རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་
རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་
དགུན་གསུམ་འཁྱགས་པས་བསྡམས་པའི་སྐྱེད་ཚལ་དུ། །
དཔྱིད་གསུམ་དྲི་བཞོན་ལྡང་བས་ས་ཆུ་དྲོས། །
དབྱར་གསུམ་ལོ་མ་རྒྱས་པའི་ལྗོན་ཤིང་རྩེར། །
སྟོན་གསུམ་འབྲས་བུ་སྨིན་པའི་སྟ་གོན་བྱེད། །
ཕྱོགས་བཞི་གངས་རིས་བསྐོར་བའི་ཡུལ་གྲུ་འདིར། །
དུས་བཞིའི་དབྱེ་བ་འདི་ལྟར་གསལ་ལགས་ཀྱང་། །
འབྱུང་བཞིའི་ལུས་སྟོབས་ཉམས་པའི་གཞོན་ནུ་འགའ། །
ཅན་བཞིའི་ལམ་ན་ད་དུང་ཧད་དེ་ལུས། །
ལྟོས་དང་ཕ་གིའི་ལམ་གྱི་བཞི་མདོ་ན། །
ང་རྒྱལ་རང་སྣང་མཐོ་བའི་གཞོན་ནུ་ཞིག །
ཁེངས་དྲེགས་མགོ་བོ་ལྟག་ཀར་དགྱེས་པ་དང་། །
ལེ་ལོའི་གོམས་ཚུགས་འཁྱོར་ཞིང་འཁྱོར་ཞིང་འོང་། །
སྐབས་འགར་ཇ་དང་ཆང་ལ་ཆགས་ཤིང་ཞེན། །
སྐབས་རེར་རྨོངས་པའི་སྒྲོག་ཏུ་ཚུད་ཅིང་གནས། །
སྐབས་སྐབས་ལེ་ལོའི་ཁྲོམ་ལ་འཁྱམས་ཤིང་ལྡོམ། །
མཚམས་མཚམས་དོན་མེད་བྱ་བས་ཉིན་མཚན་འདས། །
ཨེ་མ་འདི་ལྟའི་སྐལ་བ་བཟང་པོའི་དུས། །
ཀྭ་ཡེེ་ལེ་ལོར་གཡེང་བའི་གཞོན་ནུ་ཁྱོད། །
ཀྱེ་ཧུད་རང་སེམས་འགྱོད་པ་མི་སྐྱེ་བར། །
ཀྱེ་མ་རང་མགོ་རང་གིས་གཡོག་འདི་ཅི། །
རང་ཉིད་དེ་འདྲའི་དབང་དུ་མི་འགྲོ་ཞིང་། །
ཁྱོད་ཀྱང་ལེ་ལོའི་རྒྱ་རུ་མི་ཚུད་པར། །
གངས་ཅན་ཕན་བདེའི་རིག་གནས་སྤེལ་བའི་ཕྱིར། །
རྒྱལ་སྲིད་སྣ་བདུན་གཏམ་བརྗོད་གླེང་བར་སྤྲོ། །
ལེའུ་དང་པོ། འཁོར་ལོ་རིན་པོ་ཆེ།
ཐག་རིང་སྐྱ་མོ་ལམ་གྱི་ཕར་ཕྱོགས་ནས། །
རྟ་ཡི་འཚེར་སྐད་ལྷང་ལྷང་གྲགས་པའི་མོད། །
དུས་ཀྱི་ཤིང་རྟ་འཁོར་ལོ་རྩིབས་སྟོང་ཅན། །
གཞོན་ནུ་ལེ་ལོ་ཅན་གྱི་གམ་དུ་བསླེབས། །
སྔོན་ཆད་མ་མཐོང་འཁོར་ལོ་རིན་པོ་ཆེ། །
དེ་རིང་མིག་གི་དགའ་སྟོན་མ་འོངས་པར། །
སུ་ཡིན་གར་འགྲོ་ལ་སོགས་གཏམ་དྲིས་ཏེ། །
འཁོར་ལོ་རིན་ཆེན་གཏམ་བརྗོད་འདི་ནས་སྤྲོས། །
ཀྭ་ཡེ་གསོན་དང་གཞོན་ནུ་ལེ་ལོ་ཅན། །
ང་དང་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །
ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
ང་ནི་དུས་ཀྱི་འཁོར་ལོ་རིན་པོ་ཆེ། །
ཕྱི་ཡི་འཁོར་ལོ་ཕ་ལམ་རྡོ་ལ་བྱས། །
དེ་ཡི་མཐའ་ཤན་དཀར་པོ་དངུལ་གྱིས་བརྒྱན། །
ནང་གི་རྩིབས་མདའ་སེར་པོ་གསེར་ལས་བརྡུངས། །
དབུས་ཀྱི་འཁོར་མིག་སྔོན་པོ་གཡུ་ལ་བྱས། །
བྱི་རུ་དམར་པོའི་གཟེར་མ་བརྡབས་པ་དང་། །
མུ་ཏིག་དཀར་པོས་གཟེར་མགོ་ལེགས་པརིབརྒྱན། །
རིན་པོ་ཆེ་ལས་གྲུབ་པའི་སཁོར་ལོ་ང་། །
དུས་ཀྱི་རྒྱལ་པོས་མངགས་པའི་ཕོ་ཉ་ཡིན། །
བརྩོན་འགྲུས་ཅན་རྣམས་མཁས་པའི་གོ་འཕངས་བསྟོད། །
ལེ་ལོ་ཅན་རྣམས་རྨོངས་པའི་བཙོན་ལ་འཇུག །
ང་རྒྱལ་ཅན་རྣམས་ཁེངས་སྐྱུངས་ཞགས་པས་འཛིན། །
ཕྲག་དོག་ཅན་རྣམས་ཤེས་རབ་རལ་གྲིས་གཏུབ། །
