བཅུ་དགུ་མཆོད་པའི་སྐོར། རྩོམ་སྒྲིག

༈ བཅུ་དགུ་མཆོད་པ་ཞེས་པ་ནི། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུའི་ཉིན་མོ་ནི་འཇམ་དབྱངས་དང་ཞལ་མི་གཉིས་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དགོངས་རྫོགས་དུས་ཆེན་ཞིག་ཡིན། དེ་ཡང་གྲྭ་ཚང་དུ་པཎ་ཆེན་བདེ་ལེགས་ཉི་མ་སོགས་ཀྱིས་བཅུ་དགུ་མཆོད་པ་འཚོགས་སྲོལ་བཙུགས་པ་ལྟར། རང་རེ་ཁམས་ཚན་དུ་ཡང༌། རྗེ་དྲུང་ཤེས་རབ་དབང་པོས་མ་རྩ་གཏན་འཇོག་གི་བཅུ་དགུ་མཆོད་པ་ཞེས་ཡོངས་སུ་གྲགས་པ་གྲ་རྒྱས་ཕུན་སུམ་ཚོགས་པ་འདི་བཞིན་བཙུག་པར་མཛད། དེ་ནི་ཁམས་ཚན་གྱི་སློབ་གཉེར་བ་རྣམས་འཚོགས་ཏེ་ཚོགས་མཆོད་དང་ཆོས་སྤྱོད་བཅས་གསུང་གི་ཡོད་ལ་ནམ་རྒྱུན་དང་མི་འདྲ་བར་སློབ་གཉེར་བ་རྣམས་སོ་སོ་རང་མོས་ཀྱིས་རྒན་རིམ་བཞིན་ཆོས་སྤྱོད་འདྲ་མིན་གྱི་རྟ་དབྱངས་དབུ་བསྐུལ་གནང་བ་དང༌། རྗེ་བཙུན་པའི་གསོལ་འདེབས་དང་རྣམ་ཐར་རྟ་འདོན་བཅས་དགོན་མོ་ཕྱི་བོའི་བར་འཚོགས་ཏེ་མཐར་གཉེར་པས་རྩིས་རྒྱག་ཀྱང་བྱེད་སྲོལ་མཆིས།

ཤིང་རྟའི་སྲོལ་འབྱེད་དམ་བཅའི་སྐོར། རྩོམ་སྒྲིག

ཤིང་རྟའི་སྲོལ་འབྱེད་ཀྱི་དམ་བཅའ་ཞེས་ཡོངས་སུ་གྲགས་པ་འདི་ནི། སེར་བྱེས་ལྷོ་པ་ཁང་ཚན་གྱི་ཐུན་མོང་མ་ཡིན་པའི་གལ་ཆེའི་དུས་ཆེན་ཞིག་ཡིན། སྔར་བོད་དུ་གྲྭ་ཚང་དགེ་བསྐོས་ནས་རིགས་ཆེ་ཆུང་གི་མི་རྟགས་གྲུབ་མཚམས་སུ་རིགས་ཆེ་ཆུང་བ་རྣམས་ཀྱིས་ལྷོ་པ་ཁང་ཚན་དུ་གྲུབ་དབང་ཀློང་རྡོལ་རིན་པོ་ཆེའི་དམ་ཁྲིར་དམ་བཅའ་བཞུགས་ནས་ཉེ་ལོག་ཁང་ཚན་རྣམས་ཀྱིས་རྟག་གསལ་འབུལ་སྲོལ་ཡོད་པ་དང་། ཁང་ཚན་གཞན་རྣམས་རིགས་ཆེ་ཆུང་གི་དམ་བཅའ་དངོས་གཞིའི་སྐབས་སུ་ལྷོ་པ་ཁང་ཚན་འདི་ཉིད་ཤིང་རྟའི་སྲོལ་འབྱེད་ཀྱི་དམ་བཅའ་ཚུགས་སྲོལ་དུ་མཆིས། དམ་བཅའ་ཚོགས་པའི་ཉིན་དེར་དམ་བཅའ་བ་དེས་རྒན་རིམ་བཞིན་བློ་བསྐྱེད་གནང་བར་ཕེབས་པར་གནང་བ་ཞུས་ནས་དམ་བཅའ་འཚོག་སྲོལ་ཡོད། ཐོག་མར་དབུ་མཛད་ཆེན་མོ་ནས་མཁའ་མཉམ་མ་དང་། རྗེ་བཙུན་ཆོས་རྒྱན་གྱི་བསྟོད་པ། གང་བློ་མ་བཅས་གསུངས་གྲུབ་རྗེས་དམ་བཅའ་བ་བཞུགས་ཁྲིར་འཁོད་མཚམས་སུ་ཁམས་ཚན་གྱི་རྒྱལ་སྲས་བླ་སྤྲུལ་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་རྣམས་ནས་རིམ་བཞིན་གསར་བུའི་བར་རྟགས་གསལ་གཏོང་གནང་མཛད་པ་བཅས་དང་། དམ་བཅའ་བ་དེ་དག་འཛིན་གྲྭ་བསྡུས་ཆེན་བ་ངེས་པ་དང་། དེ་ཡང་གསུང་ལན་ལེགས་པོ་མ་བྱུང་བ་སོགས་ཡིན་ན་འཛིན་གྲྭ་འཕར་རྒྱུར་ཚོད་འཛིན་གནང་སྲོལ་ཡང་མཆིས། འདི་ལོར་ཡང་སྔར་རྒྱུན་བཞིན་ཤིང་རྟའི་སྲོལ་འབྱེད་ཀྱི་དམ་བཅའ་འཚོག་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།

