ཉིང་ཁྲི་ས་ཁུལ

གནས་ཡུལ། རྩོམ་སྒྲིག

ཉིང་ཁྲི་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་ལྷ་སའི་ཤར་ལྷོའི་ཕྱོགས་སྤྱི་ལེ་407མཚམས་ཏེ། ཆུ་བོ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྨད་རྒྱུད་དུ་གནས་ཡོད་པ་དང་། ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག26°52′ནས30°40′དང་ཤར་གྱི་གཞུང་ཐིག92°09′ནས8°47′མཚམས་ན་ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་བྲག་ཡིབ་ཆུས་སུ་ཡིན། ཉིང་ཁྲི་གྲོང་ཁྱེར་ས་ཁོངས་ཀྱི་ཤར་ནུབ་རིང་ཚད་ལ་སྤྱི་ལེ647དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ353ཙམ་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི11.7ཡོད་རུང་དོན་དངོས་ཚོད་འཛིན་བྱེད་མུས་ཡིན་པའི་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི7.6ཡིན། མཐའ་མཚམས་ཁོ་ནའི་རིང་ཚད་ལ་སྤྱི་ལེ1000ཙམ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་གནས་ཡུལ་བྲག་ཡིབ་ཆུས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད2986ཡོད་པ་དེའི་ཤར་ངོས་ན་སྤོ་བོ་རྫོང་དང་། ཤར་ལྷོའི་ཕྱོགས་སུ་མེ་ཏོག་རྫོང་དང་རྫ་ཡུལ་རྫོང་། ལྷོ་ངོས་སུ་སྨན་གླིང་རྫོང་།ལྷོ་ནུབ་ཏུ་སྣང་རྫོང་། ནུབ་ངོས་སུ་ཀོང་པོ་རྒྱ་མདའ་རྫོང་བཅས་ཡོད།

མཐའ་འཁོར། རྩོམ་སྒྲིག

ཉིང་ཁྲི་གྲོང་ཁྱེར་གྱི་ཤར་ངོས་ནི་ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་མཛོ་སྒང་རྫོང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་རྫོང་བཅས་ཀྱི་ས་དང་འབྲེལ་ཡོད་པ་དང་། ནུབ་ངོས་ནི་གྲོང་ཁྱེར་ལྷ་སའི་མལ་གྲོ་གུང་དཀར་རྫོང་དང་། ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚ་དང་ཟངས་རི་རྫོང་བཅས་ཀྱི་ས་དང་འབྲེལ་ཡོད། བྱང་ངོས་ནི་ནག་ཆུ་ས་ཁུལ་གྱི་ལྷ་རི་རྫོང་དང་ཆབ་མདོའི་དཔལ་འབར་རྫོང་དང་ལྷོ་རོང་རྫོང་བཅས་ཀྱི་ས་དང་འབྲེལ་ཡོད་ཅིང་། ལྷོ་ངོས་ནི་འབར་མ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དང་འབྲེལ་ཡོད།

མིང་ཐོགས་ཚུལ། རྩོམ་སྒྲིག

ཉིང་ཁྲི་ཞེས་པའི་མིང་གི་བྱུང་ཚུལ་ཐད་བཤད་སྲོལ་མི་འདྲ་བ་འགའ་ཡོད་པ་སྟེ།གཅིག་ནི《བོན་གྱི་མདོ་དྲི་མེད》ལས། བདག་ཅག་སྔ་བ་རྒྱལ་སྔ་ཡང་། །བསྟན་པ་གོང་ནས་གཤེན་གཉན་པས། །རྒྱལ་གྱི་གོང་དུ་གཉན་བཏེགས་པས། །རྒྱལ་གྱི་གཉན་ཁྲི་སྟེང་དུ་བཏགས་ཞེས་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཐོག་མའི་མིང་ལ་གཉན་ཁྲི་སྟེང་ཞེས་ཟེར་བ་དང་། ཕྱིས་ཉིང་ཁྲི་ཞེས་འབྲི་བ་ཡང་གཉན་ཁྲི་ཞེས་པའི་སྒྲ་འགྱུར་བ་ལས་བྱུང་བར་འདོད་པ་དང་། གཉིས་ནི་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། རྒྱལ་པོ་གྲི་གུམ་གྱི་སྲས་གསུམ་སྤྱུགས་པ་ལས་ཤ་ཀྲི་ཀོང་པོར་སྤྱུགས་པ་ཀོང་རྗེ་དཀར་པོ་ཡིན་ཏེ་གདུང་ཆད།ཉང་ཁྲི་ཉང་པོར་སྤྱུགས་པས་ཉང་བཙུན་རྒྱལ་པོ་ལགས་ཏེ་དེ་ཡང་གདུང་ཆད། བྱ་ཁྲི་སྤྲེའུ(སྤུ)བོར་སྤྱུགས་པས་སྤུ་བོ་ནས་སྤྱན་དྲངས་པས་སྤུའི་རྒྱལ་པོ་རྩད་པ་ཟེར་རོ་ཞེས་བྱུང་བའི་སྲས་ཉང་ཁྲིའི་མིང་ལས་ཐོགས་པར་འདོད་པ། གསུམ་ནི་མདོ་ཁམས་བ་རྣམས་ཀྱིས་ཁ་རྒྱུན་དུ་ཀོང་པོ་ཉི་ཁྲི་ཞེས་ཀྱང་འབོད་སྲོལ་ཡོད། ཕྱིས་སུ་དེར་འགྲེལ་པ་བྱེད་སྐབས་སྔར་སྐུ་ཤུག་ལྡེམ་དྲུག་ཏུ་འབོད་པ་ད་ལྟའི་ཉི་ཁྲི་གྲོང་ཚོ་ཆགས་ཡུལ་གྱི་གནས་དེར་ཉི་འོད་ཕོག་ཡུན་རིང་བ་དང་གྲོང་དེ་གཞན་ལས་ཅུང་ཟད་མཐོ་བས་ཉི་མ་ལྡེ་སའི་ཁྲི་ལྟ་བུ་ཞིག་སྣང་བས་ཉི་ཁྲི་ཞེས་བརྗོད་པ་ཡིན་ཟེར། དེང་གི་དུས་སུ་ཉིང་ཁྲི་ཞེས་འབྲི་བའི་གོམས་སྲོལ་ཆགས་ཡོད་ལ།དེ་ཡང་ཉིང་ཁྲི་ནི་ཉི་ཁྲིའི་སྐད་ཟུར་ཆག་ཏུ་འདོད།