དེ་དག་ཕོ་ཉ་ང་ཡི་འཕྲིན་ལས་ཡིན། །
རྒྱལ་པོའི་བཀའ་གསུང་སྒྲུབ་པའི་ཕོ་ཉ་ང་། །
འདྲུད་མཁན་རླུང་གི་རྟ་ཕོ་སྤུན་བདུན་ཡོད། །
ང་རང་ཡུག་ཅིག་འཁོར་བའི་དུས་ཡུན་ལ། །
མི་ཡུལ་དབྱར་དགུན་སྟོན་དཔྱིད་དུས་བཞི་འབྱུང་། །
ང་རང་ཚུན་གང་ས་ལ་འཁོར་བའི་རིན། །
གསེར་སྲང་སྟོང་གིས་ཁུག་ཏུ་ཡོད་རེ་སྐན། །
འོ་ན་ཉོན་ཅིག་གཞོན་ནུ་ལེ་ལོ་ཅན། །
ང་རང་ཡོང་བ་ཐག་རིང་རྒྱང་ནས་ཡོང་། །
སྔོན་བྱོན་མཁས་མང་གཤེགས་པའི་ལམ་ནས་འོངས། །
སྣ་མང་རྩོམ་ལ་ལྟ་ཞིང་ལྟ་ཞིང་འོངས། །
བསྟོད་པའི་མཐེ་བོང་སྒྲེང་ཞིང་སྒྲེང་ཞིང་འོངས། །
བསྔགས་པའི་གླུ་དབྱངས་ལེན་ཞིང་ལེན་ཞིང་འོངས། །
ད་ལྟ་བསླེབས་པ་ཁྱོད་ཀྱི་གམ་དུ་བསླེབས། །
ལེ་ལོའི་རྣམ་འགྱུར་ལྟ་ཞིང་ལྟ་ཞིང་བསླེབས། །
སྨད་པའི་འཛུབས་ཆུང་སྟོན་ཅིང་སྟོན་ཅིང་བསླེབས། །
ཡི་མུག་གླུ་ཆུང་སྒྲོག་ཅིང་སྒྲོག་ཅིང་བསླེབས། །
དོ་ནུབ་འགྲོ་བ་མ་འོངས་ཕྱོགས་སུ་འགྲོ། །
མ་འོངས་མཁས་པའི་གསེར་ཁྲི་བཞེངས་སུ་འགྲོ། །
ཕྱིས་འབྱུང་བླུན་པོའི་བཙོན་ར་ལས་སུ་འགྲོ། །
ལེ་ལོ་ཅན་ལ་དྲན་བསྐུལ་བྱེད་ཅིང་འགྲོ། །
བརྩོན་འགྲུས་ཅན་ལ་ལྕག་འདེབས་བྱེད་ཅིང་འགྲོ། །
ད་དུང་ཉོན་ཅིག་གཞོན་ནུ་ལེ་ལོ་ཅན། །
གཞོན་ཚེ་བརྩོན་འགྲུས་ས་བོན་མ་བཏབ་ན། །
རྒས་ཚེ་མཁས་པའི་འབྲས་བུ་འབྱུང་མི་སྲིད། །
ད་ལྟ་སྦྱང་སྟོབས་སོ་ནམ་མ་བྱས་ན། །
འབྱུང་འགྱུར་རྨོངས་པའི་བུ་ལོན་འཇལ་དགོས་ཡོད། །
མ་ཡེངས་མ་ཡེངས་ལེ་ལོར་མི་གཡེང་བར། །
སྦྱང་ན་སྦྱང་ན་རིག་པའི་གནས་ལ་སྦྱོངས། །
དེ་སྐད་གསུངས་པས་གཞོན་ནུ་ལེ་ལོ་ཅན། །
ཅི་མི་སྙམ་པའི་ཁོང་འཛུམ་གཏིང་ནས་ཤོར། །
ཧ་ཧ་ཧེ་ཧེའི་གད་རྒྱངས་སྒྲོག་བཞིན་པར། །
རང་གི་ཆེ་བ་བརྗོད་པའི་མཆིད་འདི་སྨྲས། །
འོ་ན་ཉོན་ཅིག་འཁོར་ལོ་རིན་པོ་ཆེ། །
ང་དང་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །
ང་དང་ང་ངོ་ཁྱེད་ཀྱིས་མ་ཤེས་ན། །
ང་ནི་གྲུབ་པ་ཐོབ་པའི་རྣལ་འབྱོར་ཡིན། །
གནས་ལྔ་རིག་པའི་ཕ་ཡུལ་རྒྱབ་ཏུ་དོར། །
རྣམ་གཡེང་བླ་མའི་དྲུང་ནས་སྡོམ་པ་བཞེས། །
སྒྱིད་ལུག་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། །
ཉོན་མོངས་བཀའ་ཆོས་མ་ལུས་ཐུགས་སུ་ཆུད། །
གཡོ་སྒྱུ་འཆད་པའི་རིག་པ་མཚོ་ལྟར་རྒྱས། །
ཕྲག་དོག་རྩོད་པའི་བློ་གྲོས་མེ་ལྟར་འབར། །
སྐུར་འདེབས་རྩོམ་པའི་རྣམ་དཔྱོད་མཁའ་ལས་ཡངས། །
འདུ་འཛིའི་ཁྲོམ་སྲང་རི་ཁྲོད་ཕྱོགས་མེད་འགྲིམས། །
བག་ཡེངས་ཏིང་འཛིན་བློ་རྩེ་གཅིག་ཏུ་བསྒོམས། །
གཡོ་སྒྱུའི་རྟོགས་པ་ཨ་སྔོན་དབྱིངས་ལས་མཐོ། །
ལེ་ལོའི་ལྟ་བ་ཉ་གང་ཟླ་ལས་གསལ། །
རྫུན་དང་ཕྲ་མ་རྒྱུ་སྐར་ཚོགས་ལས་མང་། །
རྣལ་འབྱོར་ང་ཡི་ཡིན་ལུགས་དེ་ལྟར་ལགས། །
ད་དུང་ཉོན་ཅིག་འཁོར་ལོ་རིན་པོ་ཆེ། །