སེར་ལྷོ་ཁང་ཚན་གྱི་དགེ་བཤེས་བློ་བཟང་སེང་གེ་མཆོག་གི་ལོ་རྒྱུས། རྩོམ་སྒྲིག

དགེ་བཤེས་བློ་བཟང་སེང་གེ་ཁོང་ནི་ཕྱི་ལོ་༡༩༦༥ལོར་ཁམས་སོག་རྫོང་རོང་པོ་སྡོམ་པར་ཤོད་བསྟན་དར་ཚང་དུ་སྐུ་འཁྲུངས་ཤིང་། ཆུང་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་རྒྱལ་བའི་བསྟན་པའི་སྒོར་ཞུགས། སྤྱི་ལོ་༡༩༨༧ལོར་རྒྱ་གར་དུ་འབྱོར་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ལྷག་པར་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ཐུགས་འཛིན་གནང་ནས་ལོ་ལྟར་བློ་རྒྱུགས་སྐབས་སུ་གྲྭ་ཚང་རིན་པོ་ཆེ་ནས་གཟེངས་བསྟོད་ཐེངས་མང་ཐོབ་མྱོང་ཡོད་པ་དང་། རྒྱུན་དུ་ཐུགས་ཞི་ཞིང་དུལ་བའི་ངང་ཚོགས་ཆོས་ཚུལ་བཞིན་འགྲིམ་པའི་གྲྭ་རྒྱུན་གཉོམ་ཆུང་ཞིག་ཡིན། ཕྱི་ལོ་༢༠༠༣ལོར་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེར་དགོངས་སྐོར་ཞུས་པའི་ཐོག་བྱ་བྲལ་དུ་བྱོན། སྤྱི་ལོ་༢༠༠༦ལོར་འདུས་མངས་ཀྱི་དབུས་སུ་དགེ་བཤེས་ཀྱི་དམ་འཇོག་གནང་། དེ་ནས་སླར་ཡང་བྱ་བྲལ་དུ་ཕེབས་ནས་ད་བར་སྔ་ཕྱི་བགྲང་བྱ་བཅོ་ལྔ་ཙམ་གྱི་རིང་མདོ་སྔགས་ཀྱི་གཞུང་ལུགས་དག་ལ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་ལས་ལ་ཞོལ་བར་མཛད་ནས་དབེན་པའི་རི་ཁྲོད་དུ་བཞུགས་ཡོད། ཕྱི་ལོ་༢༠༡༧ལོ་ནས་སྙུན་གཞི་བཞེས་ཏེ་རྡ་ས་དང་ལྷོ་ཕྱོགས་སྨན་ཁང་ཁག་ལ་སྨན་བཅོས་རིམ་པར་བྱས་ནས་དྲག་སྐྱེས་ཅུང་ཙམ་བྱུང་ཚེ་སླར་ཡང་རི་ཁྲོད་ཏུ་ཕེབས། ཁོང་གི་སྙུན་གཞི་ནི་བཅོས་ཐབས་མེད་པའི་སྐྲན་ནད་ཡིན་པར་བརྟེན་སླར་ཡང་ཇེ་སྡུག་ཏུ་སོང་ནས་སྨན་ཁང་དུ་ཕྱིན་ཀྱང་མ་ཕན་པར་ཕྱི་ལོ་༢༠༡༨ཟླ་༡༠ཚེས་༡༤ཉིན་སྐུ་ཞི་བར་གཤེགས་ནས་ཉིན་གྲངས་བཅུ་གཉིས་རིང་ངོ་མཚར་བའི་ཐུགས་དམ་ལ་བཞུགས། དེའི་རིང་ཕྱི་ནང་གི་མཁས་པ་རྣམས་ཀྱིས་འཕྲུལ་རིག་གི་ལམ་ནས་བརྟག་དཔྱད་གནང་བ་བཅས་ཁོང་གི་མཛད་པ་ལོ་རྒྱུས་མདོར་བསྡུས་སུ།

སེར་བྱེས་ལྷོ་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་ཉིན་གྲངས་ཉེར་བརྒྱད་རིང་ཐུགས་དམ་ལ་བཞུགས་པའི་སྐོར་ལོ་རྒྱུས་སྙིང་བསྡུས། རྩོམ་སྒྲིག