སྲིད་འཛིན་ས་གནས། རྩོམ་སྒྲིག

ད་ལྟ་ཉིང་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་ཆུས1དང་། རྫོང6གྲོང་རྡལ20ཤང34སྲིད་འཛིན་གྲོང་ཚོ498ཡོད་པར་ཁྱོན་བསྡོམས་མི་གྲངས་ཁྲི21.24ཡོད། དེའི་ནང་བོད་རིགས་མི་འབོར150449ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ80ཟིན་པ་དང་། རྒྱ་རིགས། མོན་པ། ལྷོ་པ། ཏུའུ་ལུང་རིགས། འཇང་རིགས། ནུའུ་རིགས། ལི་སུའུ་རིགས(ཏེང་པ་བ་ཚུད་ཡོད)བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ20ཟིན་ཡོད། སྤྱི་ལོ2015ལོའི་ཟླ3པར་ཉིང་ཁྲི་ས་ཁུལ་དེ་ཉིང་ཁྲི་གྲོང་ཁྱེར་དུ་བསྒྱུར་བ་དང་། ཉིང་ཁྲི་རྫོང་དེ་རྫོང་རིམ་པའི་ཆུས་ཏེ་བྲག་ཡིབ་ཆུས་སུ་མིང་བསྒྱུར་བྱས། ཉིང་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་ཀོང་པོ་རྒྱ་མདའ་རྫོང་དང་། སྨན་གླིང་རྫོང་། མེ་ཏོག་རྫོང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་། སྣང་རྫོང་། བྲག་ཡིབ་ཆུས་བཅས་རྫོང6དང་ཆུས1ཡོད།

སྲིད་འཛིན་ལོ་རྒྱུས། རྩོམ་སྒྲིག

སྤྱི་ལོའི་དུས་རབས་དྲུག་པའི་ནང་། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཡོངས་རྫོགས་དབང་དུ་བསྡུས་ནས་བོད་ཡུལ་འདི་ཉིད་རུ་ཆེན་ལྔ་དང་ཁྲི་སྡེ་གཅིག་ཏུ་ཕྱེ་སྐབས་ཉིང་ཁྲི་འདི་ཉིད་གཡོ་རུའི་ཁོངས་སུ་གཏོགས། ཀོང་དཀར་པོ་རྗེ་ཉིད་ནི་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་པའི་ཆ་ནས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་གཙིགས་ཀྱི་ཡི་གེ་གནང་ནས་དམིགས་བསལ་གྱི་དབང་ཆ་སྦྱིན་ཚུལ་ད་ལྟ་ཉིང་ཁྲི་གཡུང་དྲུང་འཛིན་གྲོང་ཚོའི་རྡོ་བརྐོས་ཡི་གེའི་ནང་གསལ་པོར་འཁོད་ཡོད། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ནས་དུས་རབས་བཅུ་བཞི་པའི་དུས་དཀྱིལ་བར་ཡོན་སྲིད་གཞུང་ནས་བོད་ཀྱི་ཕྱི་ནང་ལས་དོན་གལ་ཆེན་མཐའ་དག་ལ་བཀོད་འདོམས་ཀྱིས་བོད་རིགས་ས་ཁུལ་ཡོངས་རྫོགས་གླིང་གསུམ་དུ་ཕྱེ་བ་དང་། གླིང་སོ་སོར་ཤོན་ཝུའི་ཧྲི་སི་ཏུའུ་ཡོན་ཧྲའོ་ཧྥུའུ་ཞེས་པའི་སྲིད་འཛིན་དོ་དམ་ལས་ཁུངས་རེ་བཙུགས་པ་དེའི་བསྡུས་མིང་ལ་ཤོན་ཝུའི་སི་ཟེར། དེང་བོད་ལྗོངས་ཁུལ་དུ་བཙུགས་པའི་“དབུས་གཙང་མངའ་རིས་སྐོར་གསུམ་ཤོན་ཝུའི་ཧྲི་སི་ཏུའུ་ཡོན་ཧྲའོ་ཧྥུའུ་”ཞེས་པ་དེ་ནི་བོད་ལྗོངས་ས་ཁུལ་གྱི་ས་གནས་རང་བཞིན་ལྡན་པའི་སྲིད་འཛིན་དོ་དམ་ལས་ཁུངས་ཤིག་ཡིན།སྐབས་དེར་ཉིང་ཁྲི་ནི་ལས་ཁུངས་དེའི་དོ་དམ་ཁོངས་སུ་གཏོགས།

