NgawangTharpa.jpg

གེ་བ་ཚང་ངག་དབང་ཐར་པ་ནི། ཕྱི་ལོ་༡༩༨༠ ལོར་ཁམས་སོག་རྫོང་། ཚ་དབྲོག་ཡུལ་ཚོའི་སྲིང་སྟེང་གྲོང་དུ་སྐྱེས། རང་ལོ་༡༢ ནས་སོག་ཙན་དན་དགོན་དུ་ཆོས་ཞུགས་ཀྱིས་ནང་ཆོས་དང་ཐུན་མོང་རིག་གནས་སྐོར་ལ་སློབ་སྦྱོང་དང། ཕྱི་ལོ་༡༩༩༦ ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་རིང་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས།

ཕྱི་ལོ་༢༠༠༠ ལོ་ནས་༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་དང། ཞོར་དུ་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་༢༠ ལྷག་གསར་བཟོ་བྱས་པ་སོགས་གློག་ཀླད་ཀྱི་ཤེས་བྱ་མང་པོར་རྒྱུས་མངའ་ཆེ་བའི་ཆེད་ལས་མི་སྣ་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་༢༠༠༥ ནས་གཞིས་བྱེས་ལྷན་འཛོམས་དྲ་རྒྱའི་འགན་འཛིན་དང༌། རྩོམ་སྒྲིག་གི་འགན་ཁུར། དྷ་ས་བོད་ཀྱི་བརྡ་འཕྲིན་རིག་པའི་(DITG)ཚོགས་ཆུང་གི་ཚོགས་མི་དང༌། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་བྱས། ཕྱི་ལོ་༢༠༠༦ ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང་། བོད་ཀྱི་བང་ཆེན་དྲ་རྒྱའི་དོ་དམ་པ་དང་གསར་འགོད་པ། ཕྱི་ལོ་༢༠༠༧ ནས་ལོ་གཅིག་རིང་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཏེ་ཞོར་དུ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས།

ཕྱི་ལོ་༢༠༠༩ ལོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག་ཆ་འཕྲིན་དང་དྲ་ཚིགས་ཀྱི་ལམ་ནས་བོད་ཡིག་བེད་སྤྱོད་གཏོང་ཐབས་སྐོར་གྱི་ཟབ་སྦྱོང་དང་། དེ་བཞིན་གཞིས་ཆགས་ཁག་ཅིག་ནང་གཞོན་སྐྱེས་རྣམས་ལ་གློག་ཀླད་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ཁ་ཤས་སྤྲད། དེ་བཞིན་བོད་ནང་གི་ཛ་དྲག་གནས་ཚུལ་དག་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་ཀྱིས་རྒྱལ་སྤྱིའི་ཁྱོན་དུ་དྲིལ་བསྒྲགས་རྒྱ་གང་ཆེ་བྱས། ད་ལྟ་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། དྷ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ། དྷ་ས་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་འགན་ཁུར་བཞིན་ཡོད།། མིང་། གེ་བ་ཚང་ངག་དབང་ཐར་པ། སྐྱེས་ཡུལ། ཁམས་སོག་རྫོང། སྡོད་གནས། དྷ་ས། ད་ལྟའི་ལས་གནས། དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ།

"https://bo.wikipedia.org/w/index.php?title=User:Ngawangtharpa&oldid=130577"ལས་སླར་རྙེད་སོང།