ཁྱོད་ལུས་རིན་ཆེན་རྒྱན་གྱིས་སྤྲས་སོ་སྐད། །
དུས་ཀྱི་རྒྱལ་པོའི་ཕོ་ཉ་ཡིན་ནོ་ཟེར། །
ལེགས་ཉེས་འབྱེད་པའི་འཕྲིན་ལས་སྒྲུབ་པོ་སྐད། །
ཆིབས་པ་རླུང་གི་རྟ་མཆོག་ཡོད་དོ་ཟེར། །
ད་ནངས་ཐག་རིང་རྒྱང་ནས་ཡོང་ངོ་སྐད། །
མཁས་མང་གཤེགས་པའི་ལམ་ནས་འོངས་སོ་ཟེར། །
སྣ་མང་རྩོམ་ལ་ལྟ་ཞིང་ཡོང་ངོ་སྐད། །
བསྟོད་པའི་མཐེ་བོང་སྒྲེང་ཞིང་ཕེབས་སོ་ཟེར། །
བསྔགས་པའི་གླུ་དབྱངས་ལེན་ཞིང་ཡོང་ངོ་སྐད། །
ད་ལྟ་ང་ཡི་གམ་དུ་བསླེབས་སོ་ཟེར། །
ལེ་ལོའི་རྣམ་འགྱུར་ལྟ་ཞིང་བསླེབས་སོ་སྐད། །
སྨད་པའི་འཛུབས་ཆུང་སྟོན་ཅིང་སྟོན་ཅིང་བསླེབས་སོ་སྐད། །
ཡི་མུག་གླུ་ཆུང་སྒྲོག་ཅིང་སྒྲོག་ཅིང་བསླེབས་སོ་སྐད། །
དོ་ནུབ་འགྲོ་བ་མ་འོངས་ཕྱོགས་སུ་འགྲོའོ་ཟེར། །
མཁས་པའི་གསེར་ཁྲི་བཞེངས་སུ་འགྲོའོ་སྐད། །
བླུན་པོའི་བཙོན་ར་ལས་སུ་འགྲོའོ་ཟེར། །
དེ་སྐད་ཟེར་ལ་ལན་པོ་འདི་འདྲ་ཡོད། །
རྣ་བའི་དབང་པོ་མ་གཡེང་བདག་ལ་གསོན། །
ཅི་བྱེད་འདི་བྱེད་མེད་པའི་རྣལ་འབྱོར་ངས། །
ཉོན་མོངས་རི་ལ་ཏིང་འཛིན་བསྒོམས་བསྒོམས་ནས། །
དུས་ཀྱི་འཁོར་ལོ་ཟེར་བ་བརྗེད་དེ་ཐལ། །
རྨོངས་པའི་རྒྱན་ཆ་ལུས་ལ་བཏགས་བཏགས་ནས། །
རིན་ཆེན་ཕྲ་རྒྱན་ཟེར་བ་བརྗེད་དེ་ཐལ། །
ཉིན་མཚན་འཕུང་སྦྱོར་ལས་ལ་འབད་འབད་ནས། །
ལེགས་ཉེས་དབྱེ་བ་ཟེར་བ་བརྗེད་དེེ་ཐལ། །
རྨི་ལམ་རྒྱུ་མའི་ཞིང་ཁམས་འགྲིམས་འགྲིམས་ནས། །
དུས་ཀྱི་རྟ་ཕོ་ཟེར་བ་བརྗེད་དེ་ཐལ། །
ཀུ་རེ་རྩེད་མོའི་ལ་ལུང་མྱུལ་མྱུལ་ནས། །
ལམ་དང་ས་ཐག་རིང་ཐུང་བརྗེད་དེ་ཐལ། །
ཤགས་དང་ཁ་མཚར་གཞུང་ལ་སྦྱངས་སྦྱངས་ནས། །
མཁས་པའི་ལྗགས་རྩོམ་ཟེར་བ་བརྗེད་དེ་ཐལ། །
གཡོ་དང་རྫུན་གྱིས་མི་མགོ་བསྐོར་བསྐོར་ནས། །
བསྟོད་པའི་མཐེ་བོང་ཟེར་བ་བརྗེད་དེ་ཐལ། །
འདོད་དང་ཆགས་པའི་གཏམ་སོགས་གླེང་གླེང་ནས། །
བསྔགས་པའི་གླུ་དབྱངས་ཟེར་བ་བརྗེད་དེ་ཐལ། །
ཆང་དང་བཟའ་བཏུང་ཞིམ་པོ་སྤྱད་སྤྱད་ནས། །
ལེ་ལོའི་རྣམ་འགྱུར་ཟེར་བ་བརྗེད་དེ་ཐལ། །
ཁྱི་དང་ཕག་པ་ཇི་བཞིན་བལྡོམས་བལྡོམས་ནས། །
སྨད་པའི་མཛུབ་ཆུང་ཟེར་བ་བརྗེད་དེ་ཐལ། །
གཉིད་དང་བག་གཡེང་དབང་དུ་སོང་སོང་ནས། །
འདས་དང་མ་འོངས་ཟེར་བ་བརྗེད་དེ་ཐལ། །
ལེ་ལོ་ཁེངས་དྲེགས་ཁྱི་ལ་འགྱིངས་འགྱིངས་ནས། །
མཁས་པའི་གསེར་ཁྲི་ཟེར་བ་བརྗེད་དེ་ཐལ། །
རྨོངས་དང་མུན་པའི་གནས་སུ་ཉལ་ཉལ་ནས། །
བླུན་པོའི་བཙོན་ར་ཟེར་བ་བརྗེད་དེ་ཐལ། །
ད་དུང་ཉོན་ཅིག་འཁོར་ལོ་རིན་པོ་ཆེ། །
གཞོན་ཚེ་བརྩོན་འགྲུས་ས་བོན་མ་བཏབ་ན། །
རྒས་ཚེ་མཁས་པའི་འབྲས་བུ་མི་སྨིན་ཟེར། །
ད་ལྟ་སྦྱང་སྟོབས་སོ་ནམ་མ་བྱས་ན། །
འབྱུང་འགྱུར་རྨོངས་པའི་བུ་ལོན་འཇལ་དགོས་ཟེར། །
ཁྱོད་ཀྱི་གཏམ་དེ་རྣ་བར་སྙན་ན་ཡང་། །
ཞིབ་མོ་བློ་ཡིས་དཔྱད་ན་རྒོད་རེ་བྲོ། །