མིང་རྒྱལ་རབས་ཀྱིས་སྤྱི་ལོ1375ལོར་ཧ་ཀྲའུ་(དེང་ཀན་སུའུ་ལིན་ཞ་རྫོང་)ཞེས་པར་ཤིས་ཨན་ཞིང་ཏུའུ་བཀོད་འདོམས་ཧྲེ་སི་ཞེས་པ་མངའ་འོག་ཏུ་ཧ་ཀྲའུ་དང་། མདོ་ཁམས། དབུས་གཙང་བཅས་འུད་གསུམ་ཡོད་པའི་བཀོད་འདོམས་སྤྱི་ཁྱབ་ཁང་བཙུགས།སྐབས་དེར་ཉིང་ཁྲི་དེ་དབུས་གཙང་བཀོད་འདོམས་སྤྱི་ཁྱབ་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ1642ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་སོག་པོའི་འགོ་དཔོན་གོ་ཤྲི་ཧན་གྱི་དཔུང་རོགས་འོག་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་བོད་ཡོངས་ལ་དབང་བསྒྱུར་བྱས། བོད་ས་གནས་སྲིད་གཞུང་གིས་སྔ་རྗེས་སུ་ཉིང་ཁྲིའི་ཁུལ་དུ་རྩེ་ལྷ་རྫོང་དང་། ཇོ་མོ་རྫོང་། ཞོལ་ཁ་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྤོ་བོ་རྫོང་། གསང་སྔགས་ཆོས་རྫོང་སོགས་བཙུགས།

སྤྱི་ལོ1955ལོའི་རྗེས་སུ་དེ་སྔའི་ཀོང་པོ་སྤྱི་ཁྱབ་དེ་དྭགས་ཀོང་སྤྱི་ཁྱབ་ཅེས་པར་མིང་བསྒྱུར་བྱས་རྗེས་ཉིང་ཁྲི་ས་ཁུལ་ཡང་དེའི་མངའ་ཁོངས་སུ་གཏོགས། སྤྱི་ལོ1960ལོའི་ཟླ2པར་ཉིང་ཁྲི་ས་ཁུལ་ཀུང་ཧྲུའུ་དངོས་སུ་བཙུགས་པ་དང་དེའི་ཁོངས་སུ་སྤོ་བོ་དང་། ཉིང་ཁྲི། རྒྱ་མདའ། སྨན་གླིང་། མེ་ཏོག ལྷ་རི། ཞོལ་ཁ་བཅས་རྫོང་བདུན་ཡོད། སྤྱི་ལོ1964ལོའི་ཟླ5པའི་ནང་ཉིང་ཁྲི་ས་ཁུལ་ཀུང་ཧྲུའུ་མེད་པ་བཟོས་རྗེས་སྤོ་བོ་རྫོང་ཆབ་མདོ་ས་ཁུལ་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། དེ་མིན་མེ་ཏོག་རྫོང་དང་། སྨན་གླིང་རྫོང་། ཉིང་ཁྲི་རྫོང་།རྒྱ་མདའ་རྫོང་བཅས་རྫོང་བཞི་ལྷ་ས་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུགལྷ་རི་རྫོང་དེ་ནག་ཆུ་ས་ཁུལ་གྱི་མངའ་ཁོངས་སུ་བཅུག་པ་དང་།སྣང་རྫོང་དེ་ལྷོ་ཁ་ས་ཁུལ་གྱི་མངའ་ཁོངས་སུ་བཅུག སྤྱི་ལོ1986ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བཞིན་ཉིང་ཁྲི་ས་ཁུལ་བསྐྱར་བཙུགས་བྱས་པ་དང་དེའི་ཁོངས་སུ་སྣང་རྫོང་དང་། སྨན་གླིང་རྫོང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་།ཉིང་ཁྲི་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་རྫོང7ཡོད།

དྲོད་ཚད་དང་གནམ་གཤིས་ཀྱི་ཁྱད་ཆོས། རྩོམ་སྒྲིག

ཉིང་ཁྲི་གྲོང་ཁྱེར་དུ་ལོ་འཁོར་མོའི་ཆ་སྙོམས་དྲོད་ཚད7℃ནས16℃བར་ཡིན་པ་དང་། ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཁྱོན་ཧོའོ་རྨིད650ཡས་མས་ཟིན་གྱི་ཡོད། སྤྱི་ལོ1981ལོར《མདོ་དབུས་མཐོ་སྒང་གི་གནམ་གཤིས་ཁུལ་དབྱེ་བ》ཞེས་པའི་ནང་འཁོད་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་ནི་ཤར་ལྷོའི་ཚ་ཁུལ་དང་ཕྱེད་ཚ་ཁུལ་གྱི་རི་མ་ཐང་གི་བརླན་གཤེར་ཅན་གྱི་ཁུལ་དུ་གནས་ཡོད།

