འབྲི་བྱ་དང་བློར་བཟུང་བྱ་ནི་ཀ་དཔེ་མུན་སེལ་སྒྲོན་མེ་ཡིན། འབྲུ་འདེད་ལོ་གཅིག་དང་ཟླ་བ་དགུ། ཚེག་འདེད་ལོ་གཅིག་དང་ཟླ་བ་དྲུག །བསྡོམས་འདེད་དང་བརྡ་དག་བྱིས་པའི་ལམ་མཁན་དག་ཟླ་བ་དྲུག་སྟེ་དེ་དག་གིས་ལོ་བཞི་སོང༌། ལོ་ལྔ་པར། དག་ཡིག་སྦྱང༌། རྒྱུད་སྡེ་བློར་འཛིན་དང་འདོན་སྒྲིགས་རྣམས་འགོ་འཛུགས་བྱ། གལ་ཏེ་བློར་འཛིན་གཏན་ནས་མི་ཐུབ་པའི་བློ་དམན་ཡིན་ན་འདོན་སྒྲིགས་ཁོ་ན་སྦྱངས་ཀྱང་ཆོག ། ལོ་དྲུག་པར། ལེགས་བཤད་ལྗོན་དབང་རང་འགྲེལ། དཀའ་གནད་གསལ་མེའི་འགྲེལ་བ་རིག་ལམ་གསེར་ལྡེ་དག་སྦྱང༌། ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་མེ་བློར་བཟུང༌། ལོ་བདུན་པར། སུམ་རྟགས་སི་ཏུའི་ཞལ་ལུང་སྦྱང༌། སུམ་རྟགས་རྩ་བ་བློར་བཟུང༌། ལོ་བརྒྱད་པར། སྙན་ངག་ལེའུ་བར་པའི་དཔེ་རྒྱན་དང་གཟུགས་རྒྱན། ཞལ་ཏ་ལུགས་གཉིས་སྙིང་བཅུད། དྭགས་པོའི་ཆོས་བཞི་རྣམས་སྦྱང༌། ལོ་དགུ་པར། ཁྱད་པར་འཕགས་བསྟོད། རྒྱས་སྲས་ལག་ལེན། ལམ་མཆོག་རིན་ཆེན་ཕྲེང་བ། ཚོགས་གཏོར། ཞལ་ཟས། དཀར་གཏོར། དམར་གཏོར་རྣམས་སྦྱང༌། ལོ་བཅུ་པར། ཀཱ་རི་ཀཱ་ལྔ་བཅུ་པའི་འགྲེལ་བ་ལམ་སྒྲོན། བྱང་ཆུབ་ལམ་སྒྲོན་འགྲེལ་བ་སྙིང་བསྡུས་དག་སྦྱང་བར་བྱའོ། ། ལོ་ཚད་འདི་ནི་བློ་གྲོས་འབྲིང་པོ་ལ་བསམས་པ་ཡིན་ཅིང༌། བློ་གྲོས་རྣོན་པོས་སྦྱང་བྱ་འདི་དག་ལོ་ཡུན་ཐུང་ངུས་སྦྱོང་ཐུབ་ཀྱང་ལེགས་ལ། བློ་གྲོས་རྟུལ་པོས་བསྐྱར་སྦྱོང་བྱ་དགོས་ཐུག་ཀྱང་ཆོག་གོ། ། ཐོག་མར་ཞུགས་མཁན་རྣམས་བོད་ཡིག་གི་ཤེས་ཚད་དང་སྟུན་ཏེ་ལོ་རིམ་དམའ་མཐོར་འཇོག་པ་ལས་མཐའ་གཅིག་ཏུ་ཀ་ཁ་ནས་ཞུགས་དགོས་པ་མིན། གདངས་དང་གར་འཆམས་དག་ནི་སྔོན་སྲོལ་བཞིན་སྐབས་སྟུན་སྦྱང་བར་བྱའོ། ། ལོ་རིམ་རྫོགས་ཐོག་བློ་འཛིན་དང་འདོན་སྒྲིག་ཚར་བ་རྣམས་ཀྱིས་ངེས་པར་སྔོན་འགྲོ་འབུམ་བཞི་གསོག་སྒྲུབ་བྱ་དགོས། འོག་ནས་འབྱུང་བ་རྣམས་ནི་སོ་སོའི་འདོད་མོས་དང་བློ་གྲོས་ལ་ལྟོས་པ་ལས་གོ་རིམ་དང་ལོ་ཚད