ང་རང་ཁྲི་གདུགས་ཉི་མའི་གཟི་ལྡན་པར། །
ཁྱོད་ཀྱིས་མར་མེ་འདེགས་པ་སྙིང་རེ་རྗེ། །
ཁོ་བོ་དུས་གསུམ་མཁྱེན་པའི་སངས་རྒྱས་ལ། །
ཁྱོད་ཀྱིས་ཀ་ཁ་སློབ་པ་བག་རེ་ཚ། །
རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །
ཡང་ནས་ཡང་དུ་ཐོབ་པར་དཀའ་བ་ན། །
སེ་གོལ་གཏོགས་ལྟར་ཐུང་བའི་མི་ཚེ་འདིར། །
ཇ་ཆང་བདུད་རྩིའི་དཔལ་ལ་མི་རོལ་ཞིང་། །
ཤ་མར་བཟའ་བཏུང་ཞིམ་པོ་མི་སྤྱོད་ལ། །
རྒྱུ་ནོར་ལོངས་སྤྱོད་དོན་དུ་མ་གཉེར་ན། །
ཚེ་འདིར་ཡོང་བ་སྙིང་པོ་ཅི་ཞིག་ཡོད། །
མི་ལུས་ཐོབ་པར་རིན་ཐང་ཅི་འདྲ་མཆིས། །
རང་སེམས་རང་གིས་སྐྱིད་དུ་མ་བཅུག་ན། །
བདེ་སྐྱིད་ཟེར་བ་རང་དགར་ཐོབ་ལེ་མིན། །
འཆི་བདག་ཕོ་ཉ་ནམ་འོང་ཆ་མེད་པས། །
ཁྱོད་ཀྱང་ངའི་རྗེས་འབྲོང་ལ་ང་ལྟར་མཛོད། །
ལེ་ལོ་ཅན་གྱི་གཡོ་སྒྱུའི་རྫུན་ཚིག་འདི། །
རྣ་བའི་བུ་ག་འབིགས་པའི་དུག་ཚེར་བཞིན། །
འཁོར་ལོ་རིན་ཆེན་སྙན་དུ་ཟུག་ན་འང་། །
སྤྱང་ཀིིའི་རྣ་བར་ཆོས་བཤད་མི་འགྲོ་ལ། །
ཞབས་རྡོལ་སྣོད་དུ་འོ་མ་མི་ཆགས་ཤིང་། །
ཆུ་འཁྱག་བསྲུབས་པས་མར་ལོ་མི་འབྱུང་བཞིན། །
གནས་ལུགས་བཤད་པ་ངལ་བའི་རྒྱུ་རུ་ཟད། །
རིན་ཆེན་མཆིང་བུའི་རིན་ཐང་མི་འདྲ་ཞིང་། །
གསེར་དང་ར་གན་འཁྲུལ་བར་མི་འགྱུར་བཞིན། །
དཀར་ནག་དབྱེ་བ་མི་ནོར་འབྱུང་འགྱུར་འབྱེད། །
བདེན་དང་རྫུན་གྱི་ཕུ་ཐག་ཆོད་ངེས་པས། །
ལེ་ལོ་ཅན་ཁྱོད་ཅི་དྲན་གང་དཀར་མཛོད། །
ཕར་ལབ་ཚུར་ལབ་བྱེད་ཁོམ་ང་ལ་མེད། །
དེ་སྐད་གསུང་བཞིན་འཁོར་ལོ་རིན་པོ་ཆེ། །
ལེ་ལོ་ཅན་དང་ཇི་རིང་ཇི་རིང་གྱུར་། །
ཡུད་ཙམ་འགོར་རྗེས་གར་སོང་ཆ་མེད་གྱུར། །
ལེ་ལོ་ཅན་དེ་ད་དུང་ཧད་དེ་ལུས། །
ལེའུ་གཉིས་པ། ནོར་བུ་རིན་པོ་ཆེ།
འཁོར་ལོ་རིན་ཆེན་གར་སོང་ཆ་མེད་འགྱུར། །
ཁ་འཐབ་རྩོད་པར་རྒྱལ་ཁ་མ་ཐོབ་པས། །
ཕྲག་དོག་ཡིད་ཀྱི་རལ་གྲི་བཟུང་ནས་ནི། །
ང་རྒྱལ་ར་མདའ་རྗེས་གཅོད་བྱེད་དུ་ཆས། །
སྔོ་བསངས་རྒྱ་མཚོ་ ཆེན་པོའི་ཁ་རུ་བསླེབས། །
བརྐམ་ཆགས་མིག་ཟུང་བགྲད་ནས་བལྟས་ཙ་ན། །
རིན་ཆེན་འབྱུང་ནས་ནོར་བུའི་གླིང་ཕྲན་མཐོང་། །
ནོར་བུ་རིན་ཆེན་གཏམ་བརྗོད་འདི་ནས་གླེང་། །
ཀྭ་ཡེ་གསོན་དང་གཞོན་ནུ་ལེ་ལོ་ཅན། །
ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
ང་ནི་ཤེས་བྱའི་ནོར་བུ་རིན་པོ་ཆེ། །
མིང་གཞན་དགོས་འདོད་ཀུན་འབྱུང་ཞེས་ཀྱང་བྱ། །
འཆད་པའི་རིག་པ་རྒྱ་མཚོའི་ཀློང་ནས་ཐོན། །
རྩོད་པའི་སྙིང་སྟོབས་དབའ་རླབས་ཁྲོད་དུ་རྒྱས། །
རྩོམ་པའི་རྣམ་དཔྱོད་རྒྱ་མཚོའི་མཐའ་ནས་འཁྲུངས། །
ཤེས་བྱའི་ནོར་གྱིས་ཕོངས་པའི་ཉམ་ཐག་ལ། །
ཡོན་ཏན་བདུད་རྩིའི་ལོངས་སྤྱོད་འཛད་མེད་སྩོལ། །
དེད་དཔོན་སྙིང་སྟོབས་ཅན་ཚོ་མ་གཏོགས་པའི། །
ཚོང་མགྲོན་གཡོ་སྒྱུ་ཅན་ཚོས་ལོན་ཐབས་མེད། །