ཆགས་དབྱིབས་དང་ས་བབ། རྩོམ་སྒྲིག

དེའི་བྱང་ངོས་སུ་གཉན་ཆེན་ཐང་ལྷའི་རི་རྒྱུད་དང་། ལྷོ་རུ་ཧི་མ་ལ་ཡའི་རི་རྒྱུད། ནུབ་བྱང་དུ་གངས་ཏི་སིའི་རི་རྒྱུད་ལྷག་འཕྲོའི་འཕྲེད་བཅད་བར་བརྒལ་གྱི་རི་རྒྱུད་མཆིས། རི་རྒྱུད་ཆེན་པོ་དེ་གསུམ་ལས་སྔ་མ་གཉིས་ནི་ཤར་ནས་ནུབ་ཏུ་བསྲིངས་པ་དང་། ཕྱི་མ་ནི་ལྷོ་ནས་བྱང་དུ་བསྲིངས་ཡོད། རི་རྒྱུད་དེ་དག་གི་ཁ་ཞེང་ཆེ་ཆུང་མི་གཅིག་པའི་བར་ན་ཆུ་རྒྱུན་བཞུར་ཤུལ་གྱི་གྲམ་ཐང་ཁོ་ན་ཡིན་པའི་ནང་གི་ཆེས་ཆེ་བ་ནི་ཧི་མ་ལ་ཡ་དང་གངས་ཏི་སིའི་རི་རྒྱུད་བར་ན་བཞུར་བའི་ཡར་ཀླུང་གཙང་པོ་དང་། ཉང་ཆུ་གཙང་པོ། ཕར་ལུང་གཙང་པོ། རྫ་ཡུལ་གཙང་པོ་བཅས་རྒྱུག་ཁུལ་གྱི་གྲམ་ཐང་ཡིན། ཡར་ཀླུང་གཙང་པོའི་རོང་ཆེན(ཀོང་འཕྲང་རོང་)ནི་འཛམ་གླིང་གི་གྲོག་རོང་ཟབ་ཤོས་དེ་ཡིན་པ་དང་། ཕར་ལུང་གཙང་པོའི་གྲོག་རོང་ནི་འཛམ་གླིང་གི་གྲོག་རོང་གཏིང་ཟབ་ཚད་ཨང་གསུམ་པ་དེ་ཡིན། དེ་དག་གི་ས་དབྱིབས་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་སྟེ་བརྐྱངས་ཡོད་པས། ས་བབ་ཀྱི་མཐོ་དམའི་ཁྱད་པར་ཤིན་ཏུ་ཆེ་སྟེ། རི་བོ་ཧི་མ་ལ་ཡའི་ཤར་ངོས་ཀྱི་སྨན་གླིང་དང་མེ་ཏོག་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་རི་བོ་གནམ་ལྕགས་འབར་བར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད7756ཡོད་པ་དང་། དེ་ནི་ཉིང་ཁྲིའི་ས་ཁོངས་ནས་ས་བབ་མཐོ་ཤོས་ཡིན་ཞིང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྨད་དུ་ཆགས་པའི་མེ་ཏོག་རྫོང་ཁོངས་ཀྱི་སྦ་ཤི་ཁ་ནི་ས་བབ་དམའ་ཤོས་ཡིན་པ་སྟེ། དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད152ལས་མེད། ཉིང་ཁྲི་གྲོང་ཁྱེར་གྱི་ས་བབ་ཆགས་ཚུལ་ནི་བྱང་ནས་ལྷོར་གསེག་སྟེ་བརྐྱངས་ཡོད་པའི་དབང་གིས་གཙང་ཆུ་ཕལ་ཆེ་བ་རང་རྒྱལ་གྱི་ས་ཁོངས་ལས་བརྒལ་ནས་ཕྱི་ལ་བཞུར་འགྲོ་བ་ཡིན། དེའི་ཁྲོད་དུ་སྐད་གྲགས་ཡོད་པའི་ཆུ་བོ་ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཡོད་པ་མ་ཟད། ད་དུང་རྒྱས་ཐར་ཆུ་བོ་དང་། རྫ་ཡུལ་གཙང་པོ། སྟོན་ལུང་གཙང་པོ་སོགས་ཀྱང་ཡོད།

རི་བོ་དང་ལ། རྩོམ་སྒྲིག

ད་དུང་དེ་ཁུལ་དུ་སྐད་གྲགས་ཡོད་པའི་རི་བོ་དང་ལ་སོའི་གྲས་སུ་རི་བོ་གནམ་ལྕགས་འབར་བ་དང་། རྒྱ་ལ་དཔལ་རི། འདན་མ་ལ། སྤོ་བོ་དུང་ལ། ཁྱུང་ཐོར་ལ། དགའ་བ་ལུང་ལ། གསེར་སྐྱེམས་ལ། དེ་མོ་ལ། སྤུ་དམ་ལ། ཀོང་པོ་བར་ལ་རྡོ་གཞོང་ལ་སོགས་ཡོད།

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

འཁྱགས་རོམ་བྲག་ཐེམ། རྩོམ་སྒྲིག

དེང་སྐབས་འཛམ་གླིང་ཐོག་གི་འཁྱགས་རོམ་ཕལ་ཆེ་བ་ནི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན་ནའང་། ཀོང་པོ་རྒྱ་མདའ་དང་སྣང་རྫོང་གི་ནུབ་ངོས་སུ་ཡོད་པའི་འཁྱགས་རོམ་ནི་རྒྱ་མཚོ་དང་སྐམ་སའི་བར་བརྒལ་རང་བཞིན་གྱི་འཁྱགས་རོམ་ཞིག་ཡིན། གཉན་ཆེན་ཐང་ལྷའི་རི་རྒྱུད་ཤར་ངོས་ཆད་མཚམས་ཀྱི་ལྷོ་ངོས་སུ་ཡོད་པའི་སྤོ་བོ་རྫོང་ཁོངས་ཀྱི་གངས་དཀར་གངས་རྒན་གྱི་རིང་ཚད་ལ་སྤྱི་ལེ32དང་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ170ཡོད་ལ་འཁྱགས་རོམ་ཁུལ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད2530ལས་ཟིན་གྱི་མེད་པས། རྒྱལ་ཡོངས་ནས་བརྗོད་ན་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ཆེ་ཤོས་དེ་ཡིན། ལོ་ངོ་དུ་མའི་རིང་ཕུང་གསོག་ཐེབས་པའི་གངས་རྒན་མང་བས། ཆུའི་འབྱུང་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། དེ་ལྟར་ནའང་དབྱར་དུས་སུ་འཁྱགས་རོམ་ཕོན་ཆེན་ཞུ་བར་བརྟེན་རྟག་ཏུ་གཞི་རྒྱ་ཆེ་བའི་འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་ཐོན་གྱི་ཡོད།