ཐའེ་ཝན་དོན་ཁང་གི་ཆོས་དགེ་ཟུར་པ་སེར་བྱེས་ལྷོ་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ ཉིན་ཐའེ་ཝན་དུ་དགོངས་པ་རྫོགས་ནས་ཉིན་གྲངས་ ༢༨ རིང་ཐུགས་དམ་ལ་བཞུགས་པའི་ངོ་མཚར་བའི་གནས་ཚུལ་བྱུང་། དེ་ཡང་གོང་ཚེས་ཉིན་དེར་དགོངས་པ་རྫོགས་ནས་ཉིན་གསུམ་པའི་ཐོག་སྐུ་ཕུང་གི་མདོག་དང་དྲི་མ་གང་ཡང་མེད་པ་གནས་པར་བརྟེན་ཐུགས་དམ་ལ་བཞུགས་ཡོད་པར་ཤེས་རྟོགས་བྱུང་དང་། ཐའེ་ཝན་དབྱར་དུས་གནམ་གཤིས་དྲོད་ཚད་ཆེ་བའི་སྐབས་ཡིན་ཡང་སྐུ་ཕུང་གི་ཤ་མདོག་ལ་འགྱུར་བ་མེད་པ་མ་ཟད་དྲི་མ་ཡང་མེད་སྟབས། སྐུ་ཕུང་འཁྲིས་སུ་བཞུགས་མཁན་དང་། སྨན་ཞབས་པ་ཚོས་དེ་སྔོན་གནས་སྟངས་དེ་ལྟ་བུ་མཐོང་མྱོང་རྩ་བ་ནས་མེད་པའི་སྐོར་སོགས་གནས་ཚུལ་ཞིབ་ཕྲ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་སེང་ཞུས་པར། ༼སྣ་ཁུག་ནས་བྱང་སེམས་དཀར་དམར་བབ་རྒྱུ་ཡོད་པ་དང་། སྐུ་ལུས་ཀྱི་མདོག་ལ་འགྱུར་བ་འགྲོ་གི་རེད། འགྱུར་བ་མ་འགྲོ་བར་སྐུ་ཕུང་བཞུགས་འབུལ་མ་བྱེད་༽ཅེས་པའི་བཀའ་ལན་འབྱོར། དགེ་བཤེས་བྱམས་པ་རྒྱ་མཚོའི་སློབ་མ་ཚོས་ཐེ་ཝན་དབུས་ཞིབ་འཇུག་ཁང་ (Academia Sinica) གི་དངོས་ཁམས་རིག་པའི་ཚན་རིག་པར་འབྲེལ་བ་ཞུས་དོན་ལྟར་བརྟག་དཔྱད་གནང་རྒྱུའི་ཞལ་བཞེས་ཐོབ། ཉིན་གྲངས་དགུ་པའི་སྐབས་སུ་ཡང་དེའི་སྐོར་སླར་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་སྙན་སེང་ཞུས་པར། ༼སྐྱོན་ཡོད་པ་མ་རེད། དགོས་པ་རྒྱུ་མཚན་ཡོད་རེད། བསྟན་པ་ལ་ཕན་ཐོགས་ཀྱི་རེད།༽ཅེས་པའི་བཀའ་ལན་འབྱོར། ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ཐེ་ཝན་དབུས་ཞིབ་འཇུག་ཁང་ (Academia Sinica) གི་དངོས་ཁམས་རིག་པའི་ཚན་རིག་པ་དང་ལས་རོགས་བཅས་མི་གྲངས་དྲུག་སྐུ་ཕུང་འཇོག་ཡུལ་དུ་ཕེབས་ནས། ཚན་རིག་འཕྲུལ་ཆས་བརྒྱུད་ནས་སྐུ་ཕུང་ལ་བརྟག་དཔྱད་གནང་ཞིང་། ༢༠༡༨ ལོར་༸གོང་ས་མཆོག་དང་ལྷན་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་སྐབས་བཅར་མྱོང་མཁན་སྐུ་ཞབས་ལིའི་ལགས་ཀྱིས་སྐུ་ཕུང་ལ་གཟིགས་རྗེས་ཧང་སང་སང་གནང་སྟེ་གསུང་དོན། གནས་སྟངས་དེ་༸གོང་ས་མཆོག་གིས་(བགྲོ་གླེང་སྐབས་)གསུང་བ་དང་ཧ་ཅང་གིས་འདྲ་པོ་ཡོད་པ་དང་། དེའི་ཐོག་ཚན་རིག་པས་འགྲེལ་བཤད་གང་ཡང་བརྒྱབ་ཐུབ་ཀྱི་མེད་ཀྱང་། འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་པའི་གྲངས་ཚད་སོགས་བཏོན་ཐུབ་ཀྱི་རེད་གསུང་ནས་ཁོང་ཚོས་དེ་ཉིན་བརྟག་དཔྱད་གནང་བའི་འབྲས་བུར། ཕུང་པོའི་ཁྲག་ནང་གི་རླུང་གི་ནུས་པ་ ༨༦ ཙམ་ཡོད་པ། མི་གསོན་པོར་ ༩༥ ཙམ་ཡོད་སྟབས་ཧ་ཅང་གིས་མི་གསོན་པོའི་གནས་སྟངས་དང་ཐག་ཉེ་པོ་ཡིན་པ། ད་དུང་ཡང་ཕུང་པོའི་ཤ་པགས་ལ་ལྡེམ་ཤུགས་ལྡན་པ་མ་ཟད། ཁང་པའི་ནང་གི་དྲོད་ཚད་དང་ཕུང་པོའི་དྲོད་ཚད་མཉམ་པ། ལུས་པོའི་ནང་ཆ་རུལ་མེད་པ་གསལ་པོ་ཡིན་སྐོར་འགྲེལ་བརྗོད་གནང་། སྐུ་ཕུང་ཐོག་གི་ཕྲ་རབ། ཕུང་པོའི་ཤ་པགས་ལ་སྦྱར་བའི་ཆོས་གོས་བཅས་ཆེ་ཤེལ་འཕྲུལ་ཆས་ཐོག་ནས་ཞིབ་ཅིང་ཕྲ་བའི་བརྟག་དཔྱད་གནང་རྒྱུར་ཡིན་འདུག ། ཕྱི་ཟླ་ ༧ ཚེས་ ༢༨ དང་། ཕྱི་ཟླ་ ༨ ཚེས་ ༡ ཉིན་ཐེ་ཝན་གཙུག་ལག་སློབ་ཆེན་སེམས་ཁམས་རིག་པ་བ་རྣམས་ཀྱིས་དེང་དུས་འཕྲུལ་ཆས་བརྒྱུད་ཀླད་པའི་དབང་རྩར་སྔ་རྗེས་ཐེངས་གཉིས་བརྟག་དཔྱད་གནང་བར། ཀླད་པའི་འཕར་ཚད་འགུལ་ཤུགས་ཡོད་པ་ངོ་སྤྲོད་གནང་ཞིང་། པར་ལེན་དང་འཕྲུལ་ཆས་ཀྱིས་བརྟག་དཔྱད་གནང་བ་ཁག་ལ་མུ་མཐུད་ཞིབ་འཇུག་གནང་གཏན་ཁེལ། དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང་། ནུབ་ཕྱོགས་ཚན་རིག་པར་འབྲེལ་བ་ཞུ་དགོས་པའི་ལམ་སྟོན་ལྟར། བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ནས་གོང་གསལ་ཀླད་པའི་དབང་རྩར་བརྟག་དཔྱད་གནང་མཁན་གྱི་དགེ་ཆེ་ལ་ལམ་སྟོན་དང་། དེ་བཞིན་ཞབས་ཕྱི་བསྟན་འཛིན་ལགས་ནས་ཉིན་རེ་བཞིན་སྐུ་ཕུང་པར་ལེན་དང་སྦྲགས་གནས་སྟངས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ལ་འབྲེལ་བ་ཞུས་ནས་ལམ་སྟོན་ལྟར་གནང་སྒོ་ཁག་དམ་དོན་ཞུས། མཐར་སྐུ་ཕུང་གི་ཤ་མདོག་ལ་ཕྲན་བུའི་གྱུར་བ་ཕྱིན་པ་དང་། དྲི་མ་ཡང་ཅུང་བྱུང་བའི་སྐོར་འབྲེལ་ཡོད་ལ་སྙན་སེང་དང་ལམ་སྟོན་ཞུས་འབྲས། བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདྲ་པར་ལ་གཟིགས་ནས་ཐུགས་དམ་གྲོལ་ཡོད་སྐོར། རྣམ་གྲྭ་དང་རྒྱུད་སྟོད་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་དགོངས་སྐོར་ཞུས་པའི་ལམ་སྟོན་ལྟར། དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཁྱོན་ཉིན་གྲངས་ ༢༨ རྗེས་ཐུགས་དམ་ལས་གྲོལ་ཞིང་། ཕྱི་ཟླ་ ༨ ཚེས་ ༢༡ ཉིན་སྐུ་ཕུང་ཞུགས་འབུལ་ཞུ་གཏན་འཁེལ་ཡོད།