འོ་ན་ཉོན་དང་གཞོན་ནུ་ལེ་ལོ་ཅན། །
ད་ནངས་འོངས་པ་གང་གི་ཕྱོགས་ནས་ཡོང་། །
དོ་ནུབ་འགྲོ་བ་གང་གི་ཕྱོགས་སུ་འགྲོ །
གཞོན་ནུ་ཁྱོད་ལ་ཡོན་ཏན་ཅི་འདྲ་ཡོད། །
མ་གསང་དྲང་པོའི་གཏམ་ཞིག་ང་ལ་ཤོད། །
དེ་སྐད་དྲིས་པའི་ཚིག་རྣམས་ཐོས་མ་ཐག །
གཞོན་ནུ་ལེ་ལོ་ཅན་གྱི་བསམ་པ་ལ། །
ཕ་རོལ་རྫུན་གྱིས་མགོ་བོ་རྨོངས་བཅུག་སྟེ། །
ནོར་བུ་རིན་ཆེན་ལོན་ཐབས་བྱ་དགོས་སྙམ། །
འོ་ན་གསོན་ཅིག་ནོར་བུ་རིན་བུ་ཆེ། །
མཙོ་མོ་འདི་ལ་ཞི་བདེའི་རྒྱ་མཚོར་གྲགས། །
གླིང་ཕྲན་འདི་ལ་རིན་ཆེན་འབྱུང་གནས་ཟེར། །
ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
ང་ནི་སྟག་གཟིག་ནོར་གྱི་རྒྱལ་པོ་ཡིན། །
ལྷ་ཆེན་ཚངས་པ་དཀར་པོའི་ཐུགས་སྲས་ཡིན། །
ཀླུ་རྒྱལ་གཙུག་ན་རིན་ཆེན་ཚ་བོ་ཡིན། །
སྟོན་པ་ཤཱཀྱ་ཐུབ་པའི་ཡང་ཚ་ཡིན། །
འཛམ་གླིང་རྒྱུ་ནོར་ཀུན་གྱི་བདག་པོ་ཡིན། །
ད་ནངས་འོངས་པ་སྟེང་ཕྱོགས་ལྷ་ནས་ཡོང་། །
སུམ་རྩེན་བདག་པོ་བཞུགས་པའི་དྲུང་ནས་ཡོང་། །
དོ་ནུབ་འགྲོ་བ་འོག་མ་ཀླུ་ལ་འགྲོ །
ཀླུ་རྒྱལ་གཙུག་ན་རིན་ཆེན་མཇལ་དུ་འགྲོ །
ནོར་བུ་དགོས་འདོད་ཀུན་འབྱུང་ལེན་དུ་འགྲོ །
འཛམ་གླིང་རྒྱུ་ནོར་ཀུན་གྱི་བདག་པོ་ང་། །
རིན་ཆེན་ནོར་གྱིས་སྟོངས་པ་མ་ཡིན་མེད། །
འོན་ཀྱང་ཚེ་སྔོན་བསོད་ནམས་བསགས་པའི་མཐུས། །
རྒྱལ་པོ་ང་དང་ནོར་བུ་རིན་ཆེན་ཁྱོད། །
ཕོ་བྲང་གཅིག་ལ་འའཛོམས་པའི་རྟེན་འབྲེལ་འགྲིགས། །
མ་འདུག་མ་འདུག་ནོར་བུ་རིན་པོ་ཆེ། །
འདུག་དགའ་ཆེ་ན་རྐུན་མའི་ལག་ཏུ་ཤོར། །
འགྲོ་ན་འགྲོ་ན་རྒྱལ་པོའི་རྗེས་སུ་འགྲོ །
ང་རྗེས་འབྲངས་ན་འཕྲིན་ལས་ཆེན་པོ་འགྲུབ། །
ཞེས་སོགས་གཡོ་སྒྱུའི་ཚིག་གི་མདའ་མོ་ནི། །
ཧམ་ཅན་འཁྱོག་པོའི་གཞུ་ལ་མྱུར་སྦྱར་ཏེ། །
ཞེ་སྡང་ཤུགས་ཀྱིས་འཕངས་བར་གྱུར་ན་ཡང་། །
ནོར་བུ་རིན་ཆེན་འབེན་ལ་ཕོག་མ་གྱུར། །
འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ། །
ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་ཡི། །
ལེ་ལོ་ཅན་དེ་གཡོ་ལ་མཁས་ན་ཡང་། །
གཟིག་ལྤགས་བཀབ་པའི་མགྲིན་བཟང་བོང་བུ་ལྟར། །
རང་ཉིད་འཕུང་བའི་རྒྱུ་ལས་གཞན་དུ་ཅི། །
སྐབས་དེར་ནོར་བུ་རིན་ཆེན་བསམ་པ་ལ། །
གནམ་ལྕགས་ཐོག་གིས་བྲག་རི་གཏོར་བ་ལྟར། །
ལེ་ལོ་ཅན་གྱི་ངན་མཚང་མ་བརྟོལ་ན། །
ཝ་སྐྱེས་རྒྱལ་པོར་བཀུར་བའི་དཔེ་ཇི་བཞིན། །
འགྱུར་བར་དོགས་ནས་གཏམ་གྱི་མཆིད་འདི་གསུངས། །
ཝ་ཡེ་ཉོན་ཅིག་གཞོན་ནུ་ལེ་ལོ་ཅན། །
བརྐམ་ཆགས་ཧམ་སེམས་དེ་ཡི་ཆེ་ལུགས་ལ། །
སྟག་གཟིག་ནོར་གྱི་རྒྱལ་པོ་ཡིན་པས་ཟེར། །
གཟུགས་བྱད་ཆ་ལུགས་དེ་ཡི་ངན་ལུགས་ལ། །
རྒྱལ་པོར་མི་འདྲ་ནོར་མེད་སྤྲང་པོར་འདྲ། །
གཡོ་སྒྱུ་ཁྲམ་པ་དེ་ཡི་ཆེ་ལུགས་ལ། །
ཚངས་པ་དཀར་པོའི་ཐུགས་སྲས་ཡིན་པས་ཟེར། །
སེམས་པ་ཉོན་མོངས་འདི་ཡི་སྦགས་ལུགས་ལ། །
ལྷ་སྲས་མི་འདྲ་བདུད་ཀྱི་ཕྲུ་གུ་འདྲ། །
ཀླུ་ཡི་རྒྱལ་པོར་ཚ་བོ་ཁྱོད་འདྲ་མེད། །
ཤཱཀྱའི་བརྒྱུད་ལ་ཁྱོད་འདྲ་སྐྱེས་སྲོལ་མེད། །
ལྷ་ཡི་ཡུལ་དུ་ཁྱོད་འདྲ་ཐར་སྲོལ་མེད། །
ཐར་སྲོལ་ཡོད་ཀྱང་ཁྱོད་འདྲ་གསོན་ཐབས་མེད། །
ཀླུ་ཡི་རྒྱལ་པོས་མཇལ་ཁ་གནང་སྲོལ་མེད། །
གནང་སྲོལ་ཡོད་ཀྱང་ཁྱོད་འདྲར་ཐོབ་ས་མེད། །
ནོར་བུ་རིན་ཆེན་དགོས་འདོད་ཀུན་འབྱུང་ང་། །
ཕྱི་ནང་ཀུན་ལ་ཤེས་བྱའི་ནོར་གྱིས་ཁེངས། །
སྐྱེས་མཆོག་བརྩོན་འགྲུས་ཅན་ཚོ་མ་གཏོགས་པའི། །
ཕྱུག་པོ་རྣམས་ཀྱིས་ཉོ་བསམས་ཁུག་ཏུ་མེད། །
མེད་པོ་རྣམས་ཀྱིས་སློང་བསམས་སྦྱིན་དུ་མེད། །
བཙན་པོ་རྣམས་ཀྱིས་འཕྲོགས་བསམས་ཐོབ་ཏུ་མེད། །
བརྐམ་ཆགས་ཅན་རྣམས་རྐུ་བསམས་རག་ཏུ་མེད། །
མརྫེས་མ་རྣམས་ཀྱིས་བསླུ་བསམས་བྲིད་དུ་མེད། །
ལེ་ལོ་ཅན་ཁྱོད་གཡོ་སྒྱུའི་ཐབས་མང་ཡང་། །
ནོར་བུ་ང་ནི་གཡོ་འོག་ཚུད་དུ་མེད། །
དེ་བས་ཉི་མ་དེ་རིང་ནས་བཟུང་སྟེ། །
ཁྱོད་ཀྱང་རྣམ་གཡེང་བསམ་པ་མི་འཛིན་ཞིང་། །
བག་གཡེང་གཉིད་དང་སྒྱིད་ལུག་རིང་སྤོངས་ལ། །
ལེ་ལོའི་དྲི་མ་ཙམ་ཡང་ཕར་དོར་ནས། །
ཤེས་བྱའི་རྒྱ་མཚོར་འཇུག་ལ་སྤྲོ་བར་གྱིས། །
གཞོན་ཚེ་ཤེས་བྱའི་རྒྱ་མཚོར་མ་ཞུགས་ན། །
རྒས་ཚེ་ཡོན་ཏན་ནོར་བུ་མི་ཡོང་ཞིང་། །
ད་ལྟ་བརྩོན་འགྲུས་གྲུ་ཁེམ་མ་དཀྲུགས་ན། །
འབྱུང་འགྱུར་འགྱོད་པའི་བུ་ལོན་འཇལ་དགོས་ཡོད། །
མ་ཡེངས་མ་ཡེངས་ལེ་ལོར་མ་གཡེང་བར། །
ལེན་ན་ལེན་ན་ནོར་བུ་ང་འདྲ་ལོངས། །
དེ་སྐད་གསུང་བཞིན་ནོར་བུ་མཐོང་མེད་གྱུར། །
ཤ་ཚའི་གཏམ་གྱི་སྙིང་པོའི་དྲིལ་བུ་ནི། །
ལེ་ལོ་ཅན་གྱི་རྣ་བར་དཀྲོལ་ན་ཡང་། །
བག་ཆགས་དྲི་མ་ངན་པས་བཏུམས་པ་ཡི། །
ལེ་ལོ་ཅན་དེ་གོ་རྟོགས་སད་མ་གྱུར། །
ལེའུ་གསུམ་པ། བློན་པོ་རིན་པོ་ཆེ།
ནོར་བུ་གར་སོང་མ་ཤེས་འགྱོད་པ་སྐྱེས། །
རང་ཉིད་བསོད་ནམས་དམན་ཞེས་ལས་ཤིག་དེད། །
རང་སེམས་གསོ་བའི་དོད་དུ་ཆང་ཞིག་བཏུང་། །
བློ་སེམས་བདེ་མོའི་ངང་ནས་གཉིད་ཅིག་ཉལ། །
ནོར་བུ་རྙེད་ནས་རྒྱལ་སྲིད་ཐོབ་པ་རྨིས། །
བཙུན་མོའི་ཚོགས་ཀྱི་འཛུམ་གྱིས་བསུ་བ་རྨིས། །
བྲན་གཡོག་ཕོ་མོས་མཐའ་ནས་བསྐོར་བ་རྨིས། །
བློན་པོ་རིན་ཆེན་གཏམ་བརྗོད་འདི་ནས་བྱུང་། །
ཀྭ་ཡེ་གསོན་ཅིག་ལེ་ལོའི་རྒྱལ་པོ་ལགས། །
ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
ང་ནི་ཤེས་རིག་བློན་པོ་རིན་པོ་ཆེ། །
ཡོན་ཏན་རྒྱལ་སྲིད་འཛིན་པའི་ཐབས་དང་ལྡན། །
ལྔ་རིག་འགྲོ་བ་སྐྱོང་བའི་ཇུས་ལ་མཁས། །
ཕྲག་དོག་དམག་དཔུང་འཇོམས་པའི་མཐུ་རྩལ་ཆེ། །
ང་རྒྱལ་གླང་སྨྱོན་འདུལ་བའི་དཔའ་དང་ལྡན། །
ལེ་ལོ་སྟག་ལྤགས་དམར་མཉེད་བྱེད་པར་དགའ། །
བརྩོན་འགྲུས་རྒྱལ་པོ་དབུ་ཡི་ཞྭ་ལྟར་བཀུར། །