་མེད་དོ། ། གར་འཆམས་ནི། མགོན་པོའི་གར་འཆམས། གསང་འདུས་ལེའུ་བརྒྱད་མའི་གར་འཆམས། ཟབ་བདུན་ཕུར་པའི་གར་འཆམས་རྣམས་སོ། ། རྒྱུད་སྡེ་བློར་བཟུང་བྱ་ནི། ཀུན་རིག་སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཆེན། འཇིག་རྟེན་དབང་ཕྱུག་གི་ཆོ་ག་རབ་གསལ་ཐར་པའི་ལམ་ཆེན། བདེ་མཆོག་ལྷ་ལྔའི་མངོན་རྟོགས་ཀརྨ་པ་བརྒྱད་པའི་གསུང༌། ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་སངས་རྒྱས་མཉན་པའི་ཞལ་རྒྱུན། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་གསང་ཆེན་མྱུར་ལམ། ཕག་མོ་ལྷ་ལྔའི་མངོན་དཀྱིལ་ཚིགས་བཅད་མའམ་བཾ་བསྐྱེད་མ། མ་ཧཱ་ཀ་ལའི་བརྒྱུད་འདེབས། མགོན་པོའི་སྲུང་འཁོར། མ་ཧཱ་ཀ་ལའི་མངོན་རྟོགས་སྡང་བ་རྣམ་སྲེག་ལས་བཏུས་པ། མཆོས་ཕྲེང་རྒྱས་སྤྲོས། རེ་མནྟ་སོགས་ལྷ་མགྲོན་བསྡུས་པ། རྫིང་བཙན་མ་གཡེལ་མ། ཚེ་རིང་མཆེད་ལྔའི་བསྐང་བ། གདབ་ལས་ཕུར་ཆོག །མགོན་པོའི་རྒྱུན་ཁྱེར་བསྡུས་པ། ཆོས་སྤྱོད་རབ་གསལ་མ་ལས་གལ་ཆེའི་ཉེར་མཁོ་ཁོལ་ཕྱུང༌། ངེས་དོན་བསྟན་པ་རྒྱས་པའི་སྨོན་ལམ་དོན་ཀུན་གྲུབ་པ་རྣམས་སོ། ། རྒྱུད་སྡེའི་འདོན་སྒྲིག་སྦྱང་བྱ་ནི། གོང་གི་རྒྱུད་སྡེ་བློར་བཟུང་བྱ་རྣམས་དང༌། གནས་བརྟན་ཆོ་ག་འཕགས་པ་དགྱེས་པའི་ལམ་འཇུག །མི་ལའི་བླ་སྒྲུབ་ཡེ་ཤེས་དཔལ་འབར། པཀྵིའི་བླ་སྒྲུབ་ཞལ་གཟིགས་མ། བཀའ་བརྒྱུད་མགུར་མཚོ་ངེས་དོན་རྒྱ་མཚོ། དེ་བཞིན་གཤེགས་པ་བདུན་གྱི་ཆོ་ག་ལྷན་ཐབས་ཀྱིས་རྒྱན་པ། མི་འཁྲུགས་པའི་ཆོ་ག་མངོན་དགའི་ཞིང་རྒྱན། དུས་འཁོར་ལྷ་དགུའི་སྒྲུབ་དཀྱིལ། གདན་བཞི་ཡབ་བཀའི་སྒྲུབ་དཀྱིལ། དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས། མ་ཧཱ་མཱ་ཡཱའི་སྒྲུབ་དཀྱིལ། དུད་སོལ་མའི་གཏོར་ཆོག་ཡོངས་འདུས་སྐྱེད་ཚལ། རྟེན་གསུམ་རབ་གནས་རྣམ་དག་དགོངས་གསལ། རྒྱུད་སྡེའི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ། སྨྱུང་ཆོག་ཐུགས་ཆེན་དགོངས་རྒྱན། རྒྱལ་རྒྱམ་ཚེ་འདས་སྒྲིབ་སྦྱོང་ཆོ་ག །སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ། གཅོད་ཚོགས་རིན་ཆེན་ཕྲེང་བ། གཅོད་ཚོགས་ཡོན་ཏན་ཀུན་འབྱུང༌། གཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད། མགོན་པོའི་ས་དང་ཐིག་ཚོན་ཆོ་གའི་ངག་འདོན། མགོན་ཕྲིན་མི་ནུབ་བསྟན་རྒྱལ། བེར་ཅན་དྲག་སྲེག་རྡོ་རྗེའི་མེ་འོབས། བེར་ཅན་དགྲ་ཆོས་མན་ངག་ལག་ལེན། ཕྱག་བཞི་པའི་ཆོ་ག་ཕྲིན་ལས་མཆོག་སྩོལ། ཚེ་རིང་མཆེད་ལྔའི་མཆོད་གཏོར། ལྷ་མོ་དཔལ་གྱི་གཡང་སྐྱོབས། ཤེར་སྙིང་བདུད་བཟློག་རྣམ་ཐར་སྟོབས་བསྐྱེད། སྒར་གསང་ཡིད་བཞིན་དབང་རྒྱལ། བསང་མཆོད་བདུད་རྩི་སྤྲིན་ཕུང༌། གནས་བརྟན་ཕྱག་མཆོད་མདོར་བསྡུས། གནམ་ཆོས་འོད་ཆོག་བདེ་ཆེན་ཞིང་སྒྲུབ། གནམ་ཆོས་སྨན་ཆོག་བཻཌཱུརྱའི་ཆུ་རྒྱུན། དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག །གསང་འདུས་བླ་མའི་ལས་བྱང་ལེའུ་བརྒྱད་པ། ཞིང་སྐྱོང་མཆོད་ཆོག་དཔའ་རོལ། དཀོན་མཆོག་སྤྱི་འདུས་ཕྲིན་ལས་ཀུན་ཁྱབ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ། རཏ་གླིང་ཐུགས་རྗེ་གསང་འདུས། ཚེ་སྒྲུབ་གསང་འདུས་འཆི་མེད་གོ་ཆ། བཻ་རོ་ཙ་ནའི་བླ་བསླུ། པདྨ་བཛྲ་ལས་རིམ་བརྒྱ་རྩ། གྲོ་ལོད་དཔེ་ཚན་བརྒྱད་པ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། མཆོག་གླིང་ཟབ་བདུན་ཕུར་པ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ། ཁྲུས་ཆོག་ཟླ་བའི་བདུད་རྩི། གཏེར་གསར་གྲོ་ལོད་གདུག་པ་ཚར་གཅོད། སྒྲོལ་ཆོག་བཀྲ་ཤིས་ཆར་འབེབས། ཕུར་རབས་མཆོད་པ་འདོད་སྩོལ་རེ་སྐོང༌། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་གསོན་བྱང༌། གཏེར་གསར་ནོར་སྒྲུབ་རིན་ཆེན་བུམ་བཟང༌། ངན་སོང་དོང་སྤྲུགས་གཞན་ཕན་ཤིང་རྟ། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཕྲིན་ལས་དགོས་འདོད་ཀུན་འབྱུང༌། གནམ་ཆོས་སྐེག་ཟློག་རྣམ་དགུའི་ཕྱག་ལེན་གསལ་སྣང༌། ཟླ་བཟང་ཚེ་སྒྲུབ་འཆི་བསླུ། སྨིན་གླིང་རྡོར་སེམས་རྣམ་གྲོལ་ལམ་བཟང༌། གསང་ཐིག་རྡོར་སེམས་ཡེ་ཤེས་བཅུད་ཐིག །གསང་ཐིག་ཕུར་པ་ཕྲིན་ལས་ཤིང་རྟ། གསང་ཐིག་བླ་སྒྲུབ་ཡབ་བཀའ་ཡུམ་བཀའ། ལྟུང་བཤགས་ཆོ་གའི་འདོན་འགྲིགས། བརྟན་བཞུགས་འབུལ་ཐབས་རྣམས་སོ། ། གཏོར་བཟོ་དཀར་རྒྱན་ནི། དྲག་པོའི་ཞལ་ཟས། དབང་པོ་རྣམ་ལྔ། བགེགས་གཏོར། ཆོས་སྐྱོང་སྤྱི་གཏོར། རྟེན་གཏོར་སྙིང་གཟུགས་མ། རྙིང་མའི་དཔལ་གཏོར། ཐུགས་སྒྲུབ་ཞི་དྲག་དཔལ་གཏོར། དཀོན་མཆོག་སྤྱི་གཏོར་རམ་འོད་དཔག་བླ་གཏོར། ཡི་དམ་འདས་གཏོར། ཚེས་བཅུའི་བླ་གཏོར། ཟློག་པའི་གཏོར་ཞལ་རྣམས་དང༌། རྒྱན་ཁྲ་རྒྱས་བསྡུས་རྣམས་ཀྱི་ཚོན་དང་མེ་རིའི་འགྲོ་ཚུལ། དཀར་རྒྱན་མདངས་དང་ཟེའུ་འབྲུ་ནོར་ཕྲེང་སོགས་ཀྱི་འགྲོ་ཚུལ་དག་ཀྱང་སླ་ཆོས་སུ་མ་སོང་བར་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་རྒྱུན་འཁྱོངས་བྱ་དགོས་སོ། ། ཁ་འབུད་སྐོར་ལས་རྒྱ་གླིང་ནི། མཛུབ་འཁྲབ་བདུན་པ་ལ། མཚུར་ཕུའི་གར་གླུ། བན་ཆེན་གར་གླུ། དཔལ་སྤུངས་གར་གླུ། རྫོགས་ཆེན་གར་གླུ། རྒྱ་མཚོ་གླིང༌། རྗེ་བཙུན་ཆོས་གླིང༌། རྫོགས་ཆེན་ཕུད་ལྷག །རྒྱལ་གླུ་ཆོས་ཀྱི་རྒྱལ་མཚན། བདུན་པ་བཀྲ་ཤིས་དཔལ་འབར། ཁམས་ལུགས་བདུན་པ་ལ། ཟངས་མདོག་དཔལ་རི། འགྲོ་དྲུག་ཡར་འདྲེན་སོགས་ལེའུ་ལྔ། རྫོགས་རྒན་མར་གྲགས་པའི་ལེའུ་བཞི་རྣམས་དང༌། མཛུབ་འཁྲབ་དྲུག་པ་ལ། བཛྲ་གུ་རུ། ཐར་པ་གླིང༌། སྟོབས་བཅུ་གླིང༌། གངས་ལ་ཉི་ཤར། ཆོས་སྐུ་སྐྱེ་མེད། ཆོས་སྐུ་འགྱུར་མེད། མཛུབ་བརྡབས། གཟིམ་ཆུང་རྒྱ་གླིང༌། ལྔ་པ་སྦྲང་རྩི། མདོ་ཐར་བཅད་དྲུག །སྒར་ཆེན་ཕུད་ལྷག །བཀྲ་ཤིས་གར་གླུ། རྒྱ་རོལ་རྒྱ་གླིང་རྒྱས་པ་དང༌། བསྡུས་པ་རྣམས་སོ། ། དུང་དཀར་ནི། སུམ་འཇོག་དང་དགུ་འཇོག་རྣམས་སོ། ། གླིང་བུ་ནི། ཕྲེད་གླིང་རྒྱས་པ་དང་བསྡུས་པ། ཤང་རྐྱང་མ་རྣམས་སོ། ། རྐང་གླིང་ནི། བཞི་འབུད། སུམ་འབུད། མ་ར་ཡ། གསོལ་ཀའི་རྐང་གླིང༌། གཏེར་གསར་དྲུག་འབུད་དང་སུམ་འབུད། འགུག་རྐང་རྣམས་སོ། ། དུང་ཆེན་ནི། སྔོན་འགྲོ། གསོལ་ཀའི་མེ་ཏོག །རྣམ་སྲས། བྱ་མིའི་དུང༌། གོ་སྟོབ་པ། རྩག་དྲུག་མ། རྩག་རྡེབ། མཚན་ལྡན་བླ་མ། བསྟན་པའི་རྒྱལ་མཚན་ཞི་བ། བསྟན་པའི་རྒྱལ་མཚན་དྲག་པོ། ཡང་ཡང་མ། ཞི་ཁྲོ་རྣམས་སོ། ། ཐིག་རྡུལ་ཚོན་ནི། རྒྱལ་རྒྱམ་དཀྱིལ་འཁོར། བདེ་མཆོག་དཀྱིལ་འཁོར། ཕག་མོའི་དཀྱིལ་འཁོར། གདན་བཞི་ཡབ་བཀའི་དཀྱིལ་འཁོར། ཟབ་བདུན་ཕུར་པའི་དཀྱིལ་འཁོར། མགོན་པོའི་དཀྱིལ་འཁོར། ལས་བཞིའི་ཐབ་ཐིག་རྣམས་སོ། ། དབྱངས་ནི། མགོན་པོའི་དབྱངས། ཕག་མོའི་དབྱངས། རྒྱལ་རྒྱམ་དབྱངས། བདེ་མཆོག་དབྱངས། གྲོ་ལོད་དབྱངས། ཚེ་སྒྲུབ་གསང་འདུས་དབྱངས། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབྱངས། པདྨ་བཛྲ་དབྱངས། ཀར་གླིང་ཞི་ཁྲོའི་དབྱངས། སྒར་གསང་དབྱངས། ཆོས་སྤྱོད་དབྱངས། ཚེ་བཅུ་ལེའུ་བརྒྱད་དབྱངས། ཞིང་སྐྱོང་དཔའ་རོལ་དབྱངས། ཚེ་རིང་མའི་དབྱངས། གཏེར་གསར་དབྱངས། གཅོད་ཚོགས་ཡོན་ཏན་ཀུན་འབྱུང་དབྱངས་རྣམས་སོ། ། རོལ་མོ་ནི། དབྱངས་དང་འདོན་སྒྲིགས་ཀྱི་སྐབས་སུ་ཆོ་ག་སོ་སོའི་རོལ་མོ་རྣམས་སྔོན་གྱི་ཕྱག་རྒྱུན་བཞིན་ནོར་མེད་ཤེས་པར་བྱའོ། ། གཞུང་རིག་སྦྱང་བྱ་ནི། སྙན་ངག་ལེའུ་བར་པ། སྡོམ་གསུམ་ཉེར་བུམ། སྤྱོད་འཇུག །དྭགས་པོའི་ཐར་རྒྱན། རྒྱུད་བླའི་འགྲེལ་པ་ཕྱིར་མི་ལྡོག་པ་སེངྒེའི་ང་རོ། རྟགས་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་འབྱེད། ནང་དོན་འགྲེལ་པ་ཟབ་དོན་སྣང་བྱེད། རྣམ་ཡེའི་འགྲེལ་པ་རང་བྱུང་དགོངས་རྒྱན། སྙིང་བསྟན་འགྲེལ་པ་རང་བྱུང་དགོངས་གསལ་རྣམས་སོ། ། རྒྱུགས་སྤྲོད་ནི། ཀ་ཁ། འབྲུ་འདེད། ཚིག་འདེད། བསྡོམས་འདེད། ཡི་གེ་འབྲི་བ་རྣམས་སོ་སོའི་དུས་ཚོད་རྫོགས་མཚམས་སུ་སོ་སོའི་དགེ་རྒན་དང་ཆོས་ཁྲིམས་པས་ལེན། གར་འཆམས་རྣམས་སྔོན་སྲོལ་ལྟར་ཡིན། བློ་འཛིན་ནི་རྒྱུད་སྡེ་སོ་སོ་རྫོགས་མཚམས་སུ་ཆོས་ཁྲིམས་པས་ལེན། རྒྱུགས་སྤྲོད་གཞན་དག་གི་དུས་ཚོད་ནི་ལོ་འཇུག་གང་བདེ་ཞིག་ཏུ་བྱ། གཏོར་བཟོ་དཀར་རྒྱན་དང་ཐིག་རྡུལ་ཚོན་རྣམས་རྡོར་སློབ་དང་མཆོད་དཔོན་གྱིས་ལེན། ཁ་འབུད་སྐོར་རྣམས་དབུ་ཆོས་རྡོར་སློབ་ལྷན་ནས་ལེན། འདོན་འགྲིགས་དང་གདངས་དབྱངས་རོལ་མོ་དག་ནི་དབུ་མཛད་རྣམས་ཀྱིས་ལེན། གཞུང་རིག་གི་སྐོར་རྣམས་འབྲི་རྒྱུགས། ངག་རྒྱུགས། བློ་རྒྱུགས་གང་ཡིན་མཁན་དགེ་རྣམས་ཀྱིས་ལེན། རྒྱུགས་འཕྲོད་པ་དག་གི་རྒྱུགས་ཐོར་རྒྱུགས་ལེན་མཁན་དང་ཆོས་ཁྲིམས་པའི་མཚན་རྟགས་འཁོད་དགོས་སོ། ། སྨྲས་པ།

སྔོན་དང་ད་ལྟར་བྱུང་བའི་ཤེས་བྱ་ནི། ། ས་ཆེན་རྡུལ་ལྟར་ཤིན་ཏུ་མཐའ་ཡས་པས། ། ཡུན་ཐུང་གཡེང་རྐྱེན་མང་བའི་མི་ཚེ་འདིར། ། མཐའ་དག་སྦྱངས་པའི་ཁོམ་སྐབས་ཡོད་དམ་ཅི། །

དེ་ཕྱིར་ལན་ཅིག་མི་ཡི་འཇིག་རྟེན་དུ། ། གོམས་པ་སྤོས་པ་ལག་སྟོང་མ་སོང་ཙམ། ། ཉམས་ལེན་གཞུང་རིག་ཐ་སྙད་དུ་མ་ནས། ། མར་གྱི་སྙིང་པོ་ལྟ་བུ་འདི་ཉིད་ཕྱུངས། །

དད་ལྡན་བློ་གསལ་ལང་ཚོ་དར་བའི་ཁྱུ། ། ཉོན་མོངས་འཕེལ་བྱེད་ཀླ་ཀློའི་གཡོ་འཕྲུལ་ལ། ། ཡེངས་པར་མ་བྱེད་ཕན་བདེའི་གཞི་མ་འདིེར། ། རྟག་གུས་བརྩོན་པས་རིངས་པར་ཞུགས་ཤིག་ཀྱེ། །

འདི་བྲིས་དགེ་བ་ཟླ་འོད་གསར་པའི་གཟིས། ། མཐའ་ཡས་འགྲོ་བའི་རྨོངས་མུན་བཅོམ་པའི་ལྷན། ། བདེ་སྐྱིད་དབྱར་གྱི་དཔལ་མོའི་ལང་ཚོ་དང༌། ། ཐར་པའི་དགའ་སྟོན་འཕེལ་བའི་རྒྱན་དུ་ཤོག །

ཅེས་པ་གདན་ས་དཔལ་ཆེན་ཆོས་གླིང་གི་སྒྲིགས་ཞུགས་དགེ་འདུན་པ་རྣམས་ལ་དམིགས་བསལ་སྦྱང་བྱའི་སློབ་ཚན་ཞིག་ཡོད་ན་གང་ཅིའི་ཐད་ནས་དགེ་མཚན་ཆེ་བར་བརྟེན་ཁོ་བོ་རྒྱལ་ཚབ་བཅུ་གཉིས་པ་གྲགས་པ་མི་འགྱུར་གོ་ཆས་སྒྲུབ་དཔོན་བླ་མ་བསྟན་འཛིན་འགྱུར་མེད་སོགས་ཀྱི་ཉམས་མྱོང་ལ་གཞི་བཅོལ་ནས་གཏན་ལ་ཕབས་པའི་ཡི་གེ་པ་ནི་སྐྱོ་བྲག་དགའ་དབང་སྟེ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།