Jigmeberi
དགའ་བསུ་ཞུ! Welcome!
ཀ་ཡེ། Jigmeberi་ལགས། ཁྱེད་རང་ལྦེ་ཁེ་བོད་ཡིག་མ་རུ་ཕེབས་པར་welcome་དང་ཁྱེད་ཀྱིས་བཞག་པའི་བྱས་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ངའི་རེ་བར་ཁྱེད་རང་གནས་འདི་ལ་དགའ་ཞེན་དང་རྒྱུན་དུ་ཕེབས་པར་ཞུ། གཤམ་དུ་གསལ་བ་ནི་གསར་ཞུགས་མཁན་དག་ལ་ཉེ་བར་མཁོ་བའི་སྦྲེལ་མཐུད་ཡིན།
- The five pillars of Wikipedia
- How to edit a page
- Help pages
- Tutorial
- How to write a great article
- Manual of Style
ཁྱེད་ཀྱིས་འདི་རུ་རྩོམ་སྒྲིག་མཛད་པར་སྤྲོ་པོ་ཡོང་རྒྱུ་དང་ལྦེ་ཁེ་བ་ཞིག་བྱ་རྒྱུ་ནི་ངའི་རེ་བ་ཡིན། དེ་བས་གླེང་མོལ་ཤོག་ངོས་ཀྱི་སྟེང་དུ་མིང་ཐོ་བཀོད་འདོད་ན་རླབས་རིས་བཞིའི་(~~~~)རྟགས་བཀོལ་ན་ཁྱེད་ཀྱི་མིང་དང་ཟླ་ཚེས་རང་འགུལ་གྱིས་སྦྱར་ཡོང་། གལ་ཏེ་ཁྱེད་ལ་རོགས་རམ་དགོས་ན་ en:Wikipedia:Where to ask a questionརུ་ཕེབས་ནས་དྲི་བ་འདོན་ཆོག་པ་ལས་གཞན་ངའི་གླེང་མོལ་ཤོག་ངོས་སུ་ང་ལ་དྲི་བ་འདོན་པའམ་ཡང་ན་{{helpme}}
རང་གི་གླེང་མོལ་ཤོག་ངོས་སུ་བཞག་ན་ཅུང་མི་འགོར་བར་མི་གཞན་ཞིག་གིས་ཁྱེད་ལ་ལན་འདེབས་ངེས། ཁྱེད་རང་ཕེབས་པར་ཡང་བསྐྱར་དུ་དགའ་བསུ་ཞུ།--Viskonsas (talk) ༡༦:༣༥, ༢༦ ཟླ་བཅུ་གཅིག་པ། ༢༠༡༤ (UTC)
པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །
རྩོམ་པ་པོ། ཀློང་ཆེན་པ་དྲི་མེད་འོད་ཟེར།
མཆན་འགྲེལ་འདེབས་མཁན་བེ་རི་འཇིགས་མེད།
ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་བསྟན་བཅོས་ལོ་རིམ་གསུམ་པའི་སློབ་མ་ཚོས་གློག་ཀླད་དུ་འཇུག།
མཆོད་བརྗོད་དང་གླེང་གཞི། རྒྱ་གར་སྐད་དུ། པོ་ཏ་ལ་ཨཱ་ན་ནྟཔཱ་རི། བོད་སྐད་དུ། པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། གང་སྐུ་མཆོག་ཏུ་དཀར་ཞིང་འཛུམ་པའི་མཚན་དཔེས་མཛེས་པའི་རི་བོང་འཛིན། ། ཀུན་མཁྱེན་རི་དྭགས་གཟུགས་བརྙན་གྱིས་བཀྲ་ཕྲིན་ལས་འོད་དཀར་ཕྲེང་བ་ཅན། ། མ་ལུས་འགྲོ་རྒྱུད་སྐྱེ་བོའི་མཁར་ཁྱབ་གདུལ་བྱའི་སྙིང་མུན་སེལ་བའི་ལྷ། ། གོོ་རཱི་རིན་ཆེན་མཚན་མོའི་མིག་ནི་དེ་རིང་བདག་བློའི་ཀུནྡ་སྐྱོངས། ། ལྡན་པའི་གཟུགས་རྒྱན་དང་ཤིས་བརྗོད་འདྲེས་པའི་རྒྱན།) ཡིད་འོང་པདྨི་སྟེང་ན་འཛུམ་པའི་སྐུ། ། འགྱིང་བཅས་ཀུནྡལྟར་དཀར་འོད་སྟོང་འཕྲོ། ། ལྷ་ཡི་ལྷར་གྱུར་མགོན་པོ་སྤྱན་རས་གཟིགས། ། ཡོན་ཏན་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་ལོ། ། དཔེ་རྒྱན་དང་འདྲེས་པའི་ཤིས་བརྗོད་ཀྱི་རྒྱན།) དོན་ཟབ་རྒྱ་མཚོའི་གླིང་ནས་ལེགས་འཁྲུངས་ཤིང་། ། སྙན་ཚིག་མེ་ཏོག་མདངས་བཀྲ་འཕགས་པའི་རི། ། མཐོང་ཐོས་དྲན་པས་བདེ་བ་སྟེར་བའི་གནས། ། ཤར་རིའི་རྒྱལ་པོ་གྲུ་འཛིན་བསྔགས་པར་བགྱི། ། གཟུགས་རྒྱན་དང་ཤིས་བརྗོད་འདྲེས་པའི་རྒྱན།) དེ་ཡང་འདི་ལྟར་གངས་རིའི་རྒྱུད། ཆུ་བོ་ལོ་ཧི་ཏ་དལ་གྱིས་འབབ་པའི་འགྲམ། རང་བྱུང་གི་བདེ་བར་གཤེགས་པའི་བཞུགས་གནས། སྔོན་གྱི་སེམས་དཔའ་ཆེན་པོ་དག་གིས་བཞེངས་པའི་གཙུག་ལག་ཁང་དང་། སྐྱེ་ཤིང་སྟུག་པོའི་ཕྲེང་བས་བསྐོར་བའི་གྲོང་དག་སྐྱེ་བོ་མང་པོས་གང་ཞིང་། འདོད་རྒུའི་ཚོགས་ཀྱིས་མངོན་པར་འབྱོར་བའི་ཡུལ་འཁོར་བཟང་པོ་དཔལ་གྱི་བསམ་ཡས་ཞེས་བྱ་བ་ཡོད་དེ། ལྷུན་པོའི་ལྷོ་ཕྱོགས གངས་རིའི་རྭ་བའི་རྒྱུད། །
སྔོན་གྱི་སེམས་དཔའ་དུ་མ་བྱོན་པའི་གནས། ། སྐྱེ་བོས་གང་བའི་གྲོང་དང་གཙུག་ལག་ཁང་། །
རང་བྱུང་ཐུབ་དབང་རྒྱལ་པོའི་མགོན་དང་བཅས། ། རིགས་གསལ་བྱེད་ཀྱི་རྒྱན།) དེ་དང་ལྷོ་ཕྱོགས་སུ་ཧ་ཅང་ཡང་མི་རིང་བ་ཞིག་ན། རྩྭ་ལྗང་སེར་གྱི་མྱུ་གུས་ཁྱབ་པའི་ས་ཕྱོགས་སྐྱེ་ཤིང་སྣ་ཚོགས་ཀྱི་ལྗོན་པས་བསྐོར་ཞིང་མེ་ཏོག་གི་ཚལ་ན་བུང་བ་སྙན་པར་སྒྲོགས་པའི་གཞིར་ཡིད་དུ་འོང་བའི་ཆུ་པདྨི་དྲྭ་བས་ཁེབས་པར། ངུར་བ་མང་པོས་གླུ་ལེན་ཅིང་ཁྲུང་ཁྲུང་བདེ་བར་རྒྱུ་བའི་རྫིང་བུ་ཤིན་ཏུ་ཉམས་དགའ་བ་ཞིག་ན། ངང་པའི་རྒྱལ་པོ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། མང་དུ་ཐོས་པ་རྒྱ་མཚོའི་ཆུསབརླན་པར་བྱས་པ་ཞིག་ཀྱང་འདུག་པར་གྱུར་ཏོ། །
ལྷག་བསམ་རྫིང་བུའི་ནང་ན་གནས་པའི་བྱ། ། ཐོས་པའི་ལུས་བཟང་བརྩོན་པའི་འདབ་གཤོག་ཅན། ། དོན་བཟང་བདུད་རྩིའི་བཏུང་བ་རབ་འཐུངས་ནས། ། ཉམས་དང་རྟོགས་པའི་དར་དིར་སྒྲ་འབྱིན་མཛེས། ། ལྡན་པའི་གཟུགས་རྒྱན།)
(1) ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་བསྐྱོད་པའི་རྒྱུ་མཚན། དེའི་ཚེ་གྲོང་དང་གཙུག་ལག་ཁང་རྣམས་ནི་སྡིག་སྤྱོད་དག་གིས་གང་སྟེ་ཆོས་བཞིན་དུ་སྤྱོད་པ་རྣམས་ལ་འཚེ་ཞིང་། རབ་ཏུ་བྱུང་བ་དག་ཀྱང་ཐོས་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དོན་དུ་མི་གཉེར་ཞིང་འདོད་ཡོན་གྱི་རྫིང་བུར་འབབ་ལ། ཁྱིམ་པ་རྣམས་ཀྱང་ངོ་ཚ་དང་གནའ་བོའི་གཞུང་ལུགས་བཟང་པོ་དག་ལས་ཉམས་ཏེ། དཀོན་མཆོག་དང་ཕ་མ་མི་མཆོད་ཅིང་ངན་གཡོའི་རྣམ་པར་སྤྱོད་པས་གནས་པ་མཐོང་ནས། སྐྱེ་བོ་དམ་པ་རྣམས་ཀྱི་ཡིད་ཀྱང་མངོན་པར་སྐྱོ་ཞིང་། ཚུལ་བཞིན་དུ་སྤྱོད་པ་ཁག་གཅིག་སྨྲེ་སྔགས་འབྱིན་པ་ནི། ཀྱེ་མ་དེང་སང་ཕྱོགས་འདིར་ནི། ། གནའ་དུས་བཟང་པོའི་ཉི་མ་ནུབ། །
ད་དུས་ངན་པའི་ཟླ་ཤར་བས། ། དམ་པའི་པདྨ་ཟུམ་པ་དང་། ། མཉམ་དུ་སྡིག་སྤྱོད་ཀུནྡརྒྱས། ། བདུད་སྡེའི་མུན་པས་ཁེབས་པ་བཞིན། ། རབ་སྤེལ་རྒྱན།) རིན་ཆེན་ལྗོན་ཤིང་སྦྲུལ་དུག་དག་གིས་དཀྲིས། ། སྐྱེ་བོ་དམ་པའི་མཚོ་བསིལ་རྫིང་བུ་བསྐམས། ། བསྟན་པའི་ཉིན་བྱེད་ནུབ་རིའི་རྩེར་ལྷུང་ཞིང་། །
ལེགས་ལྡན་འགྲོ་བའི་མིག་ཀྱང་ལྡོངས་ལ་ལྟོས། ། གཟུགས་རྒྱན།)
ཞེས་པའི་གཏམ་གླེང་བ་རྫིང་བུར་ཐོས་ཏེ། ངང་པའི་རྒྱལ་པོ་དེ་ཡང་ཡིད་སྐྱོ་བར་གྱུར་པ་དང་། ནམ་ཞིག་གི་ཚེ་རི་བོ་གངས་ཅན་ནས་འོངས་བའི་ལྷའི་བུ་ཁ་ཅིག་ཆུ་འཛིན་དུལ་བ་སྣ་ཚོགས་ཀྱི་ཤིང་རྟར་ཞུགས་ཏེ། སིལ་སྙན་འཁྲོལ་ཞིང་གླུ་གར་བྱེད་བཞིན་པས་སྤོས་ཆུའི་རྒྱུན་དང་མེ་ཏོག་གི་ཆར་འབེབས་ཤིང་། ནམ་མཁའི་ལམ་ནས་ཤར་ཕྱོགས་སུ་འགྲོ་བ་མཐོང་སྟེང་ངང་པའི་རྒྱལ་པོས་སྨྲས་པ།
སྤྲིན་གྱི་བཞོན་པ་ནང་ན་ལྷ་ཚོགས་དག། མཆོད་པའི་འོད་ཟེར་ཕྱོགས་བཅུར་རབ་འགྱེད་ཅིང་༎ རོལ་མོ་སིལ་སྙན་སྟོད་དབྱངས་འབྲུག་སྒྲ་ཅན། ། གྲགས་ཆེན་འདི་དག་གང་དུ་བཞུད་དམ་ཀྱེ། ། ཆ་ཤས་གཟུགས་རྒྱན།) ལྷ་དེ་དག་གིས་སྨྲས་པ། ཤར་རིའི་དབང་པོ་ཡིད་འོང་པོ་ཏ་ལ། ། དྲང་སྲོང་སྤྱན་རས་གཟིགས་ཀྱི་ཕོ་བྲང་དུ། ། སྣ་ཚོགས་མཆོད་པའི་སྲིན་གྱིས་རབ་མཆོད་ཅིང་། ། ཆོས་ཀྱི་རྔ་སྒྲ་ཟབ་མོ་ཉན་དུ་འགྲོ། ། ཡན་ལག་གཉིས་པའི་གཟུགས་རྒྱན།) ངང་པའི་རྒྱལ་པོས་སྨྲས་པ། ཀྱེ་དབང་པོ་དག་གནས་དེའི་ཡོན་ཏན་དང་བཀོད་པ་ཇི་ལྟ་བུ། ལྷས་སྨྲས་པ། ། ཡིད་འོང་འཕགས་པའི་བཞུགས་གནས་པོ་ཏ་ལ། ། མཛེས་ཤིང་ཉམས་དགའ་དྲང་སྲོང་ཆེན་པོའི་གནས། ། མཆོད་པའི་སྤྲིན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། ། སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། ། རིགས་མཐའ་མའི་གསལ་བྱེད།) སྐྱེད་ཚལ་མེ་ཏོག་བུང་བ་འཕུར་ལྡིང་ཞིང་། ། མཚོ་བསིལ་རྫིང་བུ་ཙནྡ་ནགས་ཁྲོད་རྣམས། ། བྱ་དང་རི་དྭགས་མང་པོས་རབ་ཏུ་གང་། །
སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། ། རིགས་མཐའ་མའི་གསལ་བྱེད།)
ཤར་རི་རྒྱལ་པོའི་རྩེ་ནས་ཉི་ཤར་བས། ། འཇིག་རྟེན་འོད་ཀྱི་སྣང་བ་ཕྱོགས་བཅུར་འགྱེད། ། མ་རིག་མུན་པ་སེལ་བའི་དཔལ་དུ་ཤར། ། སྤྱན་རས་གཟིགས་དབང་བཞུགས་གནས་འདི་འདྲའོ། ། རིགས་མཐའ་མའི་གསལ་བྱེད།) ཡངས་པའི་འོད་དང་ལྷུན་གྲུབ་ཉི་ཟླའི་འོད། ། སྣ་ཚོགས་འོད་དང་རིན་ཆེན་རྒྱ་མཚོའི་འོད། ། འདྲེས་དང་མ་འདྲེས་འོད་ཟེར་ཕྱོགས་བཅུར་འཕྲོ༎ སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། ། རིགས་མཐའ་མའི་གསལ་བྱེད།) ཤིང་དང་འབབ་ཆུ་ནམ་མཁའི་ཁམས་ཀུན་ནས། ། སྣ་ཚོགས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད། ། བརྗོད་ཀྱིས་མི་ལང་ཡོན་ཏན་རིན་ཆེན་གཏེར། ། སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། ། རིགས་མཐའ་མའི་གསལ་བྱེད།) སྲིད་མཚོ་འདིར་གནས་ཐར་པ་ག་ལ་ཡོད། ། ཞི་བའི་ཚལ་དུ་ཀུན་ནས་འགྲོ་འདོད་ན། ། ཤར་རི་གྲུ་འཛིན་འཇིག་རྟེན་དབང་པོའི་གནས། ། སྤྱན་རས་གཟིགས་མགོན་བཞུགས་དེར་སྒོམ་དུ་འདོངས། ། འགོག་རྒྱན།) ཞེས་བརྗོད་པ་དང་། ངང་པས་སྨྲས་པ། གནས་དེར་འགྲོ་བའི་ལམ་ནི་གང་། ལྷས་སྨྲས་པ། གངས་རིའི་ཡུལ་གྱི་ཤར་ཕྱོགས་ན། ། མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ། ། འོད་ཟེར་སྤྲིན་ཞེས་བྱ་བ་ཡོད། ། དེ་དབུས་རྒྱལ་སྲས་ཕོ་བྲང་ན། ། གངས་རི་རིན་ཆེན་ལྡན་ཞེས་བྱ། ། དེ་ཡི་དྲུང་ནས་ཤར་ཕྱོགས་སུ། ། ཆུ་ཀླུང་དྲི་མེད་ལྡན་ཡང་འབབ། ། དེ་འདས་རྒྱ་མཚོའི་འགྲམ་ཞིག་ན། ། སྐྱེ་བོ་མང་པོས་གང་བ་ཡི། ། གྲོང་ཁྱེར་ཚངས་པའི་འབྱུང་གནས་ཡོད། ། རང་བཞིན་བརྗོད་པ།) དེར་ནི་ཁྱེད་ཅག་ངལ་སོས་ལ། ། ཤར་རི་རྒྱལ་པོའི་ལམ་ཡང་དྲིས། ། ཞེས་བརྗོད་དེ་ཤར་ཕྱོགས་ལོགས་སུ་སོང་ནས་མི་སྣང་བར་གྱུར་ཏོ། ། ཡོན་ཏན་དགའ་བ་རྣམས་ཀྱི་ཆོས་ཚུལ་ནི། ། དམ་པ་རྣམས་ལ་བརྟེན་ནས་རབ་ཏུ་སྐྱེ། ། བདུད་རྩིའི་ཆར་གྱིས་དབྱར་གྱི་པད་མཚོ་བཞིན། ། ངང་པའི་རྒྱལ་པོ་མཆོག་ཏུ་དགའ་བར་གྱུར། ། དཔེ་རྒྱན།) དེའི་ཚེ་ངང་པའི་དབང་པོ་དེ་ཡང་འགྲོ་འདོད་པར་གྱུར་ནས་སྨྲས་པ། རྫིང་བུའི་གནས་འདི་མེ་ཏོག་འབྲས་མང་ཞིང་། ། ཡིད་འོང་ངང་པའི་གྲོགས་དང་ལྡན་ན་ཡང་། ། སྣ་ཚོགས་ཡུལ་གྱི་ཉེས་པས་རབ་སྐྱོ་ཞིང་། ། ནགས་ཀྱི་ཡོན་ཏན་ཐོས་ནས་གཞན་དུ་འགྲོ། འགོག་རྒྱན།) ཞེས་བརྗོད་པ་དང་། ངུར་པ་མང་པོས་སྨྲས་པ། ། པདྨི་མཚོ་ན་བྱ་ཚོགས་སྒྲ་འབྱིན་ཞིང་། ། གེ་སར་གསར་པས་རྐང་དྲུག་མྱོས་པའི་ཚལ། ། བསིལ་བའི་རྫིང་བུ་འདི་དང་ལྷན་ཅིག་ཏུ། ། བདག་ཅག་བཏང་ནས་འདབ་བཟང་གང་དུ་བཞུད། ། འགོག་རྒྱན།) ངང་པས་སྨྲས་པ། གླིང་གི་སྙིང་པོ་འཛམ་གླིང་ཤར་གྱི་ཕྱོགས། ། རི་བོ་ཏ་ལ་ལེགས་པར་བརྒྱན་པ་སྟེ། ། སྨན་ཤིང་མེ་ཏོག་ལྗོན་ཤིང་ཕྲེང་བས་དཀྲིགས། ། སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། བྱ་བ་རང་བཞིན་བརྗོད་པ།) ནམ་ཡང་བདེ་མེད་འཁོར་བར་དུག་སྦྲུལ་གླིང་། ། ལས་དང་ཉོན་མོངས་བརྒྱས་གཙེས་གྲོང་ཁྱེར་ལས། ། ཞི་བ་རིན་ཆེན་གླིང་འགྲོ་ཐར་པའི་གནས། ། སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། ཆ་ཤས་གཟུགས་རྒྱན།) ཆགས་དང་འཇུངས་དང་སེར་སྣས་མ་བསགས་པས། ། འགྲོ་ཀུན་དགའ་བའི་ནོར་ནི་བདག་ལ་མེད། ། ཆོག་ཤེས་འཕགས་པའི་ནོར་དང་ལྡན་པ་ཡིས། ། སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། རྒྱུ་རྒྱན།) མཛའ་དང་མི་མཛའ་དེ་བཞིན་བདག་གི་ལུས། ། ལྷན་ཅིག་འདུས་ཀྱང་སོ་སོར་གྱེས་ཆོས་ཅན། ། མི་རྟག་སྙིང་པོ་མེད་པའི་ཚུལ་མཐོང་ནས། ། སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། རྒྱུ་རྒྱན།) ཐུགས་རྗེ་གངས་རིའི་ངོས་ལ་ཉི་ཤར་བས། ། རྨད་བྱུང་བྱིན་རླབས་ཆུ་རྒྱུན་བསིལ་བ་འབབ། ། འགྲོ་བློ་གདུང་བའི་མེ་ཚོགས་ཞི་མཛད་པ། ། སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། ཆ་ཤས་གཟུགས་རྒྱན།) ཞེས་བརྗོད་པ་དང་། བྱའི་ཚོགས་དེ་དག་གདུང་བའི་སྨྲེ་སྔགས་འབྱིན་ཞིང་། མེ་ཏོག་ལ་སོགས་པས་མཆོད་དེ་བསྐོར་བ་བྱས་ནས་ངང་པའི་རྒྱལ་པོའི་ཞབས་དྲུང་ན་འཁོད་དེ། ཀྱེ་འདབ་བཟང་བདག་ཅག་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་མཆོག་ཏུ་གྱུར་པ་དག་སྟོན་ཅིག་ཅེས་བརྗོད་པ་དང་། ངང་པས་སྨྲས་པ། གྲོགས་དག་ཚེ་ནི་སྟོན་ཀའི་སྤྲིན་ལྟར་གཡོ། ། བསགས་པ་འཛད་ཅིང་མི་རྟག་སྙིང་པོ་མེད། ། འགྲོ་བ་འདི་དག་མཐའ་བཞིའི་ཆོས་ཅན་དུ། ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། ཆོས་དཔེ།) ལས་དང་ཉོན་མོངས་ཆུ་ཀླུང་བཟློག་དཀའ་ཞིང་། ། སྡུག་བསྔལ་རྦ་རླབས་ཤུགས་དྲག་བཟོད་པར་དཀའ། ། ཨེ་མ་མཐར་དཀའ་སྲིད་པའི་རྒྱ་མཚོ་ལས། ། དེ་རིང་ཉིད་ནས་བརྒལ་ཕྱིར་བརྩོན་པར་བྱ། ། ལྡན་པའི་གཟུགས་རྒྱན།) བྱིས་པ་རྣམས་ནི་སྦྲུལ་གདུག་ཁྲོད་འདྲ་ཞིང་། ། འདོད་ཡོན་རྣམས་ནི་ལན་ཚྭའི་ཆུ་དང་མཚུངས། ། མདོར་ན་འཁོར་བའི་ཉེས་པ་སྣ་ཚོགས་དག ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། དངོས་དཔེ།) དེང་ནས་ཞི་བའི་ཡོན་ཏན་དྲན་བྱ་ཞིང་། ། དབེན་པའི་གནས་སུ་བྱང་ཆུབ་སེམས་བསྐྱེད་ནས། ། ཡངས་པའི་སྟན་ལ་བདེ་བའི་ལུས་བསྲངས་ཏེ། ། སེམས་ཀྱི་གནས་ལུགས་ཇི་བཞིན་གཉུག་མའི་དོན། ། རང་བཞིན་སྤྲོས་དང་བྲལ་བའི་ངང་ལ་ཞོག ། རྗེས་ལ་འཁོར་གསུམ་དག་པའི་བསྔོ་བ་བྱ། ། སྟོང་པའི་འདབ་སྟོང་སྙིང་རྗེའི་སྙིང་པོ་ཅན། ། སངས་རྒྱས་པདྨམྱུར་དུ་འབྱོན་པར་ངེས། ། བྱ་བ་རང་བཞིན་བརྗོད་པ།) ཞེས་བརྗོད་དེ་རྫིང་བུའི་གནས་དེ་ནས་སོང་བ་ན། ངུར་པའི་ཚོགས་མང་པོ་དེ་དག་གིས་ཤར་ཕྱོགས་སུ་གངས་རིའི་རྭ་བ་མཐོང་བའི་ངོས་སྨན་ཤིང་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་པ་ཞིག་ཏུ་བསྐྱལ་དེ། དད་པས་ཕྱག་འཚལ་ཞིང་གདུང་བའི་སྨྲེ་སྔགས་འབྱིན་པ། ཀྱེ་མ་གྲོགས་དག་མི་རྟག་འགྱེ་ཆོས་ཅན། ། སོ་སོར་བྲལ་བའི་ཆོས་ཉིད་འདི་ལྟ་བུ། ། དེ་རིང་བདག་ཅག་རྣམས་ལ་མངོན་སུམ་གྱུར། ། ངང་པའི་རྒྱལ་པོ་གཞན་དུ་བཞུད་ལ་ཉེ། ། ཀུན་ཁྱབ་དོན་གཞན་བཀོད་པའི་རྒྱན།) པདྨམེད་པར་པདྨི་མཚོ་བཞིན་དུ། ། དེ་རིང་བདག་ཅག་རྗེ་དཔོན་བྲལ་བས་སྐྱོ། ། ནང་གི་ཐལ་མ་ཕྱི་ཕྱག་འཚལ་བའི་དུས། ། སླད་ཆད་ཁྱོད་ཞལ་མཐོང་བ་ཤིན་ཏུ་དཀོན། ། དངོས་དཔེ།) ཅེས་ཟེར་ཞིང་མངོན་པར་མི་དགའ་བཞིན་དུ་ངུར་པ་དེ་དག་ཕྱིར་ལོག ། སྔ་ནས་འདུས་ཀྱང་སོ་སོར་འབྲལ་བའི་ཆོས། ། འཁོར་བའི་རང་བཞིན་ཡིན་ཏེ་ཕན་པ་མེད། ། གང་ལ་འབྲལ་མེད་བདེ་ཆེན་རིན་ཆེན་གླིང་། ། ཞི་བའི་ཚལ་དུ་འགྲོ་བ་ཡོང་རེ་རན། ། འགོག་རྒྱན།)
(2) ངང་པའི་རྒྱལ་པོ་ཤར་ཕྱོགས་སུ་ཇི་ལྟར་བསྐྱོད་ཚུལ། དེ་ནས་ངང་པའི་རྒྱལ་པོ་དེ་ཡང་རང་གི་ཉེ་འཁོར་བཞིན་བཟང་དང་ལྷན་ཅིག་ཤར་ཕྱོགས་ལོགས་སུ་སོང་བ་ལས། སྐྱེད་མོས་ཚལ་མཐིང་ག་ནོར་བུའི་འོད་ལྟར་འཚེར་བའི་ནང་ན་རི་མཆོག་དུ་དཀར་བ་འཆར་དཀའི་འོད་ལྟར་གསལ་བའི་ནང་ནས་ཤར་ཕྱོགས་སུ་ཆུ་ཀླུང་དཀར་པོ་དལ་གྱིས་འབབ་པ་མཐོང་སྟེ་བཞིན་བཟང་གིས་ཞེ་ས་དང་བཅས་དྲིས་པ། རྨ་བྱའི་མགྲིན་པ་ལྟ་བུར་འཚེར་བའི་ནགས། ། ཡིད་འོང་ནང་ན་རབ་དཀར་ས་འཛིན་ཞིག ། དྭངས་པའི་ཆུ་ཀླུང་དག་དང་མཉམ་དུ་འགྲན། ། མཛེས་པ་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། ། ཆོས་དཔེ་དང་དངོས་དཔེ་འདྲེས་པའི་དཔེ་རྒྱན།) ངང་པའི་རྒྱལ་པོས་སྨྲས་པ། འོད་ཟེར་ལྡན་གྱི་ནགས་ཚལ་མཛེས་པའི་ནང་།
ཆུ་ཀླུང་དྲི་མེད་ལྡན་ཡང་འཚེར་ཞིང་འབབ། །
ཕལ་ཆེར་འཇིག་རྟེན་དབང་པོའི་ཕོ་བྲང་མཆོག ། གངས་རི་རིན་ཆེན་ལྡན་དེ་ཡིན་པ་སྙམ། ། རྒྱུའི་རྒྱན།) ཞེས་བརྗོད་དེ་སོང་བ་ལས། ནགས་ཚལ་འོད་ཟེར་ལྡན་པ་ཡིད་དུ་འོང་བའི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་འཁྲིགས་ཤིང་། ཕུ་ཆུ་བསིལ་བའི་རྒྱུན་ལྷུང་སྒྲ་དང་བཅས་ཁ་ཁ་དུ་མ་ནས་འབབ་པ། ནགས་ཀྱི་མཐོངས་རྣམས་ནོར་བུ་ཨིནྡྲིལ་གྱི་ཁ་དོག་འཚེར་ཞིང་ཨུཏྤའི་དྲྭ་བས་ཁེབས་པའི་རྫིང་བུ་སྣ་ཚོགས་པས་གང་བར་བྱ་དང་རི་དྭགས་དུ་མ་རྒྱུ་ཞིང་བུང་བ་ལིང་ལིང་དུ་གྱུར་པ་ཞིག་ཏུ་ཕྱིན་ཏེ་བཞིན་བཟང་གིས་སྨྲས་པ། ཞི་བའི་ནགས་འདབས་དབེན་ཞིང་ཉམས་དགའ་བ། ། བསམ་གཏན་སྤྱོད་པ་དག་གི་སྐྱེད་མོས་ཚལ༎ ཕུག་དང་གངས་རི་ཆུ་བསིལ་རྫིང་བུས་གང་། ། མེ་ཏོག་འབྲས་མང་སྨན་ཤིང་ལྗོན་པས་དཀྲིགས། ། བྱ་བ་བར་གསལ་གྱི་རྒྱན།) ཕུ་ཆུའི་རྒྱུན་དག་ལྷང་སྒྲ་སྙན་སྒྲོགས་ཤིང་། ། ཡིད་འོང་བྱ་ཚོགས་མང་པོ་བདེ་བར་རྒྱུ། ། རྐང་དྲུག་ལྡན་རྣམས་སྙན་པའི་གླུ་ལེན་ཞིང་། ། དུས་རླུང་སེར་བུས་མེ་ཏོག་གསལ་བར་འགྲིམས། ། བྱ་བ་རང་བཞིན་བརྗོད་པའི་རྒྱན།) འགྱིང་མཛེས་ལྡིང་བ་སྤྲིན་གྱི་ཕུང་པོ་ཡང་། ། ཕྱོགས་འདིར་དད་པའི་གློག་ཕྲེང་གར་བྱེད་ཅིང་། ། བསྟོད་དབྱངས་སྙན་པའི་འབྲུག་སྒྲ་སྒྲོགས་པ་དང་། ། མཉམ་དུ་མཆོད་པའི་ཆར་ཟིལ་བསིལ་བར་འབེབས། ། བྱ་བ་ལྷན་གཅིག་བརྗོད་པའི་རྒྱན།) དེ་འདྲའི་གནས་འདི་ནགས་ཚལ་འོད་ཟེར་ལྡན། ། ལྷ་དང་དྲང་སྲོང་མང་པོས་བསྟེན་པ་སྟེ། ། རང་བྱུང་འཇིག་རྟེན་དབང་པོའི་སྐྱེད་མོས་ཚལ། ། སྣ་ཚོགས་བཀོད་པའི་འོད་ཟེར་འགྱེད་ལ་ལྟོས། ། ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།) ངང་པའི་རྒྱལ་པོས་སྨྲས་པ། རི་ངོགས་ཡངས་པའི་ལྗོན་ཤིང་རྣམས་ནི་དགའ་བས་བྲོ་གར་བྱེད་པ་བཞིན། ། ཤང་ཤང་སྨན་ལྗོངས་མེ་ཏོག་རྣམས་ནི་འཛུམ་པའི་མདངས་རབ་གསལ་བ་བཞིན། ། འཁྲི་ཤིང་ཁྲོད་ཀྱི་བྱ་ཚོགས་རྣམས་ནི་སྙན་པའི་བསྟོད་དབྱངས་ལེན་པ་བཞིན། ། ཆུ་རྒྱུན་གཙང་མའི་ན་ཆུང་རྣམས་ནི་ཝུ་ཕྲེང་དོ་ཤལ་འཛིན་པ་བཞིན། ། སེམས་མེད་རབ་བཏགས།) ཙནྡ་བསིལ་བའི་ཁ་ཡི་སྦུབས་བསྐྱོད་སྙན་དྲུང་བུང་བ་འཕུར་ལྡིང་ཞིང་། ། ནོང་བུའི་དོ་ཤལ་སྐེད་ངོས་ལ་རེག་འབྲས་བའི་ཆུན་འཕྱང་འཛིན་མའི་ཚོགས། ། ལོ་འདབ་གསར་པའི་སྟོད་གཡོགས་དང་བཅས་ཡལ་གའི་ལག་རྩེད་དུད་པ་ཡིས། ། མེ་ཏོག་ཕྲེང་བའི་གཡབ་མོས་འདེབས་ཤིང་དེ་རིང་བདག་ཅག་བསུ་བ་འདྲ། ། སེམས་མེད་རབ་བཏགས།) ཁུ་བྱུག་མྱོས་པའི་གདངས་སྙན་རྣམས་ནི་དྲི་ཟའི་རྒྱུད་མང་སྦྲེང་བ་བཞིན། །
ཆུར་ཉལ་འཛུམ་པའི་ན་ཆུང་རྣམས་ནི་བུང་བའི་གླིང་བུ་བསྒྱུར་བ་བཞིན། །
ཆུ་གཙང་པདྨ་ཁེབས་པ་རྣམས་ནི་དྭངས་པའི་གཟུགས་བརྙན་འཛིན་པ་བཞིན༎ སྔོ་ཞིང་སྣུམ་པའི་ནགས་ཁྲོད་རྣམས་ནི་ལྕུག་ཕྲན་བྲོ་གར་བྱེད་པ་བཞིན། ། དངོས་དཔེ།) ཞེས་བརྗོད་དེ་མཐར་གྱིས་སོང་བ་ལས། གངས་རི་རིན་ཆེན་ལྡན་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་ངོས་ལ་འཇིག་རྟེན་དབང་པོའི་སྐུ་རང་བྱོན་ཡོད་པ། ཙནྡ་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་པའི་དྲུང་ནས་བསྐོར་བ། ཕྱོགས་སུ་ཆུ་ཀླུང་དྲི་མེད་ལྡན་ཤར་གྱི་རྒྱ་མཚོར་འབབ་པ་མཐོང་སྟེ། བཞིན་བཟང་གིས་དྲིས་པ། ཡིད་འོང་གངས་རིའི་ཚལ་ན་འཛུམ་པའི་སྐུ༎ དཀར་གསལ་འོད་ཀྱི་དྲྭ་བ་ཕྱོགས་བཅུར་འགྱེད༎ སྟོན་ཀའི་སྤྲིན་དཀར་ནང་ན་ཟླ་གཟུགས་བཞིན། ། མཛེས་པ་འདི་འདྲ་གང་གི་སྐུ་ཡིན་ནམ། ། ཐེ་ཚོམ་གྱི་རྒྱན།) ངང་པའི་རྒྱལ་པོས་སྨྲས་པ། གངས་རིའི་དྲུང་ན་ལྷུན་གྱིས་གྲུབ་པའི་སྐུ། ། འཛུམ་མཛེས་བཞེངས་ཤིང་འོད་སྟོང་འགྱེད་པ་ནི། ། སྤྱན་རས་གཟིགས་དབང་རྒྱལ་སྲས་ཐུགས་རྗེ་ཅན། ། འགྲོ་བའི་དོན་ལ་ཕྱོགས་འདིར་བྱོན་པ་སྙམ། ། སེམས་མེད་རབ་བཏགས།) ཞེས་བརྗོད་དེ་དྲུང་དུ་སོང་ནས་ཕྱག་འཚལ་ཞིང་། མེ་ཏོག་སྣ་ཚོགས་དང་སྤོས་དྲི་ཞིམ་པོས་མཆོད་ནས། ངང་པའི་རྒྱལ་པོས་བསྟོད་པ། གངས་རིའི་མགུལ་ན་འཛུམ་མཛེས་ཞི་བའི་སྐུ། ། མི་གཡོ་མི་གསུང་སྤྲོས་དང་བྲལ་བ་ནི། ། ཆོས་ཉིད་ངང་ལ་མཉམ་པར་བཞག་པ་བཞིན། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། སེམས་མེད་རབ་བཏགས།) བཞིན་བཟང་གི་བསྟོད་པ།