རྣམ་གཡེང་བསམ་པ་སྨད་པའི་བྲན་དུ་བཀོལ། །
ང་ཡི་ཆེ་བ་བརྗོད་ན་དེ་ཙམ་ཡིན། །
ཁྱོད་ནི་ས་སྐྱོང་རྒྱལ་པོ་ཡིན་བཞིན་དུ། །
རྒྱལ་སྲིད་ཁྲིམས་ཀྱིས་སྐྱོང་ལ་མི་མོས་པར། །
དོན་མེད་ལེ་ལོའི་དབང་དུ་འཁྱམས་པ་འདི། །
རྒྱལ་སྲིད་གཞན་ལ་འཆོར་བའི་སྔ་ལྟས་ཡིན། །
མ་ཡེངས་མ་ཡེངས་ལེ་ལོར་མི་གཡེང་བར། །
བརྟེན་ན་བརྟེན་ན་བློན་པོ་ང་འདྲར་རྟེན། །
བདག་གི་ལག་ཏུ་ཐོགས་པའི་ལྡེ་མིག་འདི། །
ཤེས་བྱའི་བང་མཛོད་གསེར་ཟྭ་འབྱེད་སྤྱད་ཡིན། །
ཉེར་མཁོའི་ཡོནཏན་ནོར་བུ་ལེན་འདོད་ན། །
དོན་མཐུན་ལྡེ་མིག་མ་འབོར་ཉར་དུ་གསོལ། །
དེ་སྐད་གསུང་བཞིན་བློན་པོ་ཡལ་བར་གྱུར། །
ལྡེ་མིག་ལག་ཏུ་སོན་པས་ཉམས་རེ་དགའ། །
མཛོད་སྒོ་ཕྱེས་ཏེ་ནོར་བུ་བརྐུ་སྙིང་འདོད། །
བློན་པོ་བཙལ་ནས་རྒྱལ་སྲིད་བསྐྱངས་ན་བསམས། །
ལེའུ་བཞི་པ། གླང་པོ་རིན་པོ་ཆེ།
ལེ་ལོ་ཅན་གྱི་གཞོན་ནུ་ཧམ་པ་ཅན། །
སྟོང་ཉིད་སྒྱུ་མའི་རྨི་ལམ་ཞིང་ཁམས་སུ། །
ལོངས་སྤྱོད་ནོར་བུ་རྐུ་ལ་མྱུར་ཆས་ཏེ། །
རྫུ་འཕྲུལ་རྒྱལ་པོའི་བང་མཛོད་སྒོ་ཁར་སླེབས། །
རིན་ཆེན་བང་མཛོད་བཙལ་ནས་རྙེད་ན་ཡང་། །
གླང་ཆེན་སྲུང་མའི་མཆེ་བ་རྣོ་བའི་ཕྱིར། །
ཧམ་ཆེན་རྐུན་པོའི་རྙིང་རྩ་ཤིག་ཤིག་འདར། །
གླང་པོ་རིན་ཆེན་གཏམ་བརྗོད་འདི་ནས་གླེང་། །
ཀྭ་ཡི་ཉོན་ཅིག་གཞོན་ནུ་ལེ་ལོ་ཅན། །
སྐྲག་ཤོར་སྡར་མའི་ལུས་ལ་རྐུན་པོའི་སེམས། །
འབད་པས་ཤེས་བྱའི་རྒྱུ་ནོར་མི་འཚོལ་བར། །
ཧམ་པས་གཞན་ནོར་བརྐུ་བར་ཡོང་བ་ཁྱོད། །
དར་ཅིག་གླང་ཆེན་བདག་གི་གཏམ་འདི་ཉོན། །
ང་དང་ང་ངོ་ཁྱོད་ཀྱི་མ་ཤེས་ན། །
ང་ནི་ཁྲེལ་ཡོད་གླང་པོ་རིན་པོ་ཆེ། །
རྒྱལ་པོའི་བང་མཛོད་སྲུང་བའི་མཉན་པོ་ཡིན། །
བརྩོན་འགྲུས་ཅན་རྣམས་སློང་མོར་ཕེབས་པ་ན། །
གང་གང་རེ་བའི་འབྲས་བུ་མྱུར་མྱུར་སྨིན། །
ནེ་ནོ་ཅན་རྣམས་བརྐུ་བར་འོང་ཙ་ན། །
དེ་དེའི་ཧམ་སེམས་འཕྲལ་འཕྲལ་ལྐོག་མར་འབྱིན། །
ང་ཡི་སུག་བཞི་རི་རྒྱལ་ལྷུན་པོ་ལ། །
མཀའ་འགྲོ་ཆོས་སྐྱོང་བར་སྣང་སྤྲིན་བཞིན་འདུ། །
ང་ཡི་ལུས་པོ་ལྕགས་ཀྱི་ས་གཞི་ལ། །
ལྷ་སྲིན་སྡེ་བཞི་ན་བུན་བཞིན་དུ་འཐིབས། །
ང་ཡི་མཆེ་བ་གངས་ཀྱི་རི་བོ་ལ། །
དཤར་ནག་ཤན་འབྱེད་བྱེད་པའི་མེ་ལོང་ལྡན། །
དཔྲལ་བའི་མིག་འབྲས་ཆུ་ཤེལ་མེ་ལོང་ལ། །
དུས་གསུམ་རྗེན་པར་གཟིགས་པའི་གཟི་འོད་འབར། །
ང་ཡི་སྣ་ཞགས་རྒྱ་མའི་སྲང་མདའ་ལ། །
དགེ་སྡིག་ཡང་ལྗི་འཇལ་བའི་རྒྱ་རྡོ་བཏགས། །
བརྩོན་འགྲུས་ཅན་རྣམས་ཐར་པའི་ལམ་ལ་འགོད། །
ལེ་ལོ་ཅན་རྣམས་དམྱལ་བའི་སླ་ངར་བཙོ། །
ཝ་ཡེ་ཉོན་ཅིག་གཞོན་ནུ་ལེ་ལོ་ཅན། །
བརྩོན་སེམས་ཅན་ལ་སྡང་སེམས་ཅི་ལྟར་བྱས། །
ཡོན་ཏན་ཅན་ལ་ཕྲག་དོག་ཅི་འདྲ་བྱས། །
དོན་མེད་བྱ་བ་གང་དང་གང་དག་བྱས། །
ཚོད་མེད་ལས་ཀ་ཅི་དང་ཅི་འདྲ་བྱས། །
མ་གསང་དྲང་པོའི་གཏམ་ཞིག་ང་ལ་སྨོས། །