ཆུའི་ཐོན་ཁུངས། རྩོམ་སྒྲིག

ཉིང་ཁྲིའི་ས་ཁོངས་སུ་ཡོད་པའི་མཚེའུའི་རྒྱ་ཁྱོན་ལ་མུའུ་ཁྲི38.23ཡོད་པ་དེས་ས་ཁོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆ0.22ཟིན་ཡོད། དེའི་ནང་མཚེའུ་ཅུང་ཆེ་བ་ནི་ཀོང་པོ་རྒྱ་མདའི་བྲག་གསུམ་མཚེའུ་དང་སྤོ་བོ་རྫོང་གི་ཡིད་འོང་མཚེའུ། ཕར་ལུང་མཚེའུ། རྒུ་ཤང་མཚེའུ། རྫ་ཡུལ་གྱི་བར་བཀག་མཚེའུ། སྣང་རྫོང་གི་ལ་ཐོག་རྫང་མཚོ་སོགས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི246ཡོད་པ་དེས་ས་ཁོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆ53ཙམ་ཟིན་གྱི་ཡོད་པ་དང་། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆ46.09ཡིན་པས། རྒྱལ་ཡོངས་ཀྱི་གདོད་མའི་ནགས་ཚལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན།ཚ་བའི་ཁུལ་དང་། ཚ་བ་བར་མའི་ཁུལ། དྲོད་ཁུལ་དང་། དྲོ་གྲང་གཉིས་ལྡན་གྱི་ཁུལ། བཞའ་ཚན་དང་ཕྱེད་བཞའ་ཚན་ཅན་གྱི་གནམ་གཤིས་ཀྱི་མཐུན་རྐྱེན་འཛོམས་ཡོད་པར་བརྟེན་རྩི་ཤིང་སྣ་ཚོགས་འཚར་སྐྱེས་བྱེད་པས། འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཞེས་པའི་དཔེ་མཚོན་ཅན་གྱི་ས་ཁུལ་ཞིག་ཡིན། དེའི་ནང་རིན་ཐང་ཆེ་བའི་རྩི་ཤིང་རིགས2000ལྷག་ཡོད། ཤིང་ནགས་རིགས་གཙོ་བོ་ནི་གསོམ་ཤིང་དང་། གསོམ་ནགཐང་དཀར། སྡོང་རིང་ཐང་ཤིང་། ཐང་ནག ཡུན་ནན་ཐང་ཤིང་། ཤུག་པ། སྟག་པ་དཀར་པོ། ཙན་དན།དཔྱིད་སྡོང་དྲི་ཞིམ། རྒྱ་ཤིང་། ག་བུར་ཤིང་སོགས་ཡོད་པའི་ནང་སྡོང་རིང་ཐང་ཤིང་དང་ཤུག་ཆེན། ཧི་མ་ལ་ཡའི་གསོམ་ཤིང་ནག་པོ་བཅས་ནི་ཤིང་རིགས་རྩ་ཆེན་གྱི་ཁོངས་སུ་གཏོགས།

སྲོག་ཆགས། རྩོམ་སྒྲིག

ཉིང་ཁྲི་གྲོང་ཁྱེར་གྱི་མངའ་ཁོངས་སུ་ད་ལྟ་རི་སྐྱེས་སྲོག་ཆགས་རིགས340ལྷག་ཡོད་པའི་ནང་འོ་འཐུང་སྲོག་ཆགས་རིགས་མི་འདྲ་བ63དང་། འདབ་ཆགས་རིགས232ལྟོ་འཕྱེའི་སྲོག་ཆགས་རིགས25སྐམ་ཆུ་གཉིས་འཚོའི་སྲོག་ཆགས་རིགས20འབུ་སྲིན་རིགས1800ལྷག་ཙམ་ཡོད། ནགས་གསེབ་ཏུ་སྔོ་སྨན་རིགས་མི་འདྲ་བ2400ལྷག་ཙམ་ཡོད་པ་དང་། བཟའ་བཅའི་ཤ་མོ་རིགས120ལྷག་ཡོད་ལ་ཡར་ཀླུང་གཙང་པོའི་རོང་ཆེན་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྫ་ཡུལ་ལུང་པའི་རང་བྱུང་སྲུང་སྐྱོབ་ཁུལ། སྤོ་བོ་སྒང་པའི་གདོད་མའི་ནགས་ཚལ་རང་བྱུང་སྲུང་སྐྱོབ་ཁུལ་དང་། བྲག་ཡིབ་ཆུས་སྟོང་མཇུག་རྩི་མྱག་རང་བྱུང་སྲུང་སྐྱོབ་ཁུལ། བྲག་ཕྱི་ཤུག་སྡོང་ཆེན་མོའི་(སྟག་ལའི་སྐུ་ཤུག)རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཡོད།