གངས་རི་པདྨི་དྲུང་ན་མཛེས་པའི་སྐུ། །
ཟླ་བ་ཀུནྡི་མདངས་འདྲ་ཕྱག་གཡས་ལས། །
ཡི་དྭགས་བཀྲེས་སྐོམ་ཞི་མཛད་འོ་རྒྱུན་འབེབས། ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དངོས་དཔེ།) ཞེས་བརྗོད་དེ་སྐྱེད་མོས་ཚལ་དེ་ལས་ཀྱང་འདས་ནས་ཤར་ཕྱོགས་ལོགས་སུ་སོང་སོང་བ་ལས་རྒྱ་མཚོའི་མཐའ་དང་ཉེ་ཞིང་ཐང་དང་ཤང་ཤོང་ཤིན་ཏུ་རྒྱ་ཆེ་བ། སྔ་དྲོའི་ཚེ་ཉི་མའི་དཀྱིལ་འཁོར་ཡང་རྒྱ་མཚོའི་ནང་ནས་འཆར་བ་སྙམ་བྱེད་ཅིང་། ཕྱི་དྲོའི་དུས་སུ་སའི་འོག་ཏུ་ནུབ་པ་འདྲ་བ། ཕྱོགས་རྣམས་ནི་སྨིག་རྒྱུ་འགྱུ་བའི་གོས་དང་དྲི་ཟའི་གྲོང་གིས་བརྒྱན་ཅིང་། རྐང་གིས་འགྲོ་བའི་མགྲོན་པོ་ཤུགས་འབྱིན་པའི་ས་ཕྱོགས་མྱ་ངམ་གྱི་དགོན་པ་ཤིན་ཏུ་བགྲོད་དཀའ་བ་ཞིག་ལ་ཉིན་ཞག་འགའ་ཙམ་སོང་བ་ན། བཞིན་བཟང་རབ་ཏུ་སྐྱོ་བས་ནམ་མཁའི་ངོས་སུ་བལྟ་ཞིང་སྨྲེ་སྔགས་འདོན་པ།
ཕྱོགས་རྣམས་སྨིག་རྒྱུ་གཡོ་བས་གར་བསྒྱུར་ཞིང་། །
ཉི་མ་རྒྱ་མཚོའི་ནང་ནས་ས་འོག་ནུབ། ། དྲི་ཟའི་གྲོང་ཡང་ཕྱི་ཕྱིར་བསྙེགས་པ་བཞིན། ། མྱ་ངམ་ཐང་ལས་སྐྱོབ་ཤིག་སྤྱན་རས་གཟིགས། ། མྱ་ངན་གྱི་ཉམས་ལྡན།) ཞེས་བརྗོད་པ་ན། ངང་པའི་རྒྱལ་པོས་སྨྲས་པ། ཀྱེ་བཞིན་བཟང་། འདིར་དེ་ཙམ་དུ་བགྲོད་དཀའ་ཞིང་སྐྱོ་བའང་མ་ཡིན་གྱི། ཅུང་ཟད་སྤྲོ་སིངས་ཤིག་ཅེས་བརྗོད་ནས་ཡང་སྨྲས་པ།
སྲིད་པའི་མྱ་ངམ་དགོན་པ་བགྲོད་དཀའ་ཞིང་། །
སྡུག་བསྔལ་སྨིག་རྒྱུ་འདུ་བྱེད་དྲི་ཟའི་གྲོང་། །
ལས་དང་ཉོན་མོངས་ཉི་ཟླ་མདངས་བཀྲའི་གནས། ། བཟོད་དཀའ་བཟོད་ན་འདི་དག་ཅིས་མི་བཟོད། ། གཟུགས་རྒྱན་འདྲེས་པའི་མངོན་འགྱུར་འགོག་རྒྱན།) རྒྱ་མཚོར་མི་འགའ་འཚོ་བ་ཙམ་གྱི་ཕྱིར། ། སྡུག་བསྔལ་བརྒྱ་ཕྲག་མང་པོའང་བཟོད་བྱེད་ན། ། རིན་ཆེན་ཆོས་ཕྱིར་ཅུང་ཟད་ངལ་བ་ཡི། ། དམན་པའི་སྡུག་བསྔལ་ཅི་ཕྱིར་བཟོད་མི་བྱེད། ། ཆོས་འགོག་པའི་རྒྱན།) སྔོན་ཆད་མནར་མེད་ལ་སོགས་གནས་རྣམས་སུ། ། དོན་མེད་ཕྱིར་ཡང་སྡུག་བསྔལ་བཟོད་བྱེད་ན། རང་གཞན་དོན་ཆེན་འགྲུབ་པའི་རྒྱུར་གྱུར་པ། །
དམན་པའི་སྡུག་བསྔལ་དགའ་བས་བཟོད་པར་བྱ། ། རྒྱུ་འགོག་པའི་རྒྱན།) འོན་ཀྱང་བདེན་པའི་སྟོབས་ཀྱི་བྱིན་རླབས་དང་། ། བདག་གི་ལེགས་སྨོན་སྔོན་སྦྱངས་བསོད་ནམས་སྟོབས། ། དེ་དག་མཐུ་ཡིས་ཡིད་འོང་ཉམས་དགའི་གནས། ། མཚོ་དང་རྫིང་བུས་བརྒྱན་པ་མཐོང་བ་ཤོག ། ཤིས་བརྗོད་ཀྱི་རྒྱན།)
ཅེས་བརྗོད་མ་ཐག་ཏུ་དེ་ནས་ཀྱང་ཟླ་བ་ཕྱེད་ཀྱིས་བགྲོད་དགོས་པའི་མྱ་ངམ་གྱི་དགོན་པ་དེ་ཉིད་སྔ་དྲོ་ཙམ་གྱེས་ལེགས་པར་བགྲོད་པར་གྱུར་ཏོ། །
སྐྱེ་བོ་དམ་པའི་མཐུ་སྟོབས་བསམ་མི་ཁྱབ། ། ལེགས་སྨོན་བསོད་ནམས་སྟོབས་ཀྱང་བསམ་མི་ཁྱབ། ། མཆོག་ལ་བསྟེན་པའི་ཡོན་ཏན་བསམ་མི་ཁྱབ། ། དགེ་དང་མི་དགེའི་རྣམ་སྨིན་བསམ་མི་ཁྱབ། ། ཚིག་རྐང་བཞི་ཀའི་ཐ་མར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན།) དེ་ལྟར་བགྲོད་པའི་ཤར་ཕྱོགས་ན། ཡིད་དུ་འོང་བའི་གནས་སྐྱེ་ཤིང་སྣ་ཚོགས་ཀྱི་རྭ་བས་བསྐོར་བའི་དབུས་ན་གྲོང་དང་གཙུག་ལག་ཁང་མང་པོ་ཕྱེད་ཙམ་གསལ་བ་དག་མཐོང་སྟེ། བཞིན་བཟང་གིས་དྲིས་པ།
འཁྲི་ཤིང་རྭ་བས་བསྐོར་བ་ཡི༎
གྲོང་དང་གཙུག་ལག་ཁང་རྣམས་ནི། །
ཕྱེད་ཙམ་འཛུམ་པས་བལྟ་བ་བཞིན། །
མཛེས་པ་འདི་འདྲ་ཅི་ཞིག་ཀྱེ། ། དཔེ་རྒྱན་དང་འདྲེས་པའི་ཐེ་ཚོམ་ཕུལ་བྱུང་།)
ངང་པའི་རྒྱལ་པོས་སྨྲས་པ། སྐྱེ་ཤིང་ཕྲེང་བས་བསྐོར་བའི་གྲོང་ཁྱེར་དབུས། །
གཞལ་མེད་ཁང་མཐོང་ཡིད་འོང་མཛེས་པ་ནི། ། ནོར་བུའི་ཆུན་འཕྱང་གསེར་གྱི་དྲ་བས་གཡོགས། །
གྲོང་ཁྱེར་ཚངས་པའི་འབྱུང་གནས་ཡིན་ནམ་སྙམ༎ ཐེ་ཚོམ་གྱི་དཔེ།)
ཞེས་བརྗོད་དེ་མཐར་གྱིས་དེའི་ཉེ་འཁོར་དུ་ཕྱིན་པ་ན། ཙནྡ་འཁྲི་ཤིང་གིས་བསྐོར་བའི་འོབས་ཆུས་ཡོངས་སུ་གང་བར་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་ཤིང་། ཆུ་བྱ་སྣ་ཚོགས་པ་རྩེ་ཞིང་ལྡིང་བ་མཐོང་ནས་བཞིན་བཟང་གིས་སྨྲས་པ།
མེ་ཏོག་མཛེས་པའི་ན་ཆུང་དག ། མཛེས་པའི་བྱ་དང་ལྷན་ཅིག་ཏུ༎
རྫིང་བུའི་ནང་ན་གསར་དུ་རྒྱས། ། ཐེ་ཚོམ་གྱི་དཔེ།) འདི་ནི་ལྷ་ཡི་པད་འཚོའམ་ཅི། །
ངང་པའི་རྒྱལ་པོས་སྨྲས་པ། འོབས་ཀྱི་ཆུ་རླབས་གཡོ་བ་དག། འཁྲི་ཤིང་གཟུགས་བརྙན་འཛིན་པ་ཡི། །
ལྦུ་བ་སྦྲེང་བའི་ལོ་འདབ་རྒྱས། ། དཔག་བསམ་རྣམས་ལ་འགོང་བ་བཞིན། ། ངོ་མཚར་ཕུལ་བྱུང་།)
ཞེས་བརྗོད་དེ་གྲོང་ཁྱེར་གྱི་གཞིར་སོང་བ་ན། སྐྱེ་བོ་མང་པོས་གང་བའི་གྲོང་དང་གཙུག་ལག་དེ་དག་རྒྱ་མཚོའི་འགྲམ་དང་ཉེ་བའི་ཕྱིར་དགུན་གྱི་དུས་སུ་ཉི་མའི་འོད་ཟེར་ཧ་ཅང་མི་ཚ་ཞིང་ཟླ་བའི་འོད་ཟེར་ཆུའི་མདངས་དང་འདྲེས་པ་ཙནྡ་ས་མཆོག་གི་ཚལ་ལྟར་ཤིན་ཏུ་བསིལ་ལ། སོས་ཀ་དང་། དབྱར་དང་། སྟོན་རྣམས་ནི་ཟླ་བའི་འོད་ཟེར་མཆོག་ཏུ་མི་བསེལ་ཞིང་། ཉི་མའི་འོད་ཟེར་རྒྱ་མཚོར་ལྷུང་བའི་སྟོབས་ཀྱིས་ནོར་བུ་མེ་ཤེལ་དྭངས་པའི་ཕུང་པོ་ཉེ་བར་གནས་པ་བཞིན་དུ་རབ་ཏུ་ཚ་ཞིང་། ཕལ་ཆེར་རྨུགས་པའི་དོ་ཤལ་དང་མཚོ་རླངས་འཁྱིལ་བའི་ཁྲོད་ནས་ཆུའི་ཟེགས་མ་ཕྲ་མོ་དག་ཆར་ཟིམས་བུ་ལྟར་འབབ་ཅིང་སྦྲང་མའི་སྒྲ་སྐད་སྣ་ཚོགས་སུ་གྲགས་པ་དེའི་ཕྱིར། སྦྲང་སྐྱབས་དང་། བསིལ་ཁང་དང་། འཕྱང་ཁ་དང་། ཕྱེད་ཕིབ་དང་སྐར་ཁུང་དྲྭ་བ་ཅན་དང་བཞི་མདོ་རྣམས་སུ་རིན་པོ་ཆེ་དང་། སྨན་དང་། ཁ་ཟས་དང་། བཞོན་པ་དང་། བཏུང་བ་དང་། སྲང་དང་སུམ་མདོ་རྣམས་སུ་ཡུལ་དང་ཕྱོགས་ཐ་དད་པ་ནས་ལྷགས་པའི་མགྲོན་པོ་དུ་མ་ལང་ལོང་དུ་གྱུར་ཅིང་། གཙུག་ལག་ཁང་རྣམས་ཀློག་པ་དང་བསམ་གཏན་སྤྱོད་པའི་རབ་ཏུ་བྱུང་བ་མང་པོས་གང་བ་མཐོང་སྟེ། བཞིན་བཟང་གིས་སྨྲས་པ། ཡིད་འོང་གྲོགས་དག་འདོད་དགུས་རབ་འབྱོར་ཅིང་༎ ཕྱོགས་ཀྱི་སྐྱེ་བོ་མང་པོ་ཉེ་བར་འདུད༎ གཙུག་ལག་ཁང་རྣམས་མཆོད་པའི་སྤྲིན་འཕྲོ་ཞིང་༎ བསམ་གཏན་སྤྱོད་པ་དག་གི་སྐྱེ་བོས་གང་༎ བྱ་བ་རང་བཞིན་བརྗོད་པའི་རྒྱན།) ཞེས་བརྗོད་དེ་སོང་བ་ལས། གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཡིད་དུ་འོང་བའི་མཚོ་མེ་ཏོག་བརྒྱན་པ་ཞེས་བྱ་བ་ཧ་རི་ཙནྡ་ལ་སོགས་པ་མེ་ཏོག་སྣ་ཚོགས་ཀྱི་རྭ་བས་བསྐོར་བའི་དབུས། པདྨདང་། ཨུཏྤ་དང་། ཀུ་མུ་ཏ་ལ་སོགས་པ་མེ་ཏོག་ རྣམ་པ་དུ་མའི་དྲྭ་བས་ཁེབས་པའི་མཚོ། བཞད་ བཞད་ནི་རྒྱ་གར་གྱི་ཆུ་བྱའི་རིགས་ཤིགདང་ངུར་པ་སྒྲ་འབྱིན་པ་ཞིག་ཏུ་ཕྱིན་ཏེ། ངང་པའི་རྒྱལ་པོས་སྨྲས་པ། མེ་ཏོག་དྲྭ་བས་ལེགས་པར་འཛུམ་པའི་མཚོར༎
གཉིས་སྐྱེས་དགའ་བའི་སྒྲ་སྙན་སྒྲོགས་པ་ནི༎ ཡིད་འོང་འདོད་ལྷའི་རྫིང་བུ་འཕོས་པ་བཞིན༎ ཞི་བའི་གནས་འདིར་བདག་ཅག་འདུག་པར་འོས༎ དངོས་དཔེ།)
ཞེས་བརྗོད་དེ་འཁྲི་ཤིང་རྭ་བའི་མཚོར་ཞུགས་པ་དང་། དེ་ན་གནས་པའི་བྱ་སྣ་ཚོགས་པ་དག་རབ་ཏུ་དགའ་བས་བསུ་ཞིང་བསྟོད་དེ་སྨྲས་པ། པདྨམཚོ་ལས་མ་བྱུང་ཞིང་། ། ཉེ་ཟེར་གསར་བས་མ་ཕྱེས་ཀྱང་། ། བཞིན་གྱི་ཆུ་སྐྱེས་དཔལ་དང་ལྡན། ། མཛེས་པ་ཁྱེད་ཅག་གང་ནས་ལྷགས། ། འགལ་བའི་གཟུགས་རྒྱན།) ངང་པའི་རྒྱལ་པོས་སྨྲས་པ། ཡིད་འོང་གནས་ནི་ཡོན་ཏན་མཐའ་ཡས་ཤིང་། ། དཔལ་རྒྱས་པདྨི་འབྱུང་གནས་མཚོ་ཆེན་བཞིན། ། གངས་རིའི་ཟེ་བས་ལེགས་པར་བསྐོར་བ་ནས། ། ཞི་བའི་གནས་འདིར་བདག་ཅག་ལྷགས་པར་གྱུར། ། དཔེ་རྒྱན།) དེ་དག་གིས་སྨྲས་པ། ཀྱེ་བཟང་པོ་གནས་དེའི་ཡོན་ཏན་ཇི་ལྟ་བུ། ངང་པའི་རྒྱལ་པོས་སྨྲས་པ། གངས་རིའི་ཡུལ་ནི་འཕགས་པའི་སྐྱེད་མོས་ཚལ། ། ཡིད་འོང་གྲོང་དང་གཙུག་ལག་ཁང་རྣམས་ནི། ། མཁས་པའི་སྐྱེ་བོ་མང་པོས་རབ་ཏུ་གང་། ། བསྟན་པའི་ཉི་འོད་རྒྱ་ཆེར་འཕྲོ་བ་ཡིན། ། ཡན་ལག་གཅིག་པའི་གཟུགས་རྒྱན།) ཞེས་བརྗོད་དེ་ཡང་དྲིས་པ། ། འཇིག་རྟེན་དབང་པོ་བཞུགས་པའི་རི། ། ཡིད་འོང་མེ་ཏོག་བརྒྱན་པ་ཡི། ། ལམ་ནི་གང་ཡིན་ཇི་ཙམ་ཞིག། དེ་རིང་གསལ་བར་རབ་ཏུ་སྟོན། ། རིགས་ཐོག་མར་གསལ་བའི་རྒྱན།) དེ་དག་གིས་ནི་སྨྲས་པ། བདག་ཅག་གིས་ནི་ཤེས་པར་དཀའ་སྟེ། འོན་ཀྱང་གཙུག་ལག་ཁང་འདི་ན་དགེ་སློང་ཆོས་སྨྲ་བ་སྐྱེ་བོ་མང་པོའི་སློབ་དཔོན་དུ་གྱུར་པ་ཞིག་མཆིས་ཀྱི་དེར་དྲིས་ཤིག་དང་ཁྱེད་ཅག་ལ་ཕན་པ་ཉེ་བར་སྟོན་པར་འགྱུར་རོ། ། དེས་ཀྱང་ལེགས་སོ་ཞེས་སྨྲས་ཏེ་གཙུག་ལག་ཁང་དེར་སོང་བ་ན། དགེ་སློང་བསླབ་པ་གསུམ་དང་མང་དུ་ཐོས་པ་རྒྱ་མཚོའི་ནོར་གྱིས་ཕྱུག་ཅིང་། འཕགས་པ་དོན་ཡོད་ཞགས་པའི་ཞལ་མཐོང་བ་ཞིག་མཆིས་པ་དེའི་ཞབས་དྲུང་དུ་སོང་སྟེ་དད་པས་ཕྱག་འཚལ་ནས་སྨྲས་པ། ། རྒྱལ་སྲས་ཐུགས་རྗེ་ཅན་གྱི་ཞིང་། ། གྲུ་འཛིན་ལམ་ནི་བསྟན་དུ་གསོལ། །