དམ་པ་ཁོང་གི་མཛད་རྣམ་སྙིང་བསྡུས་སུ་ཞུ་ན།

སེར་ལྷོ་དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་ནི་ཕྱི་ལོ་ ༡༩༣༥ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས། དགུང་ལོ་ ༧ གྱི་ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཛིན་བྱེད་སྐབས། བོད་མི་སྐྱ་སེར་དབྱེར་མེད་ཀྱིས་འཐབ་འཛིང་དང་རྒོལ་ལན་སྤྲད་པའི་སྐབས་དེར། དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་འཛིན་བཟུང་བྱས་ཏེ་མི་ལོ་ཧྲིལ་པོ་ ༢༠ རིང་བཙོན་འཇུག་དང་མནར་གཅོད་བྱུང་ཡོད། ཕྱིས་སུ་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས། ཕྱི་ལོ་ ༡༩༧༩ ལོར་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག་གཉིས་སུ་བོད་ཀྱི་གནའ་བོའི་རིག་གནས་ཞིབ་འཇུག་ཚན་པའི་ཁོངས་སུ་བསྐོ་བཞག་བྱས་པ་ལྟར། ལོ་ངོ་ ༡༥ རིང་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༡༢ པའི་ནང་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཞིན། སྐུ་སྒེར་གྱི་བཞུགས་གནས་སུ་ནང་པའི་གཞུང་ཆེན་ཁག་གི་དཀར་ཆག་ཕྱོགས་སྒྲིག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་དགེ་བཅས་གནང་། ཕྱི་ལོ་ ༡༩༩༧ ལོར་༧གོང་ས་མཆོག་ནས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་ཆོས་དགེ་ལ་བསྐོ་བཞག་གནང་བ་ལྟར། ཐའེ་ཝན་དད་ལྡན་མང་ཚོགས་དང་སློབ་མ་སྟོང་ཕྲག་མང་པོར་འཆད་ཉན་གནང་ཞིང་། དམ་པ་ཁོང་གི་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་ཆེད་དུ་བྱ་བའི་གདུལ་བྱ་སྟོང་ཕྲག་མང་པོ་ལ་ཆོས་འཁོར་བསྐོར་ཞིང་མཛད་པ་བསྐྱངས། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ ཉིན་ཐའེ་ཝན་དུ་དགུང་གྲངས་ ༨༥ ཐོག་དགོངས་པ་རྫོགས་པ་བཅས་དམ་པ་ཁོང་གི་མཛད་རྣམ་སྙིང་བསྡུས་སུ། སེར་བྱེས་ལྷོ་པ་ཁང་ཚན་ནས་ ༢༠༢༠ ཟླ་ ༨ ཚེས་ ༡༩ ལ།

ཀློང་རྡོལ་དུས་མཆོད་ཀྱི་སྐོར། རྩོམ་སྒྲིག

༈ གྲུབ་དབང་ཀློང་རྡོལ་རིན་པོ་ཆེའི་དུས་མཆོད་ནི། བོད་ཟླ་བཞི་པའི་ཚེས་གསུམ་ཉིན་འཚོགས་སྲོལ་ཡོད་ལ། དེ་ཡང༌། ཀློང་རྡོལ་རིན་པོ་ཆེ་ལྷོ་ཁ་ས་ཁུལ་དུ་བྱ་བྲལ་བྱོན་དུས་དད་ལྡན་རྣམས་ནས་ཕུལ་བའི་དངུལ་ཆས་དང་དངུལ་ཊམ་རྣམས་ཕྱོགས་བསྡུས་ཀྱིས་མ་རྩ་གཏན་འཇོག་དང་འབྲེལ་སྐྱབས་ཐོ་བྲིས་མཛད་དེ་བོད་ཟླ་བཞི་པའི་ཚེས་གསུམ་ཉིན་ཚོམས་ཇ་སྟར་ཆགས་གཏོང་དགོས་ཀྱི་བཀའ་གནང་བ་ལྟར་ད་ལྟའི་བར་མ་ཆད་པར་ཚོགས་བཞིན་པ་ཡིན། བཀྲ་ཤིས་པའི་ཉིན་མོ་འདིར་ཀློང་རྡོལ་རིན་པོ་ཆེ་ཚོམས་ཇར་ཕེབས་རྒྱུའི་ཞལ་བཞེས་ཡོད་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་རྩི་སྲོལ་མཆིས། དེ་ཉིན་རྒན་གཞོན་ཚང་མ་ཚོམས་ཇར་ཕེབས་ཏེ་ཁམས་ཚན་ཐུན་མོང་མ་ཡིན་པའི་རྟ་དབྱངས་དང་བཅས་བླ་མ་མཆོད་པའི་ཚོགས་འཁོར་ལྷོད་དལ་གྱི་ངང་གཏོང་བར་མཛད་ཅིང༌། སྔར་ཁང་ཚན་གྱི་ར་སྐོར་ནང་དུ་འཚོགས་སྲོལ་ཡོད་པ་བཞིན་དམ་ཁྲིའི་སྟེང་ཁྲི་ཆས་གསར་སྒྲོན་གྱིས་ཀློང་རྡོལ་སྐུ་བརྙན་བཞུགས་སུ་གསོལ་བ་དང་། དེང་གི་ཆར་ཡང་འདུ་ཁང་དབུས་སུ་ཀློང་རྡོལ་བཞུགས་ཁྲི་གསར་རྒྱག་གིས་ཀློང་རྡོལ་རིན་པོ་ཆེའི་སྐུ་འདྲ་བྱིན་ཅན་དང༌། ཀློང་རྡོལ་སྒྲོལ་མ་བཅས་བཀུར་བསྟི་ཆེན་པོའི་ངང་གདན་དྲངས་ནས་བཞུགས་སུ་གསོལ་བ་དང༌། ཚོགས་མང་ནས་རིམ་གྱིས་མཇལ་ཁ་ཞུ་ནས་ཚེ་རབས་རྗེས་འཛིན་གྱི་སྨོན་ལམ་གང་ཤེས་རྒྱག་སྲོལ་མཆིས་པ་བཅས་ཡིན།

སེར་བྱེས་མཁས་སྙན་གྲྭ་ཚང་གི་ཡ་གྱལ་སྐྱེས་བུ་དམ་པའི་འབྱུང་ཁུངས་ལྷོ་པ་ཁམས་ཚན་གྱི་ལོ་རྒྱུས་མདོར་བསྡུས། རྩོམ་སྒྲིག

༈ དེ་ཡང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཡ་གྱལ་ལྷོ་པ་ཁམས་ཚན་འདི་ཉིད་ཀྱི་ཆགས་རབས་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ལ། ཁམས་ཚན་འདི་སྤྱི་ལོ་དུས་རབས་ག་དུས་བྱུང་བ་ནི། བྱམས་ཆེན་ཆོས་རྗེས་ས་ཕག་སྤྱི་ལོ་༡༤༡༩ལོར་ཐེག་ཆེན་གླིང་ཕྱག་བཏབ་ནས་ལྕགས་གླང་སྤྱི་ལོ་༡༤༢༡ལོར་རྒྱ་ནག་ཏུ་ཕེབས་སྐབས་དངོས་སློབ་བསྟན་པ་དར་བཟང་འཆད་ཉན་པ་བསྐོས། རྗེ་དར་བཟང་བས་སྨད་བྱང་སེམས་ཤེས་རབ་བཟང་པོ་ཟུར་ཆོས་པ་བསྐོས་གནང་མཛད་པ་བཞིན་སྨད་ཤེས་རབ་བཟང་པོས་སེ་རྭར་མདོ་སྔགས་ཀྱི་འཆད་ཉན་མཐའ་ཡས་པ་མཛད་ཚུལ་རྗེ་འདི་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་ཕྱིས་སུ་ཀུན་མཁྱེན་པའི་སློབ་མར་གྱུར་པ་ལྷོ་པ་འཇམ་དཔལ་གྲགས་པ་དང༌། ལྷོ་པ་ཆོས་འབྱོར་སོགས་གྲྭ་རྒྱུན་མང་དུ་འདུས་འདུག