ཞིང་ལས། རྩོམ་སྒྲིག

ཞིང་ལས་ཀྱི་ཐོན་ཁུངས་གཙོ་བོ་ནི་གྲོ་ནས་སྲན་གསུམ་དང་། མ་རྨོས་ལོ་ཏོགཆུ་འབྲས། བྲ་བོ། མོན་རྒྱགས། སྲན་སེར་སོགས་ཡིན་པ་དང་། ཆུ་འབྲས་ནི་ལྷོ་ངོས་ཀྱི་རྫ་ཡུལ་དང་མེ་ཏོག་རྫོང་གཉིས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད2000མན་གྱི་རོང་ངོགས་གཉིས་ནས་ཐོན་གྱི་ཡོད། ཉིང་ཁྲི་གྲོང་ཁྱེར་ཁུལ་དུ་སྒོ་ཕྱུགས་རིགས་ནོར་ནག་དང་། རྟ་དྲེལ་བོང་གསུམ། ར་ལུག་ཕག་གསུམ། རི་བོང་། ཁྱིམ་བྱ། ཡཱ་ཙེ་སོགས་གསོ་ཚགས་བྱེད་བཞིན་ཡོད། གྲོང་ཁྱེར་འདིའི་ཁོངས་སུ་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། འཛམ་གླིང་གི་གྲོག་རོང་ཆེན་པོ་ཨང་དང་པོ་ཡར་ཀླུང་གཙང་པོའི་རོང་ཆེན་དང་། རྒྱལ་ཁབ་རིམ་པའིАབཞི་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་བྲག་གསུམ་མཚོ། མཐོ་སྒང་གི་སུའེ་ཙེ་ཡུལ་ལྗོངས་སུ་གྲགས་པའི་ཀླུ་ནང་ནགས་ཀླུང་རོང་བཙན་ཁ་བ་དཀར་པོ། གནས་སྟོད་འཁྱག་རོམ་གནས་ཆེན་གངས་ར། ཐུགས་སྤྲུལ་བོན་རི།གནས་ཡུལ་ལུང་པ། པདྨ་བཀོད།སོགས་རང་བྱུང་མཛེས་ལྗོངས་ཡོད་ལ་གནའ་ཤུལ་གྲགས་ཅན་གྱི་ཁོངས་སུ་སྣང་རྫོང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་འཁྲུངས་ཁང་། ཐའེ་ཀྲའོ་གནའ་གྲོང་། ཤོ་པའི་སོ་མཁར། གནའ་བོའི་མཁར་རྫོང་། བུ་ཆུ་གསེར་གྱི་ལྷ་ཁང་། སླེབས་རིའི་བང་སོའི་ཚོགས། དེ་མོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་བཀའ་གཙིགས། བླ་མ་གླིང་དགོན་སོགས་ཡོད། གཞན་ཡང་ད་དུང་ཡིད་འོང་དམག་སྤྱིའི་ཐོག་ཁང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་སོགས་རིག་སྐྲུན་ཡུལ་ལྗོངས་ཡོད་པ་མ་ཟད། མེ་ཏོག་རྫོང་དུ་གནས་པའི་དུས་རབས17པའི་སྐབས་ཀྱི་སྦ་ཟམ་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ས་ཚིགས་ཀྱི་ཁོངས་སུ་བཅུག་ཡོད།

གནའ་ཤུལ། རྩོམ་སྒྲིག

ཉེ་བའི་ལོ་ཤས་ནང་ས་འོག་ནས་གནའ་རབས་ཀྱི་རིག་དངོས་མང་པོ་ཐོན་པའི་ནང་ནས་བྲག་ཡིབ་ཆུས་ཀྱི་ཉང་ཆུའི་འགྲམ་ན་གནས་པའི་འབེན་གྲོང་གནའ་ཤུལ་ནས་གནའ་རབས་ཀྱི་མིའི་རུས་པ་ཐོན་པ་དེ་དག་ལ་རིགས་གཅིག་མཁས་པས་ཚན་རིག་གི་བརྟག་ཞིབ་བྱས་རྗེས། རུས་པ་དེ་ཚོ་ནི་སྤྲ་མིའི་རང་རྟགས་མེད་པར་དེང་རབས་མིའི་རུས་པར་གྱུར་ཟིན་པ་དང་། ལོ་ངོ་བཞི་སྟོང་ལྔ་སྟོང་ལྷག་ཙམ་གོང་སྟེ། རྡོ་ཆས་གསར་མའི་དུས་རབས་དང་། ཡང་ན་རྡོ་ལྕགས་མཉམ་སྤྱོད་བྱེད་པའི་དུས་རབས་ཀྱི་མིའི་རུས་པ་རེད་ཅེས་བརྗོད་ཡོད། དེ་ལས་ཀོང་ཡུལ་ཉིང་ཁྲིའང་བོད་མིའི་འབྱུང་སའི་གྲས་ཤིག་ཡིན་པ་ཤེས་རྟོགས་ཐུབ།ཕྱིས་སུ་ལོ་རྒྱུས་འཕེལ་རྒྱས་དང་བསྟུན་ཉིང་ཁྲིའི་ཀོང་པོ་དང་། སྤོ་བོ། དྭགས་པོ་སོགས་སུ་གདོད་མའི་རྒྱལ་ཕྲན་ནམ་ཚོ་པ་ཁག་གཅིག་ཐོན་ཡོད།