(3) དགེ་སློང་གིས་ལམ་སྟོན་ལྟར་ངང་པའི་དབང་པོ་དང་མཉམ་དུ་བསྐྱོད་པ། དགེ་སློང་དེས་སྨྲས་པ། ཁྱེད་ཅག་གང་ནས་ལྷགས། བྱས་སྨྲས་པ། རི་བོང་གངས་ཅན་ནས་སོ། དགེ་སློང་གིས་སྨྲས་པ། ཀྱེ་བཞིན་བཟང་དག་སྐལ་པ་དང་ལྡན་པ་རྣམས་ཀྱི་ལམ་ཉིད་ནི་འདི་ནས་ཤར་ཕྱོགས་ལོགས་ན་ཡོད་དེ། ཡི་གེ་ཞིབ་མོ་ལ་བརྟེན་ནས་རྟོགས་མོད་ཀྱི་བགྲོད་པར་དཀའོ། ། ཁྱེད་ཅག་ནི་ལྷག་པར་ཡང་སྐལ་བ་དང་ལྡན་ཏེ། འདི་ལྟར་ལོ་བཅུ་གཉིས་ནས་ཤར་གྱི་རྒྱ་མཚོའི་འགྲམ་ཀུ་མུ་རྒྱས་པའི་གླིང་དུ་འཕགས་པ་འཇིག་རྟེན་དབང་པོ་ཀླུ་རྣམས་ལ་ཆོས་སྟོན་པའི་ཕྱིར་འབྱུང་བར་གསུངས་ན། སྔར་ནི་ལོ་བཅུ་ཞིག་ཐལ་ཏེ་རིང་པོར་མི་ཐོགས་པར་ཁྱེད་དང་མཇལ་བར་ངེས་སོ། ། ངང་པས་སྨྲས་པ། དེ་ཙམ་དུ་འདུག་པར་མི་སྤྲོ་ན་ཐབས་གཞན་སྩོལ་ཞིག་དགེ་སློང་གིས་སྨྲས་པ། དེ་ལྟ་ན་ཟླ་བ་ཕྱེད་ཀྱི་བར་དུ་སྡོད་ཅིག་དང་འདིར་པོ་ཏ་ལའི་ཡུལ་ནས་ངང་པ་ཞིག་ཆོས་ཉན་པའི་ཆེད་སླད་དུ་མཆི་སྟེ་དེ་དང་ལྷན་ཅིག་སོང་ཞིག། དེས་ཀྱང་ལེགས་སོ་ཞེས་བསྟོད་དེ་ཟླ་བ་ཕྱེད་དུ་ཉིན་མོ་དགེ་སློང་ཆོས་སྨྲ་བ་དེ་ལས་འཕགས་པ་དོན་ཡོད་ཞགས་པའི་གཟུངས་ཀྱི་ཆོ་ག་དང་། ཨ་མོ་གྷཱ་པཱ་ཤའི་རྒྱུད་ལ་སོགས་པ་ཆོས་ཟབ་མོ་རྣམས་ཉན་ཞིང་མཚན་མོ་མཚོ་མེ་ཏོག་བརྒྱན་པར་གནས་བཅས་ཏེ་འདུག་གོ ། དམ་པ་གངས་རིའི་དྲུང་ན་ངང༌པ༌དག ། ཡིད༌འོང༌ཐོས༌པའི༌ཆུ༌རྒྱུན༌གཉེར༌བ༌ནི། པདྨི་རྫིང་བུ་ཉིད་དུརབ་འཁྲུལ་ནས། ། དོན་ཟབ་སྦྲང་རྩིའི་སྙིང་པོ་འཐུང་བ་བཞིན། ། རབ་རྟོགས་གཟུགས་རྒྱན།) དེ་ནས་ཟླ་བ་ཕྱེད་ཀྱི་ཉིན་མོ་ཚེས་བཅོ་ལྔའི་ནམ་མཁའ་རྡུལ་དང་བྲལ་བའི་ཤར་ཕྱོགས་ནས་ངང་པའི་དབང་པོ་ཞིག་མེ་ཏོག་དང་འབྲས་བུའི་ཚོགས་མང་པོ་ཁྱེར་ཏེ་གཙུག་ལག་ཁང་དང་དགེ་སློང་ཆོས་སྨྲ་བ་དེ་ལ་མཆོད་ཅིང་བསྟོད་དབྱངས་དག་སྒྲོག་པར་བྱེད་དོ། ། དྭངས་བའི་མཁའ་ལ་རྒྱལ་སྲས་དག་པའི་བྱ། ། ཐབས་དང་ཤེས་རབ་གཤོག་གཉིས་རབ་བརྐྱངས་ཏེ། ། བསྟོད་དབྱངས་སྙན་པའི་དར་དིར་སྒྲ་འབྱིན་ཞིང་། ། མེ་ཏོག་འབྲས་བའི་ཚོགས་ཀྱིས་མཆོད་ཅིང་ལྷག ། ཡན་ལག་གཅིག་པའི་གཟུགས་རྒྱན།) དེའི་ཚེ་དགེ་སློང་ཆོས་སྨྲ་བ་དེས་ཀྱང་འཕགས་པ་ཟླ་བ་དྲི་མ་མེད་པའི་མདོ་ལ་སོགས་པ་ཟབ་མོའི་ཆོས་མང་དུ་བཤད་དེ་སྨྲས་པ། ཡིད་འོང་གངས་རིའི་འགྲམ་ནས་འོངས་པའི་བྱ། ། དད་དང་བརྩོན་པའི་གཤོག་ཡངས་ལྡན་པ་ཞིག ། སྤྱན་རས་གཟིགས་དབང་དྲུང་དུ་གུས་པ་འགྲོ། བཟང་པོ་ཁྱོད་ཀྱི་དེ་ཡི་ལམ་མཁན་མཛོད། ། བྱ་བ་རང་བཞིན་བརྗོད་པའི་རྒྱན།) ཅེས་བརྗོད་པ་དང་། དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ཏེ། མཚོ་མེ་ཏོག་བརྒྱན་པའི་འགྲམ་དུ་འོངས་ནས་སྨྲས་པ། གངས་རི་པདྨི་མཚོ་ནས་འོངས་པའི་བྱ། ། རབ་དཀར་དགེ་བའི་ཤུགས་ཀྱིས་བསྐྱོད་པ་དག། གཡོ་བའི་ལུས་ཀྱི་འདབ་གཤོག་རབ་བསྐྱོད་ལ། ། ཚུར་ཤོག་འཇིག་རྟེན་དབང་པོའི་དྲུང་དུ་འདོང་། ། རིགས་གསལ་བྱེད་ཀྱི་རྒྱན།) ཞེས་པའི་ཚིག་འདིས་བསྐུལ་བ་དང་། ངང་པའི་རྒྱལ་པོ་མཆོག་ཏུ་དགའ་བས་སྨྲས་པ། ལེགས་སོ་དྭངས་པའི་མཚོ་ལ་མཛེས་པའི་བྱ། ། ཡིད་འོང་མཚན་དཔེས་བརྒྱན་པའི་གངས་རི་ཞིག ། མཁའ་ལ་འོངས་ན་དེ་དང་མཚུངས་པ་བཞིན། ། ཁྱོད་དང་ལྷན་ཅིག་གངས་རི་བལྟ་བར་བགྱི། ། རྨད་བྱུང་གི་དཔེ་རྒྱན།) ཞེས་བརྗོད་ནས་མེ་ཏོག་ལ་སོགས་པས་དགེ་སློང་ཆོས་སྨྲ་བ་དེ་མཆོད་དེ་ཕྱག་འཚལ་ནས་རང་གི་འཁོར་དང་ལྷན་ཅིག་ཏུ་པོ་ཏ་ལའི་ངང་པས་ལམ་མཁན་བྱས་ནས་ཤར་ཕྱོགས་ལོགས་སུ་སོང་ངོ་། ། དེ་དང་མཉམ་དུ་མེ་ཏོག་བརྒྱན་པའི་མཚོ༎ ཡིད་འོང་ནང་གནས་ངང་པ་ལྔ་བརྒྱ་ཡང་༎ དྭངས་པའི་མཁའ་ལ་གཤོག་པ་རབ་བརྐྱངས་ནས༎ ཤར་རི་རྒྱལ་པོའི་དྲུང་དུ་སྙེགས་ལ་བརྩོན༎ བྱ་བ་རང་བཞིན་བརྗོད་པའི་རྒྱན།) དེ་ལྟར་ངང་པའི་ཚོགས་དག་སོང་བ་ལས་ཉིན་ཞག་འགའ་ཙམ་ན། ཤར་གྱི་རྒྱ་མཚོའི་ནང་། ཡིད་དུ་འོང་བའི་མཚོ་པདྨི་དྲྭ་བས་ཁེབས་ཤིང་། རིན་པོ་ཆེ་སྣ་ཚོགས་ཀྱི་གླིང་བེེཌཱུརྱ་བྱེ་མ་བརྡལ་བ། ཙནྡ་སྦྲུལ་གྱི་སྙིང་པོའི་ཚལ་མཐིང་གར་འཁྲིགས་པ་ཞིག་ན། ནོར་བུ་ཨིནྡྲནཱིལ་གྱི་རང་བཞིན་ནམ་མཁའ་དྭངས་པའི་མདོག་ལྟར་སྔོ་བའི་ཁང་བཟང་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། ཨུཏྤ་མཐིང་ག་འཁྲིགས་པ་འདྲ་བ་ལས། ། ནོར་བུའི་གཞལ་མེད་ཁང་མཐོ་འོད་ཀྱིས་མཛེས། ། གེ་སར་དྲྭ་བས་གཡོག་པས་སྐྱེད་མོས་ཚལ། ། རིང་ནས་གསལ་བ་ཅི་ཞིག་ལགས་སམ་ཀྱེ། ། དཔེ་གཟུགས་འདྲེས་པའི་རྒྱན།) ལམ་མཁན་གྱིས་སྨྲས། འདི་ནི་ཀླུའི་དབང་པོ་ནོར་རྒྱས་ཀྱི་ཕོ་བྲང་མེ་ཏོག་ཟུམ་པ་ཅན་ཡིན་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་ཀུན་ཏུ་གང་ངོ། ། བཞིན་བཟང་གིས་སྨྲས་པ། ཀྱེ་བཟང་པོ་བདག་ཅག་འགྲོ་བའི་གནས་དེ་དང་ཇི་ཙམ་ཞིག་ན་ཡོད། ལམ་མཁན་གྱིས་སྨྲས་པ། ད་དུང་ཤིན་ཏུ་རིང་ངོ་། དེ་ནས་ཉིན་ཞག་འགའ་ཙམ་སོང་སོང་བ་ན། རིན་པོ་ཆེའི་རི་མཆོག་ཏུ་དཀར་བ་གངས་རིའི་རྒྱལ་པོ་ཟླ་བའི་འོད་ཀྱིས་འཚེར་བ་ལྟ་བུ་ཞིག་མཐོང་སྟེ་ངང་པས་རྒྱལ་པོས་དྲིས་པ། ནོར་བུ་ཆུ་ཤེལ་འཚེར་བའི་ལྷུན་པོ་ལ། ། ཉི་བྱེད་འོད་ཀྱིས་དྲྭ་བས་གཡོགས་པ་བཞིན། ། ཆུ་སྲིན་འཛིན་ཁྲིའི་གནས་ན་མཛེས་པའི་རི། ། རིང་ནས་གསལ་བ་དེ་འདྲ་ཅི་ཡིན་ཀྱེ། ། དཔེ་གཟུགས་འདྲེས་མའི་རྒྱན།) ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་པདྨི་ཕོ་བྲང་སྤྲིན་གྱི་སྙིང་པོ་ཡིན་ཏེ་ནོར་བུ་འོད་ཀྱི་སྙེ་མ་དང་ཀེ་ཀེ་རུ་དག་མང་ངོ་། དེ་ལས་ཀྱང་འདས་ཏེ་ཉིན་ཞག་འགའ་སོང་བ་ལས། རི་མཆོག་ཏུ་དམར་བ་རྒྱ་མཚོའི་རླབས་ཀྱི་གཉེར་མས་རེས་འགའ་ཆུའི་གཏིང་དུ་ནུབ་པ་སྙམ་བྱེད་པ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པས། ཆུ་གཏེར་ཟབ་མོའི་ནང་ན་མཛེས་པའི་རི། ། ནོར་བུ་པདྨརཱ་གའི་མདོག་འདྲ་ཞིང་། ། དུས་རླབས་གཡོ་བས་རྩེད་འཇོ་བགྱིད་པ་བཞིན། ། མཛེས་པ་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། ། དཔེ་དང་འདྲེས་པའི་ངོ་མཚར་ཕུལ་བྱུང་གི་རྒྱན།) ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་མཐའ་ཡས་ཀྱི་ཕོ་བྲང་འོད་ཀྱི་དྲྭ་བ་ཡིན་ཏེ། ནོར་བུ་སྤུག་དང་མུ་ས་ར་ག་གདག་མང་ངོ་། ། དེ་ལས་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བ་ན་རི་བོ་མཆོག་ཏུ་སེར་བ་གུར་གུམ་གཞོན་ནུའི་མདོག་འདྲ་བ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། གསེར་རི་འོད་ཀྱི་དྲྭ་བས་མཛེས་པ་ལ། ། ཨིནྡྲནཱི་ལའི་སྟོད་གཡོགས་འཛིན་པ་བཞིན། ། མཐིང་ག་རྒྱ་མཚོའི་ཆུ་རླབས་གོས་གྱོན་པའི། ། མཛེས་པ་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། ། དཔེ་དང་འདྲེས་པའི་ངོ་མཚར་ཕུལ་བྱུང་གི་རྒྱན།) ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་པདྨཆེན་པའི་ཕོ་བྲང་གསེར་གྱི་དྲྭ་བ་ཅན་ཡིན་ཏེ་ནོར་བུ་མཐོན་ཀ་དང་ཆུ་དྭངས་དག་མང་ངོ་། ། དེ་དག་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གླིང་ནོར་བུ་བེེཌཱུརྱ་བྱེ་མ་བརྡལ་བ། ཙནྡ་སྣ་ཚོགས་ཀྱི་སྐྱེད་ཚལ་ན་དབྱར་གྱི་ཨུཏྤ་རབ་ཏུ་རྒྱས་པ་ལྟ་བུའི་རི་ལྗང་གུ་སྣང་བ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། རྨ་བྱའི་མགྲིན་པ་ལྟ་བུར་མཛེས་པའི་རི། ། ལྗང་གུར་འཚེར་བའི་འོད་ཟེར་འགྱེད་པ་ནི། ། ཙན་དན་ལྗོན་པའི་ཚོགས་དང་འགྲན་པ་བཞིན། ། རིང་ན་གནས་པ་འདི་འདྲ་ཅི་ཞིག་ཀྱེ། ། ངོ་མཚར་ཕུལ་བྱུང་གི་རྒྱན།) ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་རྒྱ་མཚོའི་ཕོ་བྲང་རིན་ཆེན་སྙིང་པོ་ཡིན་ཏེ་ནོར་བུ་འོད་ཀྱི་དྲྭ་བ་དང་པདྨི་སྙིང་པོ་དག་ཤིན་ཏུ་མང་ངོ་། ། དེ་ལས་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བའི་མཚམས་ན། རིན་པོ་ཆེ་སྣ་ཚོགས་ཀྱི་རི་འོད་ཀྱི་དྲྭ་བས་མཛེས་ཤིང་། ཙནྡ་ས་མཆོག་ ཙནྡ་དཀར་པོའི་རིགས་གསུམ་གྱི་ཡ་གྱལ་ཞིགགི་ཚལ་མཐིང་གར་འཁྲིགས་པ། གསེར་གྱི་བྱེ་མ་བརྡལ་བའི་གླིང་ནོར་བུ་སྣ་ཚོགས་ཀྱིས་བཀྲམ་ཞིང་རྒྱ་མཚོའི་མདོག་ཀྱང་ལྗང་གུར་འཚེར་བ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། དྭངས་པའི་མཚོ་ན་རིན་ཆེན་སྙིང་པོའི་རི། ། ཙནྡ་ལྗོན་པའི་ཕྲེང་བས་བསྐོར་བ་ནི། ། མཐིང་གར་འཚེར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ། ། ནོར་བུའི་གླིང་ན་མཛེས་པ་ཅི་ཞིག་ཀྱེ། ། ཐེ་ཚོམ་ཕུལ་བྱུང་གི་རྒྱན།) ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་གཙུག་ན་རིན་ཆེན་གྱི་ཕོ་བྲང་འོད་ཀྱི་སྙིང་པོ་ཡིན་ཏེ། འཛམ་བུའི་གླིང་ན་ཡོད་པའི་རིན་པོ་ཆེའི་རིགས་ཐམས་ཅད་དང་། ཁྱད་པར་དུ་ནོར་བུ་མཐོན་ཀ་ཆེན་པོ་དང་། བེེཌཱུརྱ་དང་། པདྨི་དྲྭ་བ་དང་། ཉི་ཟླའི་འོད་དང་། སྤྲིན་གྱི་སྙིང་པོ་དང་། མཆིང་བུ་དང་། ཡིད་བཞིན་ནོར་བུ་བསམ་འཕེལ་རྣམས་ཀྱིས་ཀུན་ཏུ་གང་ངོ་། ། དེ་ལྟར་ངང་པའི་ཚོགས་དག་རིན་པོ་ཆེའི་རི་དང་། གླིང་དང་མཚོའི་བྱེ་བྲག་སྣ་ཚོགས་པ་གཞན་དང་གཞན་དག་ལས་ཀྱང་འདས་སྟེ། སོས་ཀའི་དུས་ཟླ་བ་གསུམ་གྱི་བར་ཉིན་རེ་བཞིན་དྭངས་པའི་མཁའ་ལ་འགྲོ་ཞིང་མཚན་མོ་རིན་པོ་ཆེ་དང་པདྨདང་ནོར་བུའི་མཚོར་གནས་བཅས་ཏེ། འཇིག་རྟེན་དབང་པོ་ཡིད་ལ་བྱེད་ཅིང་ཤར་ཕྱོགས་ལོགས་སུ་སྙེགས་པ་ལ་བརྩོན་པར་གྱུར་ཏོ། ། ཉིན་བཞིན་དྭངས་པའི་མཁའ་ལ་མཛེས་པའི་བྱ། ། གདངས་སྙན་ངང་པའི་ཅ་ཅོ་འཕེལ་བ་ནི། ། པདྨི་མཚོ་གླིང་ཉིད་དུ་རབ་འཁྲུལ་ནས། ། འོད་སྟོང་ལྡན་པ་དག་ཀྱང་ཉི་འོད་འགྱེད། ། ཏིང་ངེ་འཛིན་གྱི་རྒྱན།) མཚན་མོ་ཆུ་གླིང་ངང་པས་བརྒྱན་པའི་དག། དྲི་ཞིམ་ཀུནྡཚལ་དུ་རབ་འཁྲུལ་ནས། ། སྐར་མའི་ཚོགས་ཀྱིས་བསྐོར་བའི་རི་བོང་འཛིན། ། བསིལ་བའི་འོད་ཟེར་དྲྭ་བ་འགྱེད་ལ་ལྟོས། ། ཏིང་ངེ་འཛིན་གྱི་རྒྱན།) དེ་ནས་གླིང་དེ་དག་ལས་འདས་པའི་ཤར་ཕྱོགས་ན། ཙནྡ་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་པའི་གླིང་སྔོ་ཞིང་སྣུམ་སྣུམ་ལྟར་འདུག་པའི་དབུས་ན། རི་མཆོག་ཏུ་དཀར་བ་ཟླ་བ་འཆར་ཀ་ལྟར་མཛེས་པའི་སྟེང་ན་རིན་པོ་ཆེའི་ཁང་པས་བརྒྱན་པ། རྒྱ་མཚོའི་མདོག་ཀྱང་ནོར་བུ་འོད་ཀྱི་སྙེ་མ་ལྟར་དཀར་ཞིང་འཚེར་བ་དག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། གངས་ཅན་རི་ནི་རིན་ཆེན་འོད་འཕྲོ་ཞིང་། ། ཁང་བརྩེགས་ནོར་བུའི་དྲྭ་བས་གཡོགས་པ་བཞིན། ། ཙནྡ་ནགས་འཁྲིགས་འོ་མའི་ཆུ་གཏེར་ནང་། ། ཀུན་ནས་མཛེས་པ་འདི་འདྲ་ཅི་ཡིན་ནམ། ། ཐེ་ཚོམ་ཕུལ་བྱུང་གི་རྒྱན།) ལམ་མཁན་གྱིས་སྨྲས་པ། ། འདི་ནི་འཕགས་མ་གོོ་རིའི་ཕོ་བྲང་རྒྱ་མཚོའི་སྤྲིན་ཡིན་ཏེ། ལྷ་དང་གྲུབ་པ་དང་རིགས་སྔགས་འཆང་རྣམས་ཀྱིས། ཉེ་བར་བརྟེན་པའོ་ཞེས་བརྗོད་དེ། གླིང་དེར་སོང་བ་ལས་རིན་པོ་ཆེའི་ཤིང་ལྗོན་པ་ནོར་བུའི་དྲྭ་བས་དཔྱངས་པ་འབུམ་ཕྲག་དུ་མས་དཀྲིགས་པའི་བར་ན་ལྷ་དང་དྲང་སྲོང་དུ་མ་རབ་ཏུ་རྒྱུ་ཞིང་པདྨི་མཚོ་ལས་བུང་བས་སྙན་པར་སྒྲོགས་པའི་གླུ་དང་སེར་བུར་ངད་ཀྱིས་གསུང་ཞིམ་པོ་དལ་བུས་ལྡང་པ་ལ་བསམས་ཏེ། ངང་པའི་རྒྱལ་པོས་སྨྲས་པ། རིན་ཆེན་ལྗོན་ཤིང་དུ་མའི་ནགས་ཁྲོད་ན༎ ལྷ་དང་དྲང་སྲོང་མང་པས་རབ་ཏུ་གང་༎ དུས་རླུང་སེར་བུའི་ངད་ཀྱིས་གཡོ་བ་ཡི༎ མེ་ཏོག་ཆར་པ་ལྡིང་ཞིང་འབབ་ལ་ལྟོས༎ ཤེས་བྱེད་ཀྱི་རྒྱུ་རྒྱན།) བཞིན་བཟང་གིས་སྨྲས་པ། འོད་འཕྲོ་པདྨི་སྤྲིན་གྱི་ཁང་བཟང་ན༎ སྦྲང་རྩི་འཛིན་པ་དག་གིས་གླུ་ལེན་ཞིང་༎ ཉི་ཟེར་གསལ་བར་འཛུམ་པའི་ན་ཆུང་དག ། ཕན་ཚུན་གཡོ་བས་བྲོ་གར་བྱེད་པ་བཞིན༎ གཟུགས་རྒྱན་དང་འདྲེས་པའི་སེམས་མེད་རབ་རྟོགས།) དེ་ནས་ནགས་ཁྲོད་དག་ཀུན་ཏུ་རྒྱུ་ཞིང་སོང་བ་ལས། མཐར་གྱིས་རིན་པོ་ཆེ་སྣ་ཚོགས་ཀྱི་རིའི་རྩེ་མོར་གངས་རིའི་སྟོད་གཡོགས་ལྟར་དཀར་བའི་སྟེང་ན་ཁང་བུ་བརྩེགས་པ་མཐོང་སྟེ། ལམ་མཁན་གྱིས་སྨྲས་པ། སྣ་ཚོགས་རིན་ཆེན་སྙིང་པོས་བརྒྱན་པའི་རི༎ རོལ་པའི་སྤྲིན་གྱིས་སྟོད་གཡོགས་འཛིིན་པ་བཞིན༎ གོོ་རཱི་རིན་ཆེན་པདྨི་ཁང་བཟང་དུ༎ གྲོགས་དག་ཚུར་ཤོག་དགའ་བས་འདོང་བར་གྱིས༎ དངོས་དཔེ།) ཞེས་བརྗོད་དེ། རི་དེའི་རྩེ་མོར་འཛེགས་ཏེ་ཕྱིན་པ་ན་འཕགས་མ་གོོ་རཱིའི་ཕོ་བྲང་ནོར་བུ་འོད་ཟེར་སྤྲིན་གི་ཁང་པའི་སྒོ་དྲུང་ན་ཀླུའི་བུ་མོ་མང་པོ་རིན་པོ་ཆེའི་སྲད་བུ་འཁེལ་ཞིང་གླུ་ལེན་པ་དག་མཐོང་ནས། ལམ་མཁན་གྱིས་དེ་དག་ལ་སྨྲས་པ། ཀྱེ་གཞོན་ནུ་དག འཛུམ་བུའི་གླིང་ནས་ལྷགས་པའི་ངང་པ་དག་འཕགས་མར་ལྟ་ཞིང་ཆོས་ཉན་པའི་སླད་དུ་མཆིས་སོ་ཞེས་སྦྲོན་ཅིག་དེ་ནས་ཀླུའི་བུ་མོ་གཅིག་སོང་སྟེ་འཕགས་མ་ལ་བསྙད་པས། དེས་ཀྱང་རྗེས་སུ་གནང་ནས་བུ་མོ་དེ་ཕྱིར་བྱུང་སྟེ་ངང་པ་དེ་དག་ལ་ནང་དུ་འཇུག་པའི་བརྡ་བྱས་སོ། །
(4) འཕགས་མ་གཽ་རཱི་ལས་ཆོས་ཞུས་རྗེས་སླར་ཡང་ཤར་དུ་བསྐྱོད་པ། དེ་ནས་གཞལ་མེད་ཁང་གི་ནང་དུ་སོང་བ་ལས་རིན་པོ་ཆེའི་ཁྲི་ལ་འཕགས་མ་གོོ་རཱི་མཆོག་ཏུ་དཀར་ཞིང་འཛུམ་པ་མཚན་དང་དཔེ་བྱད་ཀྱིས་འབར་བའི་སྐུ་དར་དང་རིན་པོ་ཆེའི་དུ་མས་ལེགས་པར་བརྒྱན་པ་མིའམ་ཅི་དང་ཀླུ་དང་ལྷ་མ་ཡིན་གྱི་བུ་མོ་འབུམ་ཕྲག་དུ་མས་བསྐོར་ཏེ་པི་ཝང་སྦྲེང་བ་མཐོང་ནས་དྲུང་དུ་ཕྱིན་ཏེ། དད་པས་ཕྱག་འཚལ་ཞིང་མེ་ཏོག་ལ་སོགས་པས་མཆོད་དེ། ངང་པའི་རྒྱལ་པོས་བསྟོད་པ། ཤིན་ཏུ་མི་གཡོ་སྤྲོས་ཀུན་བྲལ་བའི་ལྷ། ། འདོད་ནས་ཞི་ཞིང་རང་བཞིན་མྱ་ངན་འདས། ། བསམ་མེད་བརྗོད་བྲལ་གོོ་རཱི་ཆོས་ཀྱི་སྐུ། ། རྒྱལ་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། ། རིགས་མཐའ་མའི་གསལ་བྱེད་ཀྱི་རྒྱན།) བཞིན་བཟང་གིས། གངས་རིའི་ངོས་ལ་ཞི་བའི་ཆར་སྤྲིན་བཞིན། ། ཤིན་ཏུ་མི་གཡོ་བཅོམ་ལྡན་ཐུགས་རྗེའི་ལྷ། ། གོོ་རཱི་རིན་ཆེན་མཚན་དཔེས་བརྒྱན་པའི་སྐུ། ། གཏི་མུག་མུན་བྲལ་མཛད་ལ་ཕྱག་འཚལ་ལོ། ། ཆོས་དཔེ་འདྲེས་པའི་རྒྱན།) ལམ་མཁན་གྱིས་བསྟོད་པ། ཐུགས་རྗེ་ཞི་བ་བསིལ་བའི་རྫིང་བུ་ལས། ། རྨད་བྱུང་བྱིན་རླབས་ཆུ་རྒྱུན་བཟང་པོ་འབབ། ། འགྲོ་བློའི་ཉོན་མོངས་མེ་ཚོགས་ཞི་མཛད་པ། ། ཀུན་མཁྱེན་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། ། གཟུགས་རྒྱན།) ཞེས་བརྗོད་དེ་ཞབས་ཀྱི་དྲང་དུ་འཁོད་པ་ན། འཕགས་མ་གོོ་རཱིས་དེ་དག་གི་བསམ་པ་དང་རྗེས་སུ་མཐུན་པའི་ཆོས་གསུངས་པ། དངོས་ཀུན་མི་རྟག་རང་བཞིན་སྙིང་པོ་མེད། ། གསོག་དང་གསོབ་དང་ཡ་མ་བརླ་འདྲ་ཞིང་། ། ལྦུ་བ་རྡོལ་འདྲ་ཆུ་ཤིང་སྡོང་པོ་བཞིན། ། རང་བཞིན་མེད་ལ་སྣ་ཚོགས་སྣང་བའི་ཆོས། ། དཔེ་རྒྱན།) དེ་དངོས་ཀྱིས་སྟོང་གཟུགས་བརྙན་དང་འདྲ་བར། ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། འགྲོ་བ་འཁྲུལ་བ་རྨི་ལམ་སྒྱུ་འདྲའི་ཚོགས། ། ཞི་བའི་ཚལ་དུ་བདག་གིས་དྲུང་བྱ་ཞེས། ། དཔེ་རྒྱན།) བྱམས་པའི་རང་བཞིན་སྙིང་རྗེའི་ཆུས་བརླན་ལ། ། བྱང་ཆུབ་སེམས་ཉིད་བརྟན་པོར་གཟུང་བར་བྱ། ། དེ་བཞིན་ཉིད་དང་རྒྱུ་དང་ཀུན་ཏུ་སྣང་། ། ཡོན་ཏན་གཟིགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། ། ཡན་ལག་གཅིག་པའི་གཟུགས་རྒྱན།) ཡུལ་དང་སེམས་བྲལ་རང་བཞིན་གདོད་མའི་ངང་། ། སེམས་ཉིད་རྒྱལ་པོ་དུས་གསུམ་འཕོ་འགྱུར་མེད། ། གཅིག་དང་ཐ་དད་བྲལ་བའི་ཆོས་ཉིད་ལ། ། བལྟར་མེད་བསམ་ཡུལ་བྲལ་བའི་ཚུལ་གྱིས་བཞག ། ཆ་ཤས་ཅན་གྱི་གཟུགས་རྒྱན།) གང་གང་མཐོང་བར་རང་བཞིན་གཉུག་མའི་གྲོགས། ། མེ་དང་ཤིང་ལྟར་མཁས་པས་རྟོགས་པར་བྱ། ། བདེ་དང་སྡུག་བསྔལ་བར་མའི་དངོས་ཀུན་ལ། ། སྣ་ཚོགས་ལས་དང་བྱང་ཆུབ་སེམས་ཉིད་དང་། ། དངོས་དཔེ།) ཆོས་ཉིད་གྲོགས་ཏེ་གཉེན་པོ་གསུམ་དག་གིས། ། འཁོར་བའི་རང་བཞིན་ཐར་པའི་ལམ་དུ་བསྒྱུར། ། འདི་ནི་ཆོས་ཀུན་ སྙིང་པོའི་བཅུད་ཕྱུང་བས། ། སངས་རྒྱས་པདྨམྱུར་དུ་བསྐྲུན་པར་བྱེད། ། གཟུགས་རྒྱན།) ཅེས་གསུངས་མ་ཐག་ཏུ་ངང་པའི་ཚོགས་དེ་དག་གིས་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། སྐྱེ་བོ་དམ་པ་རྣམས་དང་འཕྲད་པ་དག ། སྣ་ཚོགས་ཡོན་ཏན་ཀུན་གྱི་གཞིར་གྱུར་ཏེ༎ གཟུངས་སྤོབས་ཆོས་ཀྱི་མཛོད་ལ་མངའ་བརྙེས་ནས༎ སྡུག་བསྔལ་རྒྱ་མཚོའི་ཕ་མཐའ་མཆོག་ཏུ་འགྲོ ། དོན་གཞན་བཀོད་པའི་རྒྱན།) དེ་ནས་བྱའི་ཚོགས་དེ་དག་གིས་འཕགས་མ་གོ་རཱི་ལས་རྗེས་སུ་བསྟན་པ་ཐོབ་ནས། ལན་བརྒྱ་སྟོང་དུ་མར་ཕྱག་འཚལ་ཞིང་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ་མེ་ཏོག་ལ་སོགས་པས་མཆོད་ནས་ཕྱིར་བྱུང་སྟེ། གླིང་དེ་དག་ལས་ཀྱང་འདས་ནས་ཟླ་བ་ཕྱེད་ཀྱི་བར་དུ་སོང་སོང་བའི་ཤར་ཕྱོགས་ནས་རྒྱ་མཚོའི་ནང་གི་ནོར་བུའི་བྱེ་བྲག་གིས་སྟེང་གི་ཆུའི་ཁ་དོག་ཀྱང་སྣ་ཚོགས་སུ་བསྒྱུར་ཞིང་། རིན་པོ་ཆེའི་ཤིང་ལྗོན་པ་འབུམ་ཕྲག་དུ་མའི་ཁ་དོག་གསལ་བའི་དབུས་ན། ངོ་མཚར་རྨད་དུ་བྱུང་བའི་རི་མཆོག་ཏུ་དཀར་ཞིང་འཚེར་བའི་ངོས་ལ་སྐྱེད་མོས་ཚལ་མཐིང་ག་འཁྲིགས་ཤིང་སྟེང་ན་ལྷའི་གཞལ་མེད་ཁང་འོད་ཀྱི་དྲ་བས་མཛེས་པ་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། རིན་ཆེན་རྒྱ་མཚོའི་ནང་ན་མཛེས་པའི་རི། ། རྩེ་མོ་དཀར་གསལ་འོད་ཀྱི་ཁང་པས་མཛེས། ། ངོས་རྣམས་ནོར་བུ་ཨིནྡྲནཱིལ་ལྟར་སྔོ། ། ཡིད་འོང་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། ། དཔེ་རྒྱན།) ལམ་མཁན་གྱིས་ཞེ་ས་དང་བཅས་པས་ཐལ་མོ་སྦྱར་ཏེ་སྨྲས་པ། སྤྱན་རས་གཟིགས་དབང་བཞུགས་གནས་པོ་ཏ་ལ། ། མེ་ཏོག་བརྒྱན་པའི་ཕོ་བྲང་ཆེན་པོ་སྟེ། ། བདག་ཅག་རྣམས་ཀྱང་གུས་པའི་སེམས་བཏུད་ལ། ། དད་པའི་འདབ་གཤོག་གཡོ་བས་ཕྱག་འཚོལ་ཅིག ། གཟུགས་རྒྱན།) ཅེས་བརྗོད་མ་ཐག་ཏུ་ཐམས་ཅད་ཀྱང་སོ་སོ་ནས་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བྱེད། ལྷག་པར་དད་པའི་གཤོག་གཉིས་ཐལ་སྦྱར་ཏེ། ། འཇིག་རྟེན་དབང་པོའི་དྲུང་དུ་ཕྱག་འཚལ་བ། ། བུང་བའི་གླིང་བུས་བསྒྱུར་བའི་པདྨ་དང་། ། སེར་བུས་བསྐྱོད་པའི་བྲོ་གར་བྱེད་པ་འདྲ། ། དངོས་དཔེ།)
(5) པོ་ཏ་ལའི་ཞིང་ཁམས་སུ་སླེབས་པ། དེ་ནས་མཐར་གྱིས་སོང་བ་ན་རི་དེའི་ཆུ་མཚམས་རྒྱ་མཚོའི་རླབས་ཀྱིས་གཉེར་བའི་ཕུག་ཅིག་མཐོང་ནས། ངང་པའི་རྒྱལ་པོས་དྲིས་པ། ཉེར་ཉེར་ལྦུ་བའི་ཕྲེང་བ་འཁྲིགས་པ་ཡི། ། ཆིལ་ཆིལ་རླབསཀྱིས་བསྐྱོད་པའི་རྒྱ་མཚོ་དག། ཡང་ཡང་བྲག་རིའི་ཕུག་འདིར་སྙེགས་ལ་བརྩོན། ། ཀྱེ་ཀྱེ་ཕྱོགས་འདིར་ཅི་ཞིག་བཞུགས་པ་ལགས། ། ཐེ་ཚོམ་ཕུལ་བྱུང་།) ལམ་མཁན་གྱིས་སྨྲས་པ། འདི་ནི་རང་བྱུང་དབང་པོའི་ཕུག་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་བྱོན་པ་དག་བཞུགས་ཀྱི་བདག་ཅག་དད་པས་ཕྱག་འཚལ་དུ་འདོང་ངོ། ཞེས་བརྗོད་དེ་སོང་བ་ལས། རིན་པོ་ཆེའི་ཕུག་ཡངས་ཤིང་ཉམས་དགའ་བའི་ནང་བྲག་རིའི་ངོས་ལ་སོ་སོའི་སྣང་བ་དང་མཐུན་པར་གཟུགས་བརྙན་འཆར་བའི་སྐུ་རྒྱ་མཚོའི་རླབས་ཕྱིར་སྡུད་པའི་ཚེ་སྣང་ཞིང་ནང་དུ་འཇུག་པའི་ཚེ་མི་སྣང་བ་ཞིག་མཐོང་ནས་ཁ་ཅིག་གིས་སྨྲས་པ། རིན་ཆེན་ཕུག་ཡངས་དག་གི་བྲག་རི་ངོས། ། རང་བྱུང་འཇིག་རྟེན་དབང་པོ་ཤར་བ་ལ། ། རྒྱ་མཚོའི་ཆུ་ཡང་དད་པས་ཕྱག་འཚལ་ཞིང་། ། དུལ་བའི་ལུས་ཀྱིས་ཁྲུས་གཙང་གསོལ་བ་བཞིན། ། སེམས་མེད་རབ་བཏགས།) ཁ་ཅིག་གི་སྨྲས་པ། ཤར་རི་རིན་ཆེན་འཇིག་རྟེན་དབང་པོའི་ཕུག། རང་བྱུང་རྒྱལ་བའི་གཟུགས་བརྙན་ཤར་བ་ལ། ། དད་པའི་གདུང་ཤུགས་གཡོ་བས་མ་བཟོད་དེ། ། ཀླུ་མཆོག་རྣམས་ཀྱི་གནས་ཀྱང་བསྐྱོད་པ་བཞིན། ། སེམས་མེད་རབ་བཏགས།) ཞེས་བརྗོད་དེ་མེ་ཏོག་ལ་སོགས་པས་མཆོད་ཅིང་ཕྱག་འཚལ་བ་ན། ཁ་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་ཕྱག་སྟོང་པར་མཐོང་ནས་བསྟོད་པ། མཛེས་སྐུ་པདྨི་སྟེང་ན་པདྨབཞིན༎ འདབ་སྟོང་རྒྱས་པའི་ཕྱག་སྟོང་མཛེས་པ་ལ༎ སྤྱན་སྟོང་མངའ་བ་མགོན་པོ་བཅུ་གཅིག་ཞལ༎ ཟླ་བ་དྲི་མེད་འོད་ལ་ཕྱག་འཚལ་ལོ༎ རབ་སྤེལ་རྒྱན།) ཁ་ཅིག་གིས་ཕྱག་བཞི་པར་མཐོང་ནས་བསྟོད་པ། ཡིད་འོང་གངས་རི་ལྟ་བུར་མཛེས་པའི་སྐུ༎ ཞལ་གཅིག་ཕྱག་བཞི་རིན་ཆེན་རྒྱན་རྣམས་རྫོགས༎ ཐུགས་རྗེ་ཞི་བ་བསིལ་བའི་འོད་འཕྲོ་བ།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། དངོས་དཔེ།) ཁ་ཅིག་གིས་ཕྱག་གཉིས་བར་མཐོང་སྟེ་བསྟོད་པ། ཞལ་གཅིག་ཕྱག་གཉིས་འཛུམ་དང་ལྡན་པའི་སྐུ། ། རྟག་པར་བརྩོན་པས་མི་བཞུགས་བཞེངས་པ་ནི། ། སྙིང་རྗེའི་ངང་ཅན་ཕན་བདེའི་འོད་སྟོང་འགྱེད། ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། བྱ་བ་རང་བཞིན་བརྗོད་པའི་རྒྱན།) ཞེས་བརྗོད་དེ་མཐར་གངས་རི་དེའི་དྲུང་ནས་འཛེགས་ཏེ་འཇིག་རྟེན་དབང་པོའི་སྐྱེད་ཚལ་རིན་ཆེན་སྤྲིན་དུ་སོང་བ་ན། ནང་གི་ཉེ་བར་ལེན་པའི་རྐྱེན་གྱིས་ཕྱི་རོལ་གི་ཡུལ་ཡང་ཐ་དད་དུ་སྣང་སྟེ། གང་དག་ཆུ་བུར་གྱི་མིག་དང་ལྡན་པ་རྣམས་ཀྱིས་སྐྱེད་ཚལ་གྱི་གཞི་དེ་ཉིད་ཙནྡ་གྱི་ལྗོན་པས་དཀྲིགས་ ཤིང་། པདྨདང་ཀུ་མུ་ཏས་གང་བའི་ཆུ་རྒྱུན་གཙང་མ་ཁ་དུ་མ་ནས་འབབ་པ། མེ་ཏོག་གི་ཚལ་ན་བུང་བ་ལྡིང་ཞིང་བྱ་དང་རི་དྭགས་མང་པོ་བདེ་བར་རྒྱུ་བའི་གནས། ཐང་མཚམས་སུ་རྒྱ་མཚོའི་ཆུས་བསྐོར་ཞིང་རྩེ་མོ་གངས་རིའི་ཟེ་བས་སྤུད་པའི་སྟེང་ན་གཙུག་ལག་ཁང་ཚོན་རྩི་སྣ་ཚོགས་ཀྱིས་ཁ་བསྒྱུར་བ་གཡུའི་ཕེབས་ནོར་བུའི་ཏོག་གིས་མཛེས་ཤིང་། རི་དེའི་ཁོར་ཡུག་ཏུ་དཔག་ཚད་ཕྱེད་བཞི་དང་གྱེན་ཐུར་དུ་དཔག་ཚད་སུམ་བརྒྱ་མཚོའི་ནང་ནས་འཐོན་པར་མཐོང་སྟེ་སྨྲས་པ། ། འཕགས་པའི་བཞུགས་གནས་ཡིད་འོང་པོ་ཏ་ལ། ། རྩེ་མོ་གངས་རིའི་དྲྭ་བས་གཡོགས་པའི་སྟེང་། །
ཁང་བརྩེགས་ཡིད་འོང་ནོར་བུའི་ཏོག་གིས་མཛེས། །
ངོས་རྣམས་དྲི་ཞིམ་ལྗོན་པས་རབ་འཁྲིགས་ཞིང་། ། མཚོ་དང་རྫིང་བུའི་ལྟེང་ཀ་ངུར་པས་ཁེངས། ། ཐང་མཚམས་རྒྱ་མཚོའི་ཆུ་རླབས་གཉེར་བ་ཡིས། ། ཕྱོགས་ཀྱི་ཐ་གྲུའི་ཁྱོན་རྣམས་འཇལ་བ་བཞིན། ། སྣ་ཚོགས་འོད་ཟེར་འཁྲུགས་པས་མཛེས་སོ་ཀྱེ། ། དཔེ་རྒྱན།) གང་དག་ལྷའི་མིག་དང་ལྡན་པ་རྣམས་ཀྱིས་རིའི་རྒྱལ་པོ་པོ་ཏ་ལ་རང་གི་མོས་པ་དང་རྗེས་སུ་མཐུན་པར་ཆེན་པོ་དང་ཆུང་ངུ་དང་ཡངས་པ་དང་ཁ་དོག་དང་དབྱིབས་རྣམས་སྐད་ཅིག་ལ་ཇི་ལྟར་འདོད་པ་དེའི་གཟུགས་དང་བཀོད་པར་འགྱུར་ཞིང་སྣང་བའི་ཕྱིར་ཚད་མ་ངེས་ཤིང་རྒྱ་ཡོངས་སུ་མ་ཆད་པའི་ཚུལ་གྱིས་མཐོང་ངོ་། ། དེ་ཡང་འདི་ལྟར་ཐང་མཚམས་རྣམས་ན་རྒྱ་མཚོའི་ཆུས་ཡོངས་སུ་བསྐོར་བའི་ནང་ན་ལྷ་མ་ཡིན་དང་ཀླུ་མཆོག་ཏུ་གྱུར་པ་རྣམས་ཀྱི་གྲོང་ཁྱེར་སྤྲིན་གྱི་སྙིང་པོའི་ཁང་བཟང་གིས་འཁོར་ཞིང་། ངོས་རྣམས་གསེར་དངུལ་དང་ནོར་བུའི་དྲྭ་བས་གཡོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གིས་འཁྲིགས་པའི་བར་བར་དག་བེེཌཱུརྱ་དང་ཨིནྡྲནཱིལ་དང་གཏེར་གྱི་དྲིལ་བུ་ཚར་དུ་སྦྲེང་ལེགས་པའི་ནགས་ཁྲོད་རིན་པོ་ཆེའི་མཚོ་དང་རྫིང་དང་ལྟེང་ཀ་མང་པོས་བརྒྱན་པར་སྤྲལ་པའི་བྱ་དང་རི་དྭགས་མང་པོས་གླུ་གར་དང་རྩེད་འཇོ་བགྱིད་ཅིང་། ནམ་མཁའི་མཐོངས་དང་སྐྱེད་མོས་ཚལ་ཀུན་ཏུ་འོད་ཁ་ཏོག་རྣམ་པ་ལྔའི་དྲྭ་བ་དང་། གུར་དང་། བླ་བྲེ་དང་། ཁང་བརྩེགས་དང་། ཟླུམ་འཁྲིགས་དང་། མིག་མངས་རིས་དང་། གྲོང་དང་། ནགས་དང་། སྐྱེས་པ་དང་། བུད་མེད་ཀྱི་གཟུགས་སུ་སྣང་བ་རྣམས་འོད་ཀྱི་གུར་ཁྱིམ་ན་གླུ་གར་དང་རྩེད་འཇོ་བགྱིད་པའི་བར་བར་རྣམས་འོད་ཀྱི་རྩིབས་ཤར་དང་། གྱེན་རྒྱུག་དང་། རབ་འཁྱིལ་ལ་སོགས་པར་མཛེས་པའི་བཀོད་པ་སྣ་ཚོགས་པར་སྣང་ཞིང་། རི་དེའི་རྩེ་མོ་ནོར་བུ་དང་ཆུ་ཤེལ་འཚེར་བའི་སྟེང་ན་འཇིག་རྟེན་དབང་པོའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པ་མཆོད་པའི་སྤྲིན་གྱི་འོད་ཟེར་ཕྱོགས་བཅུར་འགྱེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་བ། བེེཌཱུརྱའི་ཕིབས་འཛམ་བུ་ཆུ་བོའི་གསེར་གྱི་གཙུག་ཏོར་གྱིས་མཚན་པ་མིག་འཁྲུལ་ལྟར་སྣང་ངོ། ། དེ་དག་གི་སྟེང་གི་ངོས་ན་ནམ་མཁའི་པོ་ཏ་ལ་རྒྱ་མཚོའི་ནང་གི་པོ་ཏ་ལ་དང་འགྲན་པ་ལྟ་བུ་ཞིག་སྣང་བ་ནི་ཆུ་དྭངས་ནང་གི་ཟླ་བའི་གཟུགས་བརྙན་དང་ནམ་མཁའི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་པའི་བཀོད་པ་དང་གཉིས་སུ་སྣང་བ་ལ་བསམས་ཏེ། ངང་པའི་རྒྱལ་པོས་སྨྲས་པ། ། ཤར་རིའི་རྒྱལ་པོ་ཡིད་འོང་པོ་ཏ་ལ། ། མེ་ཏོག་སྨན་ཤིང་དྲི་ཞིམ་དྭངས་པོའི་མཚོ། ། རིན་ཆེན་ལྗོན་ཤིང་མང་པོའི་རྭ་བས་བསྐོར། ། རྩེ་མོ་ནོར་བུ་ཆུ་ཤེལ་སྙིང་པོའི་སྟེང་། ། རིགས་ཐོག་མར་གསལ་བྱེད་ཀྱི་རྒྱན།) ཁང་བརྩེགས་ཡིད་འོང་མཆོད་པའི་འོད་ཟེར་འགྱེད། ། རྒྱ་མཚོའི་ནང་ན་གནས་པ་ཇི་བཞིན་དུ། ། ནམ་མཁའི་དཀྱིལ་འཁོར་ཡིད་འོང་པོ་ཏ་ལ། ། འོད་ལྔའི་ནང་ན་སྣང་ལ་རང་བཞིན་མེད། ། སྣ་ཚོགས་བཀོད་པའི་ཆོ་འཕྲུལ་འགྱེད་ལ་ལྟོས། ། ཆོས་དཔེ།) རིའི་དྲུང་ན་ཆུའི་རྦ་རླབས་གཉེར་བ་ལ་བསམས་ཏེ་ཁ་ཅིག་སྨྲས་པ། ། རིན་ཆེན་སྤྲིན་གྱི་སྙིང་པོས་བརྒྱན་པའི་མཚོ། ། མཐིང་གར་འཁྲིགས་པའི་ལག་རྩེད་དུད་པ་ནི། ། དད་པའི་གདུང་ཤུགས་གཡོ་བས་རབ་བསྐྱོད་དེ། ། དུལ་བའི་ལུས་ཀྱི་ཕྱག་ཀྱང་འཚལ་བ་འདྲ། ། སེམས་མེད་རབ་རྟོག ཡང་ཁ་ཅིག་སྨྲས་པ། ། རིན་ཆེན་འཛིན་མའི་ཆུ་གཏེར་ཆེན་པོ་ཡང་། ། ཆབ་སྒྲ་སྙན་པའི་བསྟོད་དབྱངས་རབ་སྒྲོགས་ཤིང་། ། ལྷུན་པོ་འཁོར་བར་དུས་རླབས་གཡོ་བ་ནི། ། བསོད་ནམས་བློ་ཡིས་བསྐོར་བ་བྱེད་པ་འདྲ། ། སེམས་མེད་རབ་རྟོག ཡང་ཁ་ཅིག་སྨྲས་པ། མཚན་མོ་མཁའ་ལ་གཟའ་སྐར་ཤར་འདྲའི་ཆུ། ། ལྦུ་བ་སྦྲེངས་པའི་ཟེགས་མ་འཐོར་བ་ནི། ། མེ་ཏོག་ཚར་བ་ཟིལ་གྱིས་འབབ་པ་ཡིས། ། འཇིག་རྟེན་དབང་པོའི་གནས་འདིར་མཆོད་པ་བཞིན། ། སེམས་མེད་རབ་རྟོག ཁ་ཅིག་གིས་སྐྱེད་མོས་ཚལ་བཀོད་པ་བསམས་ཏེ་སྨྲས་པ། ། རིན་ཆེན་ལྗོན་ཤིང་མེ་ཏོག་དྲྭ་བ་ཅན། ། ནོར་བུའི་ཚུལ་གྱིས་ལེགས་པར་སྦྲེངས་པ་དང་། ། དད་པས་འཇིག་རྟེན་དབང་པོ་མཆོད་པའི་ཕྱིར། ། ཤར་རི་རྒྱལ་པོའི་དྲུང་དུ་ལྷགས་པ་བཞིན། ། སེམས་མེད་རབ་རྟོག ཡང་ཁ་ཅིག་གིས་སྨྲས་པ། ། ཆུར་ཉལ་མཚོ་ན་བྱ་ཚོགས་སྒྲ་འབྱིན་ཞིང་། ། འདབ་གཤོག་གཡོ་བས་བྲོ་གར་བྱེད་པ་ནི། ། སྤྲིན་གྱི་གླང་པོ་མྱོས་པའི་ཚོགས་འདི་དང་། ། སྐྱེད་མོས་ཚལ་འདིར་ལྷན་ཅིག་འགྲན་པ་བཞིན། ། སེམས་མེད་རབ་རྟོག ཡང་ཁ་ཅིག་སྨྲས་པ། ། ལྗང་སེར་རྩ་ཡི་མྱུ་གུ་རྣམས་ནི་མེ་ཏོག་འཛུམ་པའི་དོ་ཤལ་འཕྱང་། ། འོད་ཟེར་གསལ་བའི་ཤིང་དྲུང་རྣམས་ན་ཞི་བའི་དྲང་སྲོང་མང་པོས་གང་། ། ཆུ་གཙང་པདྨ་ཁེབས་པ་རྣམས་ནི་སིལ་ཁྲོལ་ལྦུ་བའི་རྒྱན་ཕྲེང་འཛིན། ། ཡིད་འོང་ནགས་ཀྱི་བཀོད་པ་རྣམས་ནི་འཕགས་པའི་རྣམ་འཁྲུལ་ལགས་སོ་ཀྱེ། ། སེམས་ལྡན་རབ་རྟོག ཡང་ཁ་ཅིག་གིས་འོད་ཀྱི་སྣང་བ་ལ་བསམས་ཏེ་སྨྲས་པ། ། ནགས་ཀྱི་མཐོངས་དང་ཡིད་འོང་ནམ་མཁའི་ཁམས། ། འོད་ལྔའི་སྣང་བ་སྣ་ཚོགས་མཆེད་པ་ནི། ། དྲྭ་བ་དྲྭ་ཕྱེད་ཟླུམ་འཁྲིགས་ཟ་འོག་རིས། ། པདྨི་དབྱིབས་དང་ཁང་བརྩེགས་བླ་རེའི་གཟུགས། ། གྱེན་འགྲེང་རྩིབས་ཤར་ཉི་ཟླའི་འོད་ལྟར་འཕྲོ། ། ཀུན་གྱི་ནང་ན་ལྷ་ཡི་སྐྱེད་མོས་ཚལ། ། ལྷ་དང་ལྷ་མོའི་རང་བཞིན་རྣམ་འཁྲུལ་ཞིང་། ། བསྟོད་དབྱངས་སྙན་པའི་བསིལ་སྙན་འཁྲིལ་ལ་ལྟོས། ། རྨོངས་པའི་དཔེ།) ཞེས་བརྗོད་དེ་སྐྱེད་མོས་ཚལ་གྱི་ནང་དུ་རྒྱུ་ཞིང་སོང་བ་ལས། བྱ་དང་རི་དྭགས་དུ་མ་གཅིག་ལ་གཅིག་བག་ཕེབས་ཤིང་རྫིང་དང་མེ་ཏོག་དང་འཁྲི་ཤིང་རྭ་བའི་ནང་ན་གནས་པ་དག་མཐོང་སྟེ། བཞིན་བཟང་གིས་དྲིས་པ། སྐྱེད་མོས་ཚལ་འདིའི་བྱ་དང་རི་དྭགས་ཀྱང་། ། ཕན་ཚུན་བྱམས་ཤིང་དུལ་བའི་ངང་ཚུལ་ཅན། ། འདུ་འཛི་སྤངས་ཏེ་བསམ་གཏན་སྒོམ་པ་བཞིན། ། དྲང་སྲོང་སྤྱོད་ཚུལ་འདི་འདྲ་སུ་ལས་བསླབ། ། དཔེ་རྒྱན།) ལམ་མཁན་གྱིས་སྨྲས་པ། ། དམ་པ་རྣམས་དང་འགྲོགས་ན་དེ་ཡི་དྲི། ། ཡིད་འོང་པདྨའི་བསུང་གི་ཁྱབ་པར་བྱེད། ། དེས་ན་འདི་དག་མགོན་པོའི་བྱིན་རླབས་ཀྱིས། ། ཆོས་དང་ལྡན་ཞིང་ཟབ་མོའི་ཏིང་འཛིན་འཕེལ། ། གཟུགས་རྒྱན་དང་རྒྱུ་རྒྱན་འདྲེས་པའི་དཔེ།) ཞེས་བརྗོད་དེ་མཐར་གྱིས་རི་དེའི་སྟེང་དུ་སོང་བ་ལས། ། རིན་པོ་ཆེ་འོད་ཀྱི་སྙིང་པོའི་ཕོ་བྲང་ནོར་བུའི་དྲྭ་བས་གཡོགས་ཤིང་མཆོད་པའི་སྤྲིན་གྱི་བླ་རེ་གསལ་བ་ཅན་མཐོང་སྟེ། དེའི་སྒོ་དྲུང་དུ་སོང་ནས་སིལ་སྙན་འཁྲོལ་ཞིང་བསྟོད་དབྱངས་དག་བླང་པ། ། འཇིག་རྟེན་དབང་ཕྱུག་བཅོམ་ལྡན་ཐུགས་རྗེའི་ལྷ། ། ཀུན་ནས་དགྱེས་པའི་ཞལ་གྱི་པད་མཚོ་ཡིས། ། དད་བརྒྱའི་སྦྲང་རྩིར་སྤྱོད་རྣམས་རབ་གཟིགས་ཏེ། ། བདུད་རྩིའི་ཆོས་ཀྱིས་འགྲོ་བར་ཚིམ་པར་མཛོད། ། ཆ་ཤས་གཟུགས་རྒྱན།) ཅེས་བརྗོད་པ་དང་། གཞལ་མེད་ཁང་དེའི་ནང་ནས་ལྷའི་བུ་ཞིག་ཕྱིར་བྱུང་སྟེ་སྨྲས་པ། ཀྱེ་བཞིན་བཟང་དག་གང་ནས་འོང་ཅི་ཞིག་དོན་དུ་གཉེར། ལམ་མཁན་གྱིས་སྨྲས་པ། ། འཛུམ་མཛེས་གངས་རིའི་དྲུང་ནས་འོང་པ་སྟེ། ། སྣ་ཚོགས་མཆོད་པའི་འོད་ཀྱི་སྤྲིན་འཕྲོ་བས། ། འཇིག་རྟེན་དབང་པོ་མཆོད་ཅིང་བསྟོད་པ་དང་། ། ཡིད་འོང་ཆོས་ཀྱི་གསུང་དབྱངས་ཉན་དུ་མཆིས། ། བྱ་བ་རང་བཞིན་བརྗོད་པའི་རྒྱན།) ཞེས་བརྗོད་པ་དང་། དྲི་གཙང་ཁང་གི་སྒོ་ཕྱེས་ཏེ་ནང་དུ་འཇུག་པའི་བརྡ་བྱས་སོ། ། (6) སྤྱན་རས་གཟིགས་ཀྱི་དྲུང་ནས་ཆོས་ཞུས་པ། དེ་ནས་དེ་དག་གཞལ་མེད་ཁང་གི་ནང་དུ་སོང་བ་ན། ནོར་བུ་སྤྲིན་གྱི་སྙིང་པོའི་ཁྲི་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཟླ་བ་འཆར་བ་ལྟར་མཚེར་ཞིང་མཚན་དང་དཔེ་བྱད་ཀྱིས་འབར་བ་ལྷའི་གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཤིན་ཏུ་འཛུམ་པ། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་གིས་བསྐོར་ནས་བཞུགས་པ་མཐོང་ངོ་། དེའི་ཚེ་རང་རང་གི་མཆོད་པའི་ཡོ་བྱད་ཀྱིས་མཆོད་དེ་ཞབས་ལ་འདུད་པའི་ཕྱག་འཚལ་ཞིང་། ངང་པའི་རྒྱལ་པོས་བསྟོད་པ། མཆོག་ཏུ་དཀར་བ་གངས་རིའི་སྐུ་ནི་རྟ་བདུན་གཟི་བྱིན་འགྱེད་འདྲ་ཞིང་། ། པདྨི་མིག་ནི་ཐུགས་རྗེའི་ཞལ་བཟང་ཕྱོགས་བཅུར་རྒྱས་པའི་འདབ་བརྒྱ་འཛུམ། ། བདེ་འབྱུང་གཙུག་གི་ནོར་བུའི་དཔལ་ནི་ཁྱོད་ཞལ་འཛིན་མའི་ཁུར་གྱིས་ལྕི། ། དྲང་སྲོང་མཆོག་ནི་རྒྱལ་སྲས་དབུས་ན་མཆོག་ཏུ་མཛེས་ལ་ཕྱག་འཚལ་ལོ། ། དཔེ་གཟུགས་འདྲེས་པའི་རྒྱན།) བཞིན་བཟང་གིས་བསྟོད་པ། ། འོད་ཟེར་གསལ་བས་རྒྱན་རྣམས་འཁྲོལ་བའི་སྐུ། ། འགྱིང་བཅས་པདྨི་སྟེང་ན་མི་གཡོ་ཞིང་། ། ཐུགས་རྗེ་ཟླ་བ་བསིལ་བའི་འོད་འཕྲོ་བས། ། གདུལ་བྱའི་འཇིག་རྟེན་འགེངས་ལ་ཕྱག་འཚལ་ལོ། ། ཡན་ལག་གཅིག་གི་གཟུགས་རྒྱན།) ལམ་མཁན་གྱིས་བསྟོད་པ། ། མགོན་པོ་གངས་རིའི་དཀྱིལ་འཁོར་ཡངས་པ་ལ། ། འོ་མའི་མཚོ་གཏེར་ཉིད་དུ་རབ་འཁྲུལ་ནས། ། མཚན་དཔེའི་ངུར་པ་མང་པོ་འཕུར་ལྡིང་བའི། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། རྨོངས་པ་དང་གཟུགས་རྒྱན་འདྲེས་པའི་དཔེ།) མེ་ཏོག་བརྒྱན་པའི་མཚོའི་ངང་པ་རྣམས་ལས་ཁ་ཅིག་གིས་བསྟོད་པ། དུས་སྤྲིན་འཛུམ་པའི་ཐོར་ཚུགས་ནང་ན་འོད་དཔག་མེད་ཀྱི་གློག་ཕྲེང་ཅན། ། ཐུགས་རྗེའི་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཚངས་པའི་རྔ་ཆེན་གསལ་བར་སྒྲོག། སྙན་པའི་གསུང་དབྱངས་ཆོས་ཆར་བསིལ་བས་འགྲོ་བློའི་ཡིད་མཁའ་རབ་འགེངས་ཤིང་། ། སྲིད་གསུམ་ཕན་བདེའི་མེ་ཏོག་གིས་བཀྲ་འཇིག་རྟེན་དབང་པོའི་ཞབས་ལ་འདུད། ། ལྡན་པའི་གཟུགས་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། ཁྱེད་ཞལ་ཀུ་མུད་གཉེན་གྱི་དཔལ། ། གདུལ་བྱའི་མཁའ་ལ་རབ་མཛེས་པའི། ། ངེས་པ་ལ་ནི་སུ་ཡིས་འགོང་། ། འཕྲིན་ལས་འོད་དཀར་ཅན་ལ་འདུད། ། ལྡན་པའི་གཟུགས་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། ཐུགས་རྗེའི་ཕྱག་ལས་བསིལ་བའི་ཆུ་སྦྲེངས་པས། ། བདུད་སྡེའི་སྙིང་ལ་གདུང་བའི་དྲོད་འབར་ཞིང་། ། ཡི་དྭགས་རྣམས་ལ་བསིལ་བའི་བདུད་རྩིར་འབབ། ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། མི་ལྡན་པའི་གཟུགས་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། ཁྱོད་གདོང་ཟླ་བ་ཤར་བས་མི་ཟུམ་པའི། ། ཐུགས་རྗེ་མཆོག་གི་འདབ་སྟོང་ཕྱོགས་བཅུར་རྒྱས། ། གདུལ་བྱའི་བུང་བ་ལྡིང་བའི་སྐྱེད་མོས་ཚལ། ། འཇིག་རྟེན་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། ། འགལ་བའི་གཟུགས་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། མཆོག་ཏུ་ཞི་བའི་ངང་ལ་བཞུགས་ཀྱང་འཇིགས་གཟུགས་རྔམས་པའི་སྤྲིན་འཕྲོ་ཞིང་། ། ཐུགས་རྗེའི་རང་བཞིན་ཀུན་ལ་སྙོམས་ཀྱང་བདུད་དཔུང་ཕམ་པའི་ཆོ་ངེ་འདེབས། ། མཛད་པའི་ཆུ་བསིལ་འགྲོ་ལ་འགྱེད་ཀྱང་ལོག་རྟོག་གདུང་བའི་དྲོད་འབར་ཞིང་། ། བདག་མེད་རྟོགས་པའི་སྒྲ་ཆེན་སྒྲོགས་ཀྱང་སྙིང་རྗེས་འགྲོ་བ་འདྲེན་ལ་བདུད། ། འགལ་བའི་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། མཛེས་སྐུ་ཡིད་འོང་སྟོན་ཟླའི་དཀྱིལ་འཁོར་ནི། ། སྒྲ་གཅན་བཏུད་ཀྱང་གཟའ་བྲལ་ཕྱོགས་བཅུར་གསལ། ། ཉིན་བྱེད་མིན་ཡང་འོད་སྟོང་དྲྭ་བ་འགྱེད། ། གླིང་བཞིའི་དཔལ་དུ་ཤར་ལ་ཕྱག་འཚལ་ལོ། ། ཁྱད་པར་ཅན་གྱི་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། ཟླ་བའི་འོད་ཀྱིས་མི་ཕྱེ་ཞིང་། ། ཉིན་བྱེད་ཟེར་གྱིས་ནི་འཛུམ་པའི། ། འཛུམ་མཛེས་ཞི་བའི་ཀུ་མུ་ཏ། ། མཛད་པའི་འདབ་སྟོང་རྒྱས་ལ་འདུད། ། འགལ་བའི་གཟུགས་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ཉིན་བྱེད་གདུལ་བྱའི་པདྨ་འཛུམ་ཡང་མཛེས་སྐུ་འགྲོ་ཀུན་མཚན་མོའི་མིག། ཆོས་དབྱིངས་ནམ་མཁའི་དཀྱིལ་ན་གསལ་ཡང་མཁྱེན་རབ་རྒྱ་མཚོའི་རྦ་རླབས་གཡོ། ། སྙིང་རྗེའི་རྟ་བདུན་ཤུགས་ཀྱིས་བསྐྱོད་ཀྱང་ཏིང་འཛིན་མི་གཡོ་རབ་བརྟན་ཞིང་། ། འོད་ཟེར་དྲྭ་བ་ཕྱོགས་བཅུར་འགྱེད་ཀྱང་བདུད་གླིང་མུན་པར་མཛད་ལ་འདུད། ། མི་ལྡན་པའི་གཟུགས་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། ། མཐའ་ཡས་མཛེས་པའི་ཚོགས་འདི་དང་། ། ནམ་མཁའི་རྗེས་འགྲོ་མཁྱེན་བརྩེའི་ཁྱོན། ། མ་འདྲེས་ངོ་བོ་གཅིག་ཉིད་དུ། ། ཤོང་པ་ཁྱེད་སྐུའི་ཡངས་པ་མཚར། ། དཔེ་དང་འདྲེས་པའི་ངོ་མཚར་ཕུལ་བྱུང་གི་རྒྱན།) ཡང་ཁ་ཅིག་གིས་བསྟོད་པ། འཛུམ་མཛེས་ཞི་བའི་པདྨ་འདི་ནི་གེ་སར་གསལ་བའི་ཚོགས་མིན་ཞིང་། ། གསུང་སྙན་ཚངས་པའི་རྔ་སྒྲ་འདི་ནི་བྱེད་པོའི་སྒྲ་དབྱངས་ཟབ་མོ་མིན། ། ཀུན་མཁྱེན་ཐུགས་རྗེའི་ནམ་མཁའ་འདི་ནི་སྤྲིན་བྲལ་ཉི་ཟླའི་ལམ་མིན་ཞིང་། ། འཕྲིན་ལས་ཚ་ཟེར་སྣང་བ་འདི་ནི་ཉིན་བྱེད་འོད་སྟོང་མིན་ཡང་འཚར། ། ཚིག་རྐང་དང་པོ་ལ་ཡོད་པའི་བར་དུ་མ་ཆོད་པའི་ཟུང་ལྡན།) ཅེས་བརྗོད་དེ་སིལ་སྙན་འཁྲོལ་ཞིང་འཇིག་རྟེན་དབང་པོའི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་འཁོད་པར་གྱུར་ཏོ། ། མགོན་པོའི་ཐུགས་རྗེའི་འདབ་སྟོང་རྒྱས་པའི་དྲུང་། ། འདབ་བཟང་རྐང་དྲུག་ལྡན་རྣམས་ལྷགས་པ་ནི། ། དད་པའི་འདབ་གཤོག་གཡོ་བས་གར་བྱེད་ཅིང་། ། སྙན་པའི་བསྟོད་དབྱངས་དར་དིར་སྒྲོག་ལ་བརྩོན། ། ལྡན་པའི་གཟུགས་རྒྱན།) དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ངང་པའི་ཚོགས་དེ་དག་ལ་ཟབ་ཅིང་རྒྱ་ཆེའི་བའི་ཆོས་གསུངས་པ། བཞིན་བཟང་ངང་པའི་ཚོགས་དག་ཚུར་ཉོན་འཁོར་བའི་ཆོས་ལ་སྙིང་པོ་མེད། ། མཚོན་དང་དུག་དང་མེ་ཡི་འོབས་འདྲ་རྟག་ཏུ་སྡུག་བསྔལ་བསྐྱེད་པའི་གནས། ། མྱ་ངན་གནོད་པའི་ཚོགས་རབ་འཕེལ་ཞིང་མི་འདོད་བརྒྱ་ཕྲག་ཆར་བཞིན་འབབ། ། གཅིག་ནས་གཅིག་ཏུ་རྣམ་པར་བརྒྱུད་ཅིང་ཉམ་ངའི་གཡང་ས་ཕ་མཐའ་ཡས། ། མང་པའི་དཔེ།) མཐོ་རིས་གྲོང་གི་བདེ་བ་རྣམ་ཀྱང་རྨི་ལམ་བཞིན་དུ་རྣམ་པར་འགྱུར། ། བྱིས་པ་རྣམས་ནི་མཆོག་ཏུ་སྲེག་པས་ཡུལ་གྱི་ཆུ་བོར་རབ་ལྷུང་ཞིང་། ། ཉོན་མོངས་རྦ་རླབས་ཤིན་ཏུ་ཤུགས་དྲག་ལས་ཀྱི་རླུང་རབ་འཁྲུགས་པས་བཅོམ། ། གཏི་མུག་མ་རིག་མུན་པས་ལྡོངས་ཤིང་ཆགས་དང་ཁྲོ་བའི་གནས་སུ་གྱུར། ། དཔེ་དང་གཟུགས་རྒྱན་འདྲེས་པའི་དཔེ།) སྲིད་པའི་མཚོ་ཆེན་ཤིན་ཏུ་འཇིགས་རུང་སྐྱེ་ཤིའི་ཀློང་འཁོར་དང་བཅས་ཤིང་། ། རྒ་ནད་རྒུད་པའི་དུས་རླབས་གཉེར་བས་འཇིག་རྟེན་གསུམ་གྱི་ཁོང་ཁྱབ་པའི། ། རྒྱ་ཆེ་གཏིང་ཟབ་ཐར་དཀའི་གནས་ལས་ཁྱེད་ཅག་བརྒལ་བའི་བློ་གྲོས་སྐྱེད། ། སྣ་ཚོགས་རྣམ་གཡེང་འདུ་འཛི་སྤངས་ཏེ་དབེན་པར་ཞི་བའི་གསམ་གཏན་སྒོམས། ། གཟུགས་རྒྱན།) ཆོས་ཀུན་རང་གི་སེམས་ལས་བྱུང་སྟེ་སེམས་ནི་སེམས་ཉིད་ངང་ལས་བྱུང་། ། སེམས་ཉིད་གཞི་རྩ་ཀུན་ལས་འདས་ཏེ་གང་ལས་མ་བྱུང་འདུས་མ་བྱས། ། རང་བཞིན་རྣམ་དག་གདོད་ནས་ཞི་ཞིང་ནམ་མཁའ་ལྟ་བུར་རྟོགས་པར་བྱ། ། ཆོས་དཔེ།) དེ་ཉིད་དོན་ལ་རང་སེམས་ནི། ། སྤྲོས་དང་བྲལ་བར་ལྷན་ནེ་བཞག། འདི་ནི་དུས་གསུམ་རྒྱལ་བའི་ལམ། ། ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། ། དོན་བསྐོར་བའི་རྒྱན།) སྲིད་པའི་རྒྱ་མཚོ་བརྒལ་དཀའ་ལས། ། སྒྲོལ་བའི་གྲུ་ཡང་འདི་ཉིད་དོ། ། ཨེ་མ་བཞིན་བཟང་ངང་པ་དག། ད་དུང་བཤད་ཀྱིས་ལེགས་པར་ཉོན། ། གཟུགས་རྒྱན།) སྟོན་ཀའི་སྤྲིན་རྣམས་མཁའ་ལ་འགྲོ་བའི་དཔེས། ། ཚེ་ནི་མི་རྟག་གཡོ་ཤིང་སྙིང་པོ་མེད། ། སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་དུ། ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། དཔེ་རྒྱན།) ཚོང་ཁང་སྐྱེ་བོ་འདུ་ཞིང་འགྱེས་པའི་དཔེས། ། ལྷན་ཅིག་འདུས་པའི་མཛའ་བཤེས་གཉེན་འདུན་དང་། ། རང་གི་ལུས་ཀྱང་བྲལ་བའི་ཆོས་ཅན་དུ། ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། དཔེ་རྒྱན།) མཚན་མོ་གཉིད་ཀྱིས་ལོག་པའི་རྨི་ལམ་དཔེས༎ སྣ་ཚོགས་ཆོས་འདི་ཐམས་ཅད་རང་གི་སེམས༎ བགས་ཆགས་གཉིད་ལས་བྱུང་པའི་ཆོས་ཅན་དུ༎ དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ༎ དཔེ་རྒྱན།) མཁའ་ལ་སྤྲིན་རྣམས་རང་སར་དེངས་པའི་དཔེས། ། ལས་དང་ཉོན་མོངས་བདེ་དང་སྡུག་བསྔལ་ཀུན། ། དང་པོའི་བྱུང་སར་ཐིམ་པའི་ཆོས་ཅན་དུ། ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། དཔེ་རྒྱན།) དྭངས་བའི་མཚོ་ལ་གཟུགས་བརྙན་ཤར་བའི་དཔེས། ། སྣ་ཚོགས་དངོས་ཀུན་སྣང་ཡང་ངོ་བོ་མེད། ། རྣམ་ཀུན་སྟོང་པའི་གཟུགས་བརྙན་ཆེན་པོ་རུ། ། དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། ། དཔེ་རྒྱན།) ནམ་མཁའི་མཐོངས་ལ་འཇའ་མཚོན་དེངས་པའི་དཔེས། ། སྣ་ཚོགས་འགྱུ་བ་ཡེ་ཤེས་རིག་པའི་གདངས། ། རིག་པ་རང་སར་གྲོལ་བ་ཆོས་སྐུའི་ངང་། ། སྤང་བྱ་དགག་སྒྲུབ་མེད་པར་རྟོགས་པར་བྱ། ། དཔེ་རྒྱན།) ཡངས་པའི་མཁའ་ལ་བྱ་ཚོགས་ལྡིང་པའི་དཔེས། ། སེམས་ཉིད་ངང་ལ་ཡེངས་མེད་རིག་པའི་བྱ། ། གང་ཤར་འཛིན་མེད་ཕྱོགས་ལྷུང་བྲལ་བར་བཞག ། ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་གནས་པ་ཡིན། ། དཔེ་རྒྱན།) ཞེས་གསུངས་མ་ཐག་ཏུ་ངང་པའི་ཚོགས་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་ཅིང་སྙིང་རྗེ་མཆོག་ཅེས་བྱ་བའི་ཏིང་འཛིན་དམ་པ་ཐོབ་སྟེ། སོ་སོ་ནས་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་ཅིང་བསྟོད་ནས་འཇིག་རྟེན་དབང་པོའི་དྲུང་ན་མཆི་མ་འབྱིན་ཅིང་འདུག་གོ། ། དད་པའི་རང་བཞིན་ཆུ་འཛིན་གཡོ་བ་ལས། ། སྙན་པོའི་བསྟོད་དབྱངས་འབྲུག་སྒྲ་སྒྲོགས་པ་དང་། ། མཉམ་དུ་གདུང་བའི་གློག་ཕྲེང་གར་བྱེད་ཅིང་། ། མཆི་མའི་ཆར་ཟིམ་བསིལ་བ་ངང་གིས་བབ། ། གཟུགས་རྒྱན་དང་འདྲེས་པའི་ལྷན་གཅིག་བརྗོད་པའི་རྒྱན།) དེ་ནས་ཚེ་ཇི་སྲིད་ཀྱི་བར་པོ་ཏ་ལའི་གནས་དེ་ཉིད་དུ་རེས་འགའ་འཕགས་པའི་དྲུང་དུ་ཆོས་ཉན་ཅིང་། རེས་འགའ་སྐྱེད་མོས་ཚལ་གྱི་རྫིང་བུར་ཀློག་པ་དང་བསམ་གཏན་ལ་བརྩོན་པས་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་གྲག་གོ།