དེར་བརྟེན་སྤྱི་ལོ་༡༤༢༡ནས་༡༤༢༤བར་ཁམས་ཚན་འདི་ཆགས་ཡོད་པར་མངོན། ཁམས་ཚན་ཆགས་སའི་ས་ཆ་འདི་སེ་རའི་ས་ཡི་ལྟེ་བ་ཡིན་ཚུལ་གསུང་རྒྱུན་འདུག་པས་གོང་གསལ་ལྟར་སེ་ར་ཆགས་ནས་ལོ་གསུམ་བཞིའི་རྗེས་ཙམ་ནས་ཆགས་པ་ཡིན་ཞེས་བཤད་ཐུབ། ཕྱག་འདེབས་པ་པོ་ནི། རང་གཞུང་ནས་གདན་ས་སོ་སོའི་གྲྭ་ཚང་དང༌། ཁམས་ཚན་བཅས་ཀྱི་ལོ་རྒྱུས་ས་བོན་འཚོལ་བསྡུ་གནང་བའི་སྐབས་མཁན་ཟུར་རིན་པོ་ཆེ་བློ་བཟང་དོན་ཡོད་མཆོག་ནས་ཁམས་ཚན་གྱི་ལོ་རྒྱུས་བྲིས་པའི་ནང་ཕྱག་འདེབས་པ་པོ་རྗེ་དྲུང་ཤེས་རབ་དབང་པོ་ཡིན་ཚུལ་གསུངས་ཡོད་ལ། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོས་གནང་བའི་ཁམས་ཚན་གྱི་བཅའ་ཡིག་ནང་དུ་ཡང་དེ་མཚུངས་འཁོད་ཡོད་ཅེས་པའི་གསུང་རྒྱུན་ཡང་མཆིས། དེར་མ་ཟད་ཁམས་ཚན་རང་གི་ཚོགས་གཏམ་གཞུང་དུ་ཡང༌། རྗེ་དྲུང་ཤེས་རབ་དབང་པོས་ཕྱག་བཏབ་ནས་བཟུང་དུས་ད་ལྟའི་བར་དུ་ཞེས་གསུང་སྲོལ་ཡོད་པ་བཅས་ལ་བརྟེན། ཕྱག་འདེབས་པ་པོ་གཙོ་བོ་རྗེ་དྲུང་ཤེས་རབ་དབང་པོ་ཡིན་པར་ཡོངས་སུ་གྲགས་སོ། ། འོན་ཀྱང་གོང་གསལ་ལྟར་དེའི་སྔོན་ལྷོ་པའི་གྲྭ་ཁང་དང༌། ལྷོ་པའི་མཁས་པ་ཡང་མང་པོ་བྱུང་ཚུལ་ཡིག་རིགས་ནང་གསལ་བས་གྲ་རྒྱས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི། རྗེ་ཤེར་དབང་གི་དུས་བྱུང་བ་ཡིན་ནམ་སྙམ། གང་ལྟར་ལོ་རྒྱུས་ལ་མཁས་པ་ཚོས་ཞིབ་དཔྱད་ནན་གཏན་བྱེད་དགོས་སོ། ། དགའ་ལྡན་ཁྲི་པ་དང་ཤར་བྱང་ཆོས་རྗེ་ཕེབས་ཡོད་མེད་ནི། རྒན་པ་འགའ་ཞིག་གི་གསུང་བརྒྱུན་དུ་ཁྲི་པར་ཕེབས་པའི་ལོ་རྒྱུས་འདུག་ཀྱང་ལོ་རྒྱུས་ཡིག་རིགས་ཁ་གསལ་མ་མཇལ་བས་བཀོད་ཚོད་མ་ཟིན། མཁན་པོ་བྱུང་ཡོད་མེད་ལོ་རྒྱུས་ནི། སྔོན་དུས་སུ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྲྭ་ཚང་དང་རྒྱུད་སྟོད་གཉིས་ཀྱི་མཁན་པོ་ཕེབས་ནས་མཐར་ཤར་རྩེ་ཆོས་རྗེའི་བར་ཕེབས་གནང་མཛད། དེའི་སྐབས་ལྷོ་སྒོམ་མ་བྱེ་བས་ཀློང་རྡོལ་རིན་པོ་ཆེས་ལྷོ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་ཞེས་གསུངས། སྒོམ་སྡེ་ཞེས་པ་ལུང་པའི་མིང་ཡིན། བར་དུ་མཁན་པོ་འགའ་ཤས་བྱུང་ཡོད་ཀྱང་མཚན་མ་ངེས་པས་འབྲི་ཐབས་བྲལ། དཔེར་ན། ད་ལྟ་མཁན་སྤྲུལ་རིན་ཆེའི་གོང་མ་ལྟོ་འགོ་ཚང་ཞེས་པའི་མི་ཚང་ནས་མཁན་པོ་ཞིག་བྱུང་འདུག་ཀྱང་མཚན་མ་ངེས་པས་ངོས་ཟིན་དཀའ་བ་ལྟ་བུ། ཕྱིས་སུ་བྱོན་པ་ལྷོ་པ་མཁན་པོ་བློ་བཟང་དོན་ཡོད་ལགས་ཀྱི་རྣམ་ཐར་རོབ་ཙམ་ཟུར་དུ་གསལ། རྒྱལ་དབང་བཅུ་གཅིག་པའི་མཚན་ཞབས་ཐོ་ཐོ་ཟེར་བ་ཞིག་ཀྱང་བྱུང་འདུག