མི་སྣ་གྲགས་ཆེན། རྩོམ་སྒྲིག

ལོ་རྒྱུས་ཐོག་ཉིང་ཁྲིའི་མངའ་ཁོངས་སུ་གྲགས་ཅན་མི་སྣ་དང་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་སྟེ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ། ཀོང་དཀར་པོ་མང་པོ་རྗེ། མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ། མཆིམས་རྒྱལ་ཟིགས་ཤུག་ཏེང་། ཟུར་མཁར་མཉམ་ཉིད་རྡོ་རྗེ། ཀརྨ་པ་དེ་བཞིན་གཤེགས་པ། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། འཕགས་པ་ལྷ་སྐུ་ཕྲེང་དང་པོ་ནས་བཞི་པ་བར །ཀཿགནམ་སྡེ་པ་རིམ་བྱོན། དེ་མོ་ལྷ་དབང་བསྟན་པའི་རྒྱལ་མཚན། རྟ་ཚག་རྗེ་དྲུང་བསྟན་པའི་མགོན་པོ་དེ་མོ་ངག་དབང་འཇམ་དབྱངས། ང་ཕོད་ངག་དབར་འཇིགས་མེད། དུང་དཀར་བློ་བཟང་འཕྲིན་ལས། འབྲོག་མི་བྱམས་པ་བློ་གྲོས་སོགས།

དགོན་སྡེ། རྩོམ་སྒྲིག

གྲོང་ཁྱེར་འདིའི་ས་ཁོངས་སུ་དགོན་སྡེ་སོགས་གནས་མཆོག་མི་ཉུང་བ་ཞིག་ཡོད་པ་སྟེ། སྤོ་བོའི་ས་ཁོངས་སུ།གཡུ་རི་དགོན་དང་།ཤུལ་མོ་དགོན། ཕུ་ལུང་དགོན། ཆུ་མདོ་དགོན། རྡོ་དུང་དགོན། དགའ་བ་ལུང་དགོན། མདའ་ཞིང་དགོན། རྒྱ་རྫོང་དགོན། སུམ་འཛོམས་དགོན། ལྕགས་རྟ་དགོན། ཆོས་རྫོང་དགོན། བསམ་གླིང་དགོན། འབྲུ་འབུམ་དགོན། རྦ་ཁ་དགོན། ཡར་འབྲོག་དགོན། ཁྲོམ་གཟིགས་དགོན།མཁར་ཤུལ་དགོན། རྫ་ཡུལ་རྫོང་གི་ས་ཁོངས་སུ། ཐིག་འཕགས་དགོན། ཐང་ཆེན་དགོན། བྲག་ཡིབ་ཆུས་ཀྱི་ས་ཁོངས་སུ། ཐུགས་སྤྲུལ་བོན་རི་རིན་པོ་ཆེ། བྲག་ཕྱི་ལ་ཁ། སྲིད་རྒྱལ་དགོན་ཆེན། ཉིང་ཁྲི་སྐུ་ཤུག་ལྷ་ཁང་། (སོ་མོ་བོན་ཐང་། སྐུ་ཤུག་ལྡེམ་དྲུག)ལྷ་རི་གྱང་ཏོ། བུ་ཆུ་གཏེར་གྱི་ལྷ་ཁང་། དེ་མོ་དགོན། སྟག་རྩེ་གོན། རྒྱལ་རི་དགོན། བླ་མ་གླིང་། མེ་ཏོག་རྫོང་གི་ས་ཁོངས་སུ། རིན་ཆེན་སྤུངས། དགོན་དང་།བདེ་ཆེན་ཆོས་གླིང་། སྨན་གླིང་རྫོང་གི་ས་ཁོངས་སུ། གཡུ་ཐོག་སྒྲུབ་ཕུག བཀྲ་ཤིས་རབ་བརྟན་གླིང་། ཆབ་ནག་དགོན། སྣང་རྫོང་ཁོངས་སུ། བང་རིམ་ཆོས་སྡེ་དགོན། དགའ་ལྡན་རབ་བརྟན་དགོན། ཀོང་པོ་རྒྱ་མདའ་རྫོང་གི་ཁོངས་སུ། གླང་རུ་དགོན། དུང་མགོ་དགོན། བྲག་དཀར་དགོན། ཀ་ཏོག་དགོན། བཀྲ་ཤིས་ཆོས་ལུང་དགོན། འབྲུ་ལ་དགོན། ལྷ་བྲག་དགོན་སོགས་ཡོད།

ཡུལ་སྐོར་གནས་ཆེན། རྩོམ་སྒྲིག

གྲོང་ཁྱེར་འདིའི་ཡུལ་སྐོར་གྱི་གནས་གྲགས་ཅན་ཁོངས་སུ། གཡུང་དྲུང་འཛིན་བྲག་བརྐོས་ཡི་གེ བྲག་གསུམ་མཚོ། མཁར་སྟེང་རྦབ་ཆུ། ཤུག་སྡོང་ཆེན་མོ། (སྟག་ལྷ་སྐུ་ཤུག)ཀོང་པོ་ཀླུ་ནང་། གྲོག་རོང་ཆེན་མོ། (ཀོང་འཕྲང་རོང)རི་བོ་གནམ་ལྕགས་འབར་བ། ཀོང་བཙུན་དེ་མོའི་བཞུགས་ཁྲི། (ཡང་ལ་ལས་སྟོན་པ་གཤེན་རབ་ཀྱི་བཞུགས་ཁྲི་ཡིན་ཟེར)གནས་སྟོད་གངས་རི་སོགས་ཡོད།