མཇུག་བྱང་། དེ་ལྟ་བས་ན་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་དག་གིས་འདུ་འཛི་རྣམ་པར་གཡེང་བ་སྤངས་ཏེ། རང་གི་ཡུལ་ལ་མངོན་པར་མ་ཞེན་པས་སྐྱེ་བོ་འཕགས་པས་བརྟེན་པའི་ནགས་སུ་བསམ་གཏན་སྒོམ་པ་ལ་བརྩོན་པར་བྱའོ། ། ཉི་ཟེར་གསལ་བས་ཤིན་ཏུ་འཛུམ་པའི་མཚོ་སྐྱེས་ཚལ་ནི་མིག་མེད་འགྲོ་བའི་སྤྱོད་ཡུལ་མིན། ། དྲི་ཟའི་དབང་པོས་སྙན་པར་སྦྲེང་བའི་རྒྱུད་མངས་ང་རོ་སྒྲ་འཛིན་བྲལ་བས་ཐོས་སམ་ཅི། ། མ་ལ་ཡར་འཁྲུངས་དྲི་ཞིམ་ཙནྡ་བུ་གའི་སྲིན་བུར་ནམ་ཡང་ཉེར་མཁོའི་གནས་སྐབས་མེད། ། དམ་པ་རྣམས་ནི་རྨོངས་པའི་ཚལ་ན་ཀུན་གྱིས་བཀུར་ཞིང་གྲགས་པའི་འོད་ཀྱིས་མཛེས་གྱུར་ཏམ། ། དོན་བསྐོར་བའི་རྒྱན།) ཡུན་རིང་ལྷན་ཅིག་གནས་པ་བླུན་པོའི་བློས། ། ནམ་ཡང་འདི་ན་མཁས་པ་མཐོང་བ་མེད། ། རྫིང་བུའི་ནང་གནས་རུ་སྦལ་ཚོགས་རྣམས་ཀྱིས། ། མདངས་བཀྲ་པདྨི་ཁ་དོག་མཐོང་བ་བཞིན། ། དངོས་དཔེ།) ཐོས་བསམ་རྫིང་བུའི་ནང་ན་རབ་རྒྱུ་ཞིང་། ། དུལ་བའི་ལུས་མཛེས་བསླབ་གསུམ་འདབ་གཤོག་རྫོགས། ། བློ་ལྡན་ངང་པའི་ཚུལ་འཛིན་བསམ་ཡས་པས། ། གྲུ་འཛིན་ཀུན་ཏུ་དགའ་བའི་གཏམ་འདི་བྱས། ། ཆ་ཤས་གཟུགས་ཅན་གྱི་རྒྱན།) དགེ་བ་དེ་ཡིས་བདག་དང་འགྲོ་ཚོགས་སྤྲོས་ཀུན་ཞི་བའི་ནམ་མཁའ་ལ། ། ཆོས་སྐུའི་དཀྱིལ་འཁོར་གཟོད་ནས་ཞི་ཞིང་རང་བཞིན་ལྷུན་གྲུབ་འདུས་མ་བྱས། ། ངེས་པ་ལྔ་ལྡན་གཟུགས་བརྙན་གྱིས་བཀྲ་འོད་གསལ་སྙིང་པོ་ལོངས་སྤྱོད་རྫོགས། ། སྣ་ཚོགས་སྤྲུལ་སྐུའི་འོད་ཟེར་འགྱེད་པས་གདུལ་བྱའི་པདྨ་འཛུམ་པར་ཤོག ། གཟུགས་རྒྱན་དང་ཤིས་བརྗོད་ཀྱི་རྒྱན་འདྲེས་མ།) དོན་ཟབ་ལྷུན་པོར་སྙན་ངག་ནགས་འཁྲིགས་ཤིག ། སྡེབ་སྦྱོར་ཆུ་ཀླུང་ལེགས་པར་འབབ་པའི་གནས། ། མངོན་བརྗོད་པདྨའི་ཚལ་གྱིས་ཁེབས་པ་འདིར། ། བློ་གསལ་འདབ་བསྐྱོད་ཚོགས་རྣམས་དགའ་བར་མཛོད། ། མཐའ་དག་གཟུགས་རྒྱན།) པོ་ཏོ་ལ་ཀུན་ཏུ་དགའ་བའི་གཏམ་མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་ངག་གི་དབང་པོས་རབ་བྱུང་པདྨི་གནས་སུ་སྦྱར་བ་རྫོགས་སོ།། །།
ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ཉེ་བར་གནས་པ་བཞིན་དུ་འབབ་པར་གྱུར་ཅིག། །། སརྦ་མངྒལམ྄
རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་རྣམ་ཐར་རགས་རིམ། རབ་བྱུང་ལྔ་པའི་ས་སྤྲེལ་༡༣༠༨ལོར་གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་རོག་གི་རིགས་ལས་ཆད་པའི་ཡབ་བསྟན་པ་སྲུང་དང༌། ཡུམ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ནས་ཡི་གེའི་འབྲི་ཀློག་མཁྱེན་ཅིང་སྨན་རྩིས་རྣམས་ཀྱང་ཐུགས་སུ་ཆུད། དགུང་ལོ་དགུ་པར་ཉི་ཁྲི་དང་བརྒྱད་སྟོང་བཏོན་པས་ཐུགས་ལ་མངའ། དགུང་ལོ་བཅུ་པར་བསམ་ཡས་མཁན་པོ་བསམ་གྲུབ་རིན་ཆེན་དང༌། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཚུལ་ཁྲིམས་བློ་གྲོས་གསོལ། དགུང་ལོ་བཅུ་བཞི་པར་འཆད་ཉན་གྱི་བ་དན་འཛིན་ཆོག་པ་བྱུང༌། དགུང་ལོ་བཅུ་དྲུག་པར་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་དང༌། ཆོས་དྲུག་གཉིས། བདེ་མཆོག་དྲིལ་བུ་བ། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་དབང་ཁྲིད་གདམས་པ་མང་དུ་གསན། སློབ་དཔོན་དབང་ཡེ། སྟོན་ཚལ། ཁྲོ་ཕུ་བ་སོགས་ལས་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྡོ་རྗེ་གུར། དུས་འཁོར། རྡོ་རྗེ་ཕྲེང་བ་སོགས་སྔགས་རྒྱུད་མང་པོ་དང༌། རིན་པོ་ཆེ་ཟ་ལུང་པ་ལས་ཞང་ཚལ་པའི་གདམས་ངག་སྐོར། རྒོད་ཚང་པའི་ལམ་ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་བཅས་ལ་གསན། དགུང་ལོ་བཅུ་དགུ་པར་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་ཞུགས། གླིང་སྟོད་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་རྒོད་པ་དང༌། གདན་རབས་བཅུ་དྲུག་པ་བླ་བྲང་ཆོས་དཔལ་རྒྱལ་མཚན་གཉིས་ལས་བྱམས་ཆོས་སྡེ་ལྔ།། ཚད་མ་སྡེ་བདུན། ཕར་ཕྱིན། དབུ་མ་བཅས་དང༌། དཔང་ལོ་བློ་གྲོས་བརྟན་པ་ལས་མདོ་ཏིང་ངེ་འཛིན། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་བ་དང༌། སྒྲ། སྙན་ངག སྡེབ་སྦྱོར་སོགས་ལ་ཐོས་བསམ་མཐར་ཕྱིན་མཛད། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་སྐབས་རྩོད་ཟླ་བྲལ་ཏེ་ལུང་དང་རིགས་པའི་སྤོབས་པ་བརྙེས་པས་བསམ་ཡས་ལུང་མང་བའམ་ཀློང་ཆེན་རབ་འབྱམས་པ་ཞེས་པའི་མཚན་སྙན་ཐོབ། དགུང་ལོ་ཉེར་དགུ་པར་རིག་འཛིན་ཀུ་མ་ར་ཛ་ལས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་ངག་དང༌། རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོ་གནང་ནས་བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། དགུང་ལོ་སོ་གཅིག་པར་སྙེ་ཕུའི་ཤུག་གསེབ་ཏུ་ཕེབས་ཏེ་སྙིང་ཐིག་གི་སྒོ་ནས་ཆོས་འཁོར་རྒྱ་ཆེན་བསྐོར། དགུང་ལོ་སོ་གཉིས་པར་བསམ་ཡས་མཆིམས་ཕུར་སྐལ་ལྡན་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་གི་གདམས་པ་གསུངས། དེ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ་ཕེབས་ཏེ་དགོན་གནས་བཏབ། བསོད་ནམས་སེང་གེ་དང་སློབ་དཔོན་དཔལ་མཆོག་བཅས་ལ་མདོ་རྒྱུད་དཔང་དུ་བཞག་ནས་ཟླ་བ་གཅིག་གི་བར་དུ་རྩོད་པ་མཛད་ཀྱང་ལུང་དང་རིགས་པས་ཕམ་པར་མཛད། དབུ་རུ་ཞྭའི་ལྷ་ཁང་ཞིག་གསོ་མཛད། རྡོ་རིང་ཆེན་པོ་གཉིས་འགྱེལ་བ་བསླངས། སྐུ་ཚེ་གང་བོར་དབེན་གནས་སུ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་ནས་རྫོགས་ཆེན་གྲུབ་མཐའ་སྲོལ་རྒྱ་ཆེར་སྤེལ། སྔ་འགྱུར་རྙིང་མའི་ཁྲོད་ནས་ཐ་སྙད་རིག་གནས་དང་སྔགས་གསར་རྙིང་ཀུན་ལ་མཁས་པའི་ཡང་རྩེར་སོན་པ། སྡེ་དགེ་རྫ་དཔལ་སྤྲུལ་རིན་པོ་ཆེས། རིག་པའི་གནས་ལྔ་མཁས་པའི་ས་པཎ་ཆེ།། མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ།། ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ།། ཞེས་གསུངས་པ་ལྟར་གངས་ཅན་འཇམ་དབྱངས་རྣམ་གསུམ་སྟེ་ས་པཎ་ཀུན་དགའ་རྒྱལ་མཚན་དང༌། རྒྱལ་བ་ཀློང་ཆེན་རབ་འབྱམས་པ། རྒྱལ་བ་བློ་བཟང་གྲགས་པ་ཞེས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་བསྔགས་པའི་ཡུལ་དུ་གྱུར་ཏོ།། གསུང་རྩོམ་ནི་ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་ལས་འབྱུང་བ་ལྟར་ན། ཕྱིའི་གནས་ཐུན་མོང་གི་སྐོར་ལ་བསྟན་བཅོས་དགུ་བཅུ་གོ་ལྔ།། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས་སོ།། རབ་བྱུང་ལྔ་པ་ཆུ་ཡོས་སྤྱི་ལོ་༡༣༦༣ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ། བེ་རི་འཇིགས་མེད་ཀྱིས་བརྩམས་པའི་འཕགས་བོད་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་ལས་བཏོན།
Hello! Could you translate an article about boycott of Russian goods in Ukraine for the Tibetan Wikipedia? Thanks for the help. --Trydence (talk) ༠༧:༢༠, ༣ ཟླ་བཅུ་གཉིས་པ། ༢༠༡༤ (UTC)
Regarding your edits in Wikipedia
རྩོམ་སྒྲིགHello. I am sorry for writing in English. I see you are putting much effort to developing this project. However, I am afraid to say that most of the content that you are posting here might violate copyright laws. For example, it is not permitted to post articles or scriptures written by someone else, unless you quote an encyclopedia, etc. I am sorry again if you cannot clearly understand what I am writing, because of long sentences. However, Wikipedia is an online encyclopedia, not a blog or news channel (there are alternatives like wikibooks or wikinews for that - but copyright laws must not be violated in any of Wiki projects. I hope it does not sound too strict. :) Please do not hesitate to ask. Regards. --Viskonsas (talk) ༢༣:༡༨, ༤ ཟླ་བཅུ་གཉིས་པ། ༢༠༡༤ (UTC)