Murimani
== ཁྱབ་བདག་བླ་མ་༧སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གི་མཛད་རྣམ་ཉུང་བསྡུས།
==
དེང་གི་དུས་ན་གངས་རིའི་ལྗོངས་སུ་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་བསྟན་པའི་བཀའ་བབས། བདག་ཅག་གི་འདྲེན་མཆོག་མཚུངས་མེད་མཁས་བཙུན་གྲུབ་པའི་དབང་ཕྱུག ༧རྫོགས་ཆེན་ཁྱབ་བདག་པ་སྐྱབས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནི། ཕྱི་ལོ་༡༩༤༣པ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་མདོ་ཁམས་རྫ་ཆུ་ཁར་སྐུ་འཁྲུངས། དགུང་ལོ་ལྔ་ཡི་སྟེང་རྫོགས་ཆེན་ཀོང་སྤྲུལ་དང་། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་བཅས་ཀྱིས་རྫོགས་ཆེན་མཁན་ཆེན་པདྨ་བཛྲ་རྩལ་གྱི་ཡང་སྲིད་གསུམ་པར་ངོས་བཟུང་ནས་རྫོགས་ཆེན་གདན་སར་མངའ་གསོལ། སྐུ་ན་ཆུང་ངུའི་དུས་རྫ་སྟོད་ལྕང་མའི་མཁན་ཆེན་ཐུབ་དགའ་ཚང་དང་། རྫོགས་ཆེན་མཁན་རྒན་ཨ་བུ་ལྷ་སྒང་བཅས་ཀྱིས་ཐུགས་དགྱེས་པ་ཆེན་པོས་རྗེས་བཟུང་དགོངས་གཏད་མཛད། མཁས་པའི་དབང་པོ་རྫོགས་ཆེན་མཁན་པོ་པདྨ་ཚེ་དབང་ཡོངས་འཛིན་དུ་བཞུགས་པ་ལས་གཞུང་ཆེན་བཅུ་གསུམ་གཙོར་གྱུར་མདོ་སྔགས་རིག་གནས་བཅས་པ་གསན་བཞེས་གནང་བས་སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་ཕྱིན་པའི་ཚད་དུ་གླེང་། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་དྲུག་པ་གྲུབ་དབང་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་རྣམ་གཉིས་ལས་སྔ་འགྱུར་བཀའ་གཏེར་གཙོར་གྱུར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དབང་ལུང་ཕལ་མོ་ཆེ་གསན། ཁྱད་པར་དུ་གདོད་མའི་མགོན་པོ་དང་མི་གཉིས་པ་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གོང་འོག་གི་ཟབ་ཁྲིད་མཐའ་དག་ཆིག་རྫོགས་སུ་གསན། དུས་འགྱུར་ཆེན་མོའི་ཡོ་ལངས་སྐབས་དགུང་ན་གཞོན་ཡང་དམ་པའི་རང་གཤིས་མ་འགྱུར་བ་མཁས་བཙུན་བཟང་པོའི་བདག་ཉིད་དུ་བཞུགས་ཤིང་སྐུ་གསུང་ཐུགས་རྟེན་བཟང་ལ་མང་བ་སྐུ་སྲོག་དང་བསྡོས་ཏེ་ཉར་བསྡུ་མཛད། གངས་རིའི་ལྗོངས་སུ་ཆོས་རིག་གི་མེ་རོ་སླར་གསོའི་དུས་རབས་ཏེ་ཕྱི་ལོ་༡༩༨༡ལོར། ཉེ་རབས་བོད་ཁུལ་གྱི་ཆེས་ཐོག་མའི་རིག་གནས་གླིང་ཀ་སི་ཁྲོན་བོད་ཡིག་སློབ་གྲྭ་རྫོགས་ཆེན་དུ་བཙུགས་པར་མཐུན་འགྱུར་ཕྱག་ལས་རྒྱ་ཆེར་གནང་བ་དང་འབྲེལ། སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་རྫོགས་ཆེན་དགོན་སླར་གསོའི་ཐུགས་ཁུར་ཆེད་བཞེས་མཛད། ཕྱི་ལོ་༡༩༨༨ལོ་ནས་མདོ་ཁམས་ཡུལ་གྱི་ལོ་རྒྱུས་རིང་ཤོས་ཀྱི་བཤད་གྲྭ་སྟེ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོ་བསྐྱར་གསོ་རྒྱ་བསྐྱེད་མཛད་དེ་སྔ་ཕྱིར་སྡེ་སྣོད་འཛིན་པ་སྟོང་ཕྲག་ལྷག་བསྐྱེད་སྲིང་བྱུང་། མདོ་དབུས་ཁམས་གསུམ་གྱི་སྔ་འགྱུར་རྙིང་མའི་དགོན་སྡེ་གཙོ་བོར་གྱུར་པའི་རིས་མེད་ཆོས་སྡེ་མང་པོར་ཞབས་ཀྱིས་བཅགས་ཏེ་སོ་བྱང་སྔགས་གསུམ་གི་སྡོམ་རྒྱུན་དང་དབང་ལུང་མན་ངག་གི་རྒྱུན་སྤེལ་བས། དམ་པ་ཉིད་ཀྱི་ཞལ་སྔ་ནས་སྨད་འདུལ་སྔ་འགྱུར་སྡོམ་བརྒྱུད་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་ཕྲུག་ཁོ་ན་སྟོང་ཕྲག་གཉིས་ལྷག་ཟིན། ཕྱོགས་འདུས་རིས་སུ་མ་ཆད་པའི་ཞལ་སློབ་དག་ལ་སྔ་འགྱུར་བཀའ་གཏེར་གྱི་དབང་ཁྲིད་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་གོང་འོག་གི་སྔོན་འགྲོ་དངོས་གཞི་དང་བཅས་པའི་རྒྱས་ཁྲིད་ནས། རྒྱབ་རྟེན་མཛོད་ཆེན་བདུན་དང་། ཤིང་རྟ་རྣམ་གསུམ། སྙིང་ཐིག་ཡ་བཞི་དང་བཅས་པ་རྒྱ་ཆེ་བ་པཎྡི་ཏའི་ལུགས་སུ་མཁས་པའི་རྩལ་ཐོན་པའི་རྒྱས་ཁྲིད་མཛད་པས་དེང་གི་དུས་ན་གངས་རིའི་ལྗོངས་སུ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་བཀའ་བབས་སུ་དོན་གྱིས་གྲུབ། སྔ་ཕྱིའི་དུས་བར་རྣམས་སུ་སྐུ་མཚམས་བཅད་རྒྱ་ལ་བཞུགས་ཏེ་ཡི་དམ་ལྷའི་བསྙེན་བཟླས་དང་བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་བཞེས་ལ་བཞུགས་པ་སྡོམ་ཚེ་ལོ་ངོ་བཅུ་ལྷག་ལ་ལོངས། མདོར་ན་དམ་པ་འདི་ཉིད་ཀྱི་སྐུ་ཚེ་གང་པོར་མཁས་བཙུན་བཟང་གསུམ་གྱི་དམ་པའི་རྣམ་ཐར་བདག་གིར་བཞེས་ཤིང་། བཤད་སྒྲུབ་ལས་གསུམ་གྱི་མཛད་པ་ཁོ་ནས་གངས་རིའི་ལྗོངས་ཀྱི་ཆོས་རིག་གི་སྒྲོན་མེ་སྦར་བའི་མཛད་རྗེས་ཟླ་མེད་དུ་བསྐྱངས་པར་བརྟེན། གངས་རིའི་མགོན་པོ་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས་ཀྱང་། བཤད་དང་སྒྲུབ་པའི་འོད་སྣང་སྟོང་ཕྲག་གིས། །ལུང་དང་རྟོགས་པའི་རྒྱལ་བསྟན་པ༵དྨ༵འི་ཚལ། །སྐ༵ལ་བཟ༵ང་གདུལ་བྱའི་དཔལ་དུ་བཞད་མཛད་པའི། །བསྟན་འཛིན་ཉིན་བྱེད་དབང་པོར་གསོལ་བ་འདེབས། །སྙིགས་མ་ལྔ་ཡི་ཡང་མཐར་ལྷུང་བ་ཡི། །ཕན་བདེའི་རྩ་ལག་གངས་ལྗོངས་རྒྱལ་བའི་བསྟན། །བཤད་སྒྲུབ་སྙིང་པོས་དབེན་པ་འདིར་དགོངས་ལ། །ཞབས་པད་མི་འགྱུར་རིང་དུ་བརྟན་པར་མཛོད། །ཅེས་དང་། དཔལ་ས་སྐྱ་༧གོང་མ་བདག་ཆེན་རིན་པོ་ཆེའི་ཞལ་ནས་ཀྱང་། རྒྱལ་དབང་པ༵དྨ༵འི་མན་ངག་ཆུ་ཀླུང་ཀུན། །རྣམ་དཔྱོད་ཐུགས་མཚོར་འཁྱིལ་བའི་ཀློང་ཟབ་མོར། །རྒྱལ་བསྟན་ནོར་བུ་གདེངས་ཀའི་རྩེར་འཛིན་པ། །སྐ༵ལ་བཟ༵ང་ཀླུ་ཡི་དབང་པོ་ཞབས་བརྟན་ཤོག །མདོ་རྒྱུད་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བཀའ་བབས་ཕྱག་བཞེས་ཟབ་མོའི་དགོངས་པའི་དོན། །མ་འདྲེས་བརྡ་དོན་འཕྲོད་པའི་གསུང་དབྱངས་ཀྱིས། །གདུལ་བྱའི་བློ་སྒོ་འབྱེད་མཛད་ཞབས་བརྟན་ཤོག །ཅེས་དང་། གཞན་ཡང་གནས་ལྔ་རིག་པའི་པཎ་ཆེན་མཁན་ཆེན་པདྨ་ཚེ་དབང་མཆོག་གི་ཞལ་ནས་ཀྱང་། ཐུ༵བ་བསྟ༵ན་ལུ༵ང་དང་རྟོགས༵་པའི་ཡིད་བཞིན་དབང་། །བཤད་དང་སྒྲུབ་པའི་ལྷ་གོས་རྩེར་མཆོད་ནས། །བསྟ༵ན་པ༵འི་རྒྱ༵ལ་མཚ༵ན་སྲིད་རྩེར་བསྒྲེང་མཛད་པའི། །སྐྱེས་མཆོག་དམ་པ་བསྐལ་བརྒྱར་འཚོ་གཞེས་གསོལ། །སོགས་དོན་གནས་མཁས་པའི་གསུང་གིས་མངོན་པར་བསྟོད་ཅིང་བསྟན་འགྲོའི་དཔལ་དུ་ཞབས་པད་བརྟན་པར་བདེན་ཚིག་གྲུབ་པའི་གསུང་གིས་ནན་བསྐུལ་མཛད། སྤྱིར་རྗེ་འདི་ཉིད་འཕགས་ཆེན་དམ་པའི་སྐྱེས་བུ་སྙིགས་མའི་དུས་འདིར་བསྟན་འགྲོའི་དཔལ་མགོན་དུ་བསམ་བཞིན་བྱོན་པའི་ཚུལ། སྔོན་བྱོན་ཚད་གྲུབ་ཀྱི་དམ་པ་དུ་མའི་སྒྲིབ་མེད་གསལ་བའི་ལུང་བྱང་ལས་མཚན་དང་། གདན་ས། མཛད་འཕྲིན་བཅས་མ་ནོར་གསལ་བར་བསྟན་པ་སྟེ། ཀརྨ་པ་དེ་བཞིན་གཤེགས་པའི་ལུང་བསྟན་གྱི་མགུར་ལས། མདོ་ཁམས་ཟལ་མོ་སྒང་རྒྱུད་དུ༔ ལས་ཅན་སྐྱེས་བུ་སྟོན་ཟླའི་མདོག༔ ཆོས་དབྱིངས་འགྱུར་མེད་གཤིས་ལ་རྫོགས༔ འབྲེལ་ཚད་པདྨ་འོད་དུ་འདྲེན༔ དེ་ལས་མདོ་ཁམས་པདྨའི་ཚལ༔ ས་ལ་སྤྱོད་པའི་གདན་ས་དེར༔ གནས་བརྟན་སྤྲུལ་པ་ངུར་སྨྲིག་འཛིན༔ འབྲེལ་ཚད་དོན་དང་ལྡན་པ་ཡིན༔ ཞེས་དང་། རྡོ་གྲུབ་ཆེན་གྱི་འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་ལས། མདོ་ཁམས་ཡུལ་ནས་པདྨའི་མིང་ཅན་གྱིས༔ ནགས་ཁྲོད་གངས་འདབ་པདྨ་ཐང་ཆེན་དུ༔ སྔར་མེད་གནས་སུ་རྟེན་བཞེངས་འགྲོ་བ་སྐྱོབས༔ ཞེས་དང་། གཡོན་རུ་གཏེར་སྟོན་པདྨ་བདུད་འདུལ་གླིང་བའི་དག་སྣང་ལུང་བསྟན་དྭངས་གསལ་མེ་ལོང་ལས། སྒྲུབ་སྡེ་ཤྲཱི་སེངྷ་ཡི༔ མི་འཇིགས་སེངྒེའི་ཁྲི་མཆོག་ལ༔ གདོང་ལྔ་དབང་པོས་ངར་སྐད་འབྱིན༔ པདྨའི་ཐུགས་སྤྲུལ་པདྨའི་མཚན༔ རྒྱལ་བསྟན་སྤྱི་དང་བྱེ་བྲག་གི༔ དགེ་ལེགས་ཡོན་ཏན་ཉིན་མོར་བྱེད༔ བཤད་སྒྲུབ་བསྟན་པ་སྤེལ་བ་ཡི༔ པད་གཞོན་མང་པོའི་འདབ་སྟོང་འཛུམ༔ ཞེས་དང་། པདྨ་གར་དབང་གླིང་པའི་གནས་ཡུལ་མཁའ་འགྲོའི་བརྡ་གླུ་ལས། གནས་རུ་དམ་ཨོ་རྒྱན་བསམ་གཏན་གླིང༔ དེའི་ཉེ་འཁོར་བསྟན་གཉིས་རྒྱས་པའི་ཚལ༔ རྗེ་གྲུབ་པའི་དབང་ཕྱུག་པདྨའི་མཚན༔ དགོན་དེ་ཡི་རྒྱན་དུ་ཆས་སྲིད་ན༔ བསྟན་གཞི་ཀུན་སྔར་ལས་ལྷག་པར་རྒྱས༔ ཡུལ་དེ་ལ་བདེ་སྐྱིད་ཉི་འོད་གསལ༔ ཞེས་སོགས་བསླུ་མེད་རྡོ་རྗེའི་ལུང་གིས་ལན་གཅིག་མིན་པར་ཡང་ཡང་བསྔགས་པར་མཛད། རྗེ་ཉིད་ཀྱི་ཞལ་གསུང་དྲི་མ་མེད་པའི་ལེགས་བཤད་ཀྱི་ཕུང་པོ་ཕྱི་རབས་བསྟན་པའི་བཙས་སུ་བཞག་པ་ནི། རྫོགས་པ་ཆེན་པོ་ཀོང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་མཚུངས་མེད་བླ་མའི་ཞལ་རྒྱུན། ཀློང་སྙིང་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་གི་ལྗགས་ཁྲིད་སྐལ་བཟང་ཐར་པའི་ལམ་སྟོན། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཀྱི་ཟིན་ཐུན་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་། ཁྲིད་ཡིག་ཡེ་ཤེས་བླ་མའི་རྒྱས་འགྲེལ་བརྒྱུད་གསུམ་བླ་མའི་ཞལ་ཆབ། ཚིག་དོན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་མན་ངག་ནོར་བུའི་བང་མཛོད། མན་ངག་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་གདམས་ཟབ་ནོར་བུའི་གཏེར་མཛོད། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་རྨོངས་མུན་འཇོམ་པའི་སྣང་མཛོད། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་མཛོད། འཇམ་མགོན་མི་ཕམ་རྒྱ་མཚོའི་གསུང་རྫོགས་པ་ཆེན་པོ་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པའི་གནད་འགྲོལ། བླ་སྒྲུབ་རིག་འཛིན་འདུས་པའི་རྣམ་བཤད་རིག་འཛིན་བརྒྱུད་པའི་ཞལ་ལུང་། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོའི་རྣམ་བཤད་རིམ་གཉིས་གསལ་བྱེད། བདེ་བ་ཅན་གི་ཞིང་གི་སྨོན་ལམ་ཚིག་དོན་གོ་སླ་བར་བཀྲལ་བ་ཐར་ལམ་བགྲོད་པའི་ཐེམ་སྐས། བདེ་སྨོན་འགྲེལ་བ་རིན་ཆེན་པདྨ་རཱ་གའི་ཕྲ་ཚོམ། སྙན་རྩོམ་གླེགས་བམ་སྔ་ཕྱི་གཉིས་བཅས་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་ཕུང་པོ་བཞུགས་པ་བཅས་ཐུན་མོང་ཕྱིའི་རྣམ་ཐར་ཉུང་བཏུས་མདོ་ཙམ་སྨྲོས་པ་སྟེ། རྗེ་འདིའི་མཁས་པའི་རྣམ་དཔྱོད། བཙུན་པའི་ཚུགས། གྲུབ་པའི་དགོངས་སྤྱོད། བཟང་པོའི་ཕྲིན་ལས་བཅས་གསང་བ་བསམ་མི་ཁྱབ་པའི་ཡོན་ཏན་མཐའ་དག་ཉུང་ངུའི་ངག་གིས་བརྗོད་པ་རྔོ་མི་ཐོག་པ་སྟེ། ཇི་སྐད་དུ། དཔལ་ལྡན་ཟླ་བས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདི་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །ཞེས་གསུངས་པ་གདམས་པར་བཟུང་བ་དང་། རྒྱ་ཆེ་བའི་མཛད་ཕྲིན་གྱི་ཕུང་པོ་ཡུན་ནས་ཡུན་ཏུ་རྒྱུན་མི་ཆད་པའི་རྟེན་འབྱུང་དུ་རེ་ཞིག་རྩོམ་པ་འཕྲོ་ཅན་དུ་འཇོག་པར་འདོད་ཅེས་སྔ་འགྱུར་རྫོགས་ཆེན་པདྨའི་འོད་སྣང་ཕྲིན་ལས་ཚོགས་པ་ནས་གུས་སྤེལ།