འགྲིམ་འགྲུལ། རྩོམ་སྒྲིག

གཞན་ཡང་ཉིང་ཁྲི་གྲོང་ཁྱེར་གྱི་མངའ་ཁོངས་སུ་གྲགས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དེ། ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་དང་། མཁར་ལྟག་ཟམ་པ། སྟོང་མཇུག་ཟམ་པ། ཐང་སྨད་གནམ་ཟམ།འཕྲུལ་ལུང་ཟམ་ཆེན། ཉིང་ཁྲི་ཟམ་པ། བྲག་ཡིབ་ཟམ་ཆེན། (ལྕགས་པ་གྲུ་སོ )བྲག་ཡིབ་ཟམ་ཆེན་གཉི ས་པ། གོང་དཀར་ཟམ་པ། བྲག་ཆུ་ཟམ་པ། རྒྱ་མདའ་ཟམ་པ། སྟག་ཁ་(དངོས་ཧ་འཕྲང)གློག་ཁང་། རྡོ་ཕུག་ གློག་ཁང་། བྲག་ཡིབ་གློག་ཁང་། སྤོ་སྟོད་གློག་ཁང་། ཡ་དུང་གློག་ཁང་། ཀོང་རྫི་རོང་གློག་ཁང་། ཉིང་ཁྲི་ གློག་ཁང་། རྒྱས་ཐར་གློག་ཁང་། གནས་ལུང་གློག་ཁང་སོགས་མང་པོ་ཡོད་དོ། །

བོད་རང་སྐྱོང་ལྗོངས།
ལྷ་ས། ཁྲིན་ཀོན་ཆུས།‎ | ལྷུན་གྲུབ་རྫོང་།‎ | འདམ་གཞུང་རྫོང་།‎ | སྙེ་མོ་རྫོང་།‎ | ཆུ་ཤུར་རྫོང་།‎ | སྟོད་ལུང་བདེ་ཆེན་རྫོང་།‎ | སྟག་རྩེ་རྫོང་།‎ | མལ་གྲོ་གུང་དཀར་རྫོང་།
ནག་ཆུ། ནག་ཆུ།‎ | ལྷ་རི་རྫོང་། | འབྲི་རུ་རྫོང་། | གཉན་རོང་རྫོང་། | ཨ་མདོ་རྫོང་།‎ | ཤན་རྩ་རྫོང་། | སོག་རྫོང་། | དཔལ་མགོན་རྫོང་། | སྦྲ་ཆེན་རྫོང་།། | ཉི་མ་རྫོང་། | མཚོ་གཉིས་དོན་གཅོད་ཁྲུའུ།*
ཆབ་མདོ། ཆབ་མདོ་རྫོང་། | འཇོ་མདའ་རྫོང་། | གོ་འཇོ་རྫོང་།‎ | རི་བོ་ཆེ་རྫོང་།‎ | སྟེང་ཆེན་རྫོང་། | བྲག་གཡབ་རྫོང་།‎ | [[དཔའ་ཤོད་རྫོང་]།] | མཛོ་སྒང་རྫོང་།‎ | སྨར་ཁམས་རྫོང་།‎ | ལྷོ་རོང་རྫོང་།‎ | དཔལ་འབར་རྫོང་།‎
ཉིང་ཁྲི། ཉིང་ཁྲི་ས་རྫོང་།‎ | ཀོང་པོ་རྒྱ་མདའ་རྫོང་།‎ | སྨན་གླིང་རྫོང་། | མེ་ཏོག་རྫོང་། | སྤོ་མེས་རྫོང་།‎ | རྫ་ཡུལ་རྫོང་།‎ | སྣང་རྫོང་།‎
ལྷོ་ཁ། སྣེ་གདོང་རྫོང་།‎ | གྲ་ནང་རྫོང་།‎ | གོང་དཀར་རྫོང་།‎ | ཟངས་རི་རྫོང་།‎ | འཕྱོངས་རྒྱས་རྫོང་།‎ | ཆུ་གསུམ་རྫོང་། | མཚོ་སྨད་རྫོང་། | ལྷོ་བྲག་རྫོང་།‎ | རྒྱ་ཚ་རྫོང་།‎ | ལྷུན་རྩེ་རྫོང་།‎ | མཚོ་སྣ་རྫོང་།‎ | སྣ་དཀར་རྩེ་རྫོང་།‎
གཞིས་ཀ་རྩེ། གཞིས་ཀ་རྩེ།‎ | རྣམ་གླིང་རྫོང་།‎ | རྒྱལ་རྩེ།‎ | དིང་རི་རྫོང་།‎ | ས་སྐྱ་རྫོང་།‎ | ལྷ་རྩེ་རྫོང་།‎ | ངམ་རིང་རྫོང་།‎ | བཞད་མཐོང་སྨོན་རྫོང་།‎ | པ་སྣམ་རྫོང་།‎ | རིན་སྤུངས་རྫོང་།‎ | ཁང་དམར་རྫོང་།‎ | གདིང་སྐྱེས་རྫོང་།‎ | འབྲོང་པ་རྫོང་།‎ | གྲོ་མོ་རྫོང་།‎ | སྐྱིད་གྲོང་རྫོང་།‎ | གཉའ་ལམ་རྫོང་།‎ | ས་དགའ་རྫོང་།‎ | གམ་པ་རྫོང་།‎
མངའ་རིས། སྒར་རྫོང་།‎ | སྤུ་ཧྲེང་རྫོང་།‎ | རྩ་མདའ་རྫོང་།‎ | རུ་ཐོག་རྫོང་།‎ | དགེ་རྒྱས་རྫོང་།‎ | སྒེར་རྩེ་རྫོང་།‎ | མཚོ་ཆེན་རྫོང་།‎