བླ་སྤྲུལ་མཚན་སྙན་ཆེ་རིགས་ཇི་ལྟར་བྱུང་བ་ནི། རྭ་སྒྲེང་སྐུ་ཕྲེང་རྣམས་མ་གཏོགས་གྲྭ་ཚང་འདི་ནས་ཐོན་པའི་བླ་སྤྲུལ་མཚན་སྙན་ཆེ་ཞིང་སྐུ་ཕྲེང་སོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྐྱེ་སྤྲུལ་ཕལ་མོ་ཆེ་ཁམས་ཚན་འདི་ནས་ཐོན་པའི་ལོ་རྒྱུས་སྔོན་ཡོད་ཆོས་འབྱུང་ཁག་དང་ལྷག་པར་རྫོང་རྩེ་རིན་པོ་ཆེའི་སེ་རྭའི་ཆོས་འབྱུང་ནང་གསལ་བར་བཀོད་གནང་མཛད་འདུག་པ་ནི། འཕགས་པ་ལྷ། ཞི་བ་ལྷ། བྱམས་མགོན། མཁར་རྡོ། ལྕགས་རྭ། དཀོན་རྡོར། སྐྱིད་ཤོད་ཞབས་དྲུང༌། སླེ་ལུང་ཞབས་དྲུང་སོགས་ཀྱི་སྐྱེ་ཕྲེང་རིམ་བྱོན་བཅས་ཀྱི་རྣམ་ཐར་ལོ་རྒྱུས་ནི་གྲྭ་ཚང་རིན་པོ་ཆེའི་ཆོས་འབྱུང་གི་བརྗོད་གཞི་བླ་ན་མེད་པ་ཞིག་ཡིན་པ་ནི་ལོ་རྒྱུས་ཉམས་ཞིབ་པ་ཞིག་གིས་བལྟས་ན་མངོན་སུམ་དུ་མཐོང་ཐུབ། མཁས་པ་མཚན་ཅན་ཇི་ཕེབས་ནི། ཐོག་མར་ཀུན་མཁྱེན་པས་གྲྭ་ཚང་བཙུགས་སྐབས་དངོས་སློབ་གཙོ་བོ་ལྷོ་པ་འཇམ་དཔལ་གྲགས་པ་དང༌། ལྷོ་པ་ཆོས་འབྱོར་གཉིས་བྱོན་འདུག་པ་འདི་གཉིས་ཀྱིས་ཀུན་མཁྱེན་པས་སློབ་སྟོན་གནང་བ་ལྟར་ གྲྭ་ཚང་འདིར་ཆོས་སྲིད་ཐུགས་ཁུར་ཆེ་བཞེས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་རྒྱུན་རིང་མཛད་ཅིང༌། དེ་སྐབས་ཁོང་རྣམ་གཉིས་གྲྭ་ཚང་རྀན་པོ་ཆེའི་ཆོས་འཆད་ཉན་གྱི་གཙོ་འགན་བཞེས་མཁན་ཡིན་པ་ནི་བྱེས་གྲྭ་ཚང་དང་འབྲེལ་བའི་ལོ་རྒྱུས་ཕལ་ཆེར་མཁས་པ་འདི་གཉིས་ཀྱི་མཚན་གསལ་ཞིང་ཁོང་གཉིས་ཕྱིས་སུ་ཆབ་མདོར་ཕེབས་པ་ན་གྲྭ་ཚང་གི་འཆད་ཉན་ལ་བར་སྟོང་བྱུང་བར་གསུངས་འདུག་པ་འདིས་ཤེས་ཐུབ། འཁྲུངས་ཡུལ་ནི་སྨད་ཤེར་བཟང་གི་འཁྲུངས་ཡུལ་དང་ཐག་ཉེ་བ་ཞིག་ཏུ་འཁྲུངས་པར་མངོན་ཞིང༌། འཇམ་གྲགས་ཆབ་མདོ་གླིང་སྟོད་ཀྱི་སློབ་དཔོན་དང༌། ཆོས་འབྱོར་གྱིས་གླིང་སྨད་པའི་སློབ་དཔོན་མཛད་ནས་ཀུན་མཁྱེན་པའི་ཡིག་ཆ་རྣམས་ལ་འཆད་ཉན་ཡུན་རིང་མཛད། དེ་ནས་བླ་མ་རྗེ་བཙུན་པས་འཆད་ཉན་མཛད་སྐབས་ལྷོ་པ་རྗེ་དྲུང་ཤེས་རབ་དབང་པོ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་བཅས་ཡིན། རྗེ་དྲུང་ཤེས་རབ་དབང་པོ་ནི་མཁས་པའི་དབང་པོ་ཞིག་ཏེ་རྗེ་བཙུན་པའི་གསུང་སྒྲོས་རྣམས་ཟིན་བྲིས་བཀོད་པའི་དབུ་ཕར་དྲང་ངེས་སོགས་མང་པོ་ཡོད་ཀྱང་ད་ཆ་དབུ་མ་དགོངས་པ་ཡང་གསལ་ཙམ་ལས་མཇལ་ཐབས་བྲལ། རྣམ་ཐར་རྒྱས་པ་ནི་དཔེ་རྙིང་རིན་བྲལ་ཞིག་ཡོད་པས་དེར་ལེགས་པར་གཟིགས་ན་གསལ། རྗེ་ནམ་མཁའ་རྒྱལ་མཚན་ནི་སྒོམ་སྡེ་ཁམས་ཚན་ནས་ཕུལ་བའི་ཡིག་ཆའི་ནང་གསལ་བ་ཡོད།།