གསང་བས་མི་ཐུབ་མྱུར་མུར་ཤོད་ཅིག་ཀྱེ། །
ཟེར་ཞིང་མཆེ་བ་ཤིན་ཏུ་གཙིགས་པ་དང་། །
སྣ་ཞགས་ཡང་ནས་ཡང་དུ་རྐྱོང་བཞིན་པར། །
འབྲུག་སྟོང་དུས་གཅིག་ལྡིར་འདྲའི་སྐད་འདྲག་གིས། །
ཕ་རོལ་ཟིལ་གནོན་དྲི་བ་བཏོན་པ་ལ། །
ལེ་ལོ་ཅན་གྱི་སྡར་མའི་སྙིང་ཁམས་སུ། །
མདུང་རིང་བསྣུན་ལྟར་ཟུག་ངུ་དྲག་པོ་སྐྱེས། །
ལེའུ་ལྔ་པ། དམག་པོན་རིན་པོ་རིན་པོ་ཆེ།
གླང་པོའི་གཏམ་རྣམས་རྣ་བར་ལྷུང་མ་ཐག། །
ལེ་ལོ་ཅན་ནི་བླ་འཁྱམས་ཧོན་ཡང་འཐོར། །
བྱིན་པས་ལུས་པོ་མ་ཐེག་འདར་སིག་སིག །
གཟུགས་པོས་མགོ་བོ་མ་ཁྱོགས་འགུལ་ལྡེམ་ལྡེམ། །
ཕྱི་མིག་ལྟ་བཞིན་ཕྱིར་བཤོལ་བྱེད་བསམས་ཀྱང་། །
མི་ཆེན་ལག་ཟུང་སྐམ་པས་གཉའ་ནས་བཙིར། །
དམག་དཔོན་རིན་ཆེན་གཏམ་བརྗོད་འདི་ནས་སྤྲོས། །
ཝ་ཡེ་ཉོན་དང་གཞོན་ནུ་ལེ་ལོ་ཅན། །
རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་བཞིན་དུ། །
དུད་འགྲོ་ཕྱུགས་ཀྱི་རྣམ་ཐར་སྐྱོང་བ་ཁྱོད། །
ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
ང་ནི་དགྲ་བཅོམ་དམག་དཔོན་རིན་པོ་ཆེ། །
དཔའ་སྙིང་རྒྱས་པའི་དངུལ་གྱི་དབུ་རྨོག་རྩེར། །
ཆོ་འཕྲུལ་སྟོན་པའི་དར་འཕྲུ་དགུང་ལ་བཙུགས། །
ཐབས་མཁས་གསེར་ཁྲབ་གཟི་འོད་འབར་བ་ལ། །
ཤེས་རབ་ཟར་ཆེན་རྒྱུན་ཐག་ཕྲ་མོས་བསྡམས། །
ཤེས་ཡོན་འགུགས་པའི་གཞུ་མོའི་རྒྱུད་སྐུད་ལ། །
བརྩོན་འགྲུས་བསྐྱེད་པའི་མདའ་མོ་ལྟོང་ལ་སྤྲད། །
བློ་གྲོས་ཟབ་པའི་སྐགས་ཀྱི་གྲི་ཤུབས་ལ། །
ཉོན་མོངས་གཏུབ་པའི་རལ་གྲི་དགུང་ལ་འཕྱར། །
ཁེངས་པ་བསྐྱུང་བའི་དགྲ་སྟའི་རྣོ་དབལ་ལ། །
ང་རྒྱལ་གཅོད་པའི་ཐབ་ཏུ་ངར་ཆུ་བླུད། །
བཟོད་པ་བསམ་གཏན་མེ་མདའི་ཁོག་པ་ལ། །
ཕྲག་དོག་འབེན་ནག་བསྒྱེལ་བའི་མདེའུ་བརྫངས། །
སྡུག་རུས་བསྐྱེད་པའི་མདུང་གི་རྩེ་མོ་ལ། །
ལེ་ལོ་རྣམ་གཡེང་འཇོམས་པའི་དུག་ཆུ་བླུགས། །
ང་ནི་མི་འཇིགས་དཔུང་གི་རུ་འདྲེན་ཡིན། །
བརྩོན་འགྲུས་དཔའ་བརྟུལ་གྱད་ཀྱི་དཔུང་རོགས། །
ལེ་ལོ་སྡར་མ་རྣམས་ཀྱི་གཉའ་གནོན་ཡིན། །
འོ་ན་ཉོན་ཅིག་གཞོན་ནུ་ལེ་ལོ་ཅན། །
འབུ་ནག་ཚེ་ཟད་གྲོག་མའི་ཚང་སྒོ་དང་། །
ལུ་གུ་བསོད་ཟད་སྤྱང་ཚང་འགྲིམས་པ་བཞིན། །
ལེ་ལོ་ཅན་ཁྱོད་དམག་དཔོན་གྲི་ཁར་སླེབས། །
དོན་མེད་བྱ་བ་བྱས་པའི་ཆད་པ་ལ། །
མདའ་མདུང་གཉིས་ཀྱིས་རེས་མོས་བསུ་སྐྱེལ་བྱེད། །
མི་ཚེ་སྟོང་ཟད་བྱས་པའི་སྐྱིན་པ་ལ། །
གློ་སྙིང་གཉིས་ཀྱི་དབང་རྩ་མ་ལུས་གཅོད། །
ཨ་ཙ་མ་ཞེས་སྐད་ངན་ཤོར་དང་ལྷན། །
ལེ་ལོ་ཅན་དེ་འཇིགས་རུང་གཉིད་ལས་སད། །
ལེའུ་དྲུག་པ། བཙུན་མོ་རིན་པོ་ཆེ།
ལེ་ལོ་ཅན་དེ་འཇིགས་རུང་གཉིད་ལས་སད། །
ནོར་བུ་རིན་ཆེན་སྔས་མགོའི་རྡོ་ལ་གྱུར། །
གླང་པོ་རིན་ཆེན་རྗེས་ཙམ་མི་མཐོང་ལ། །
དམག་དཔོན་རིན་ཆེན་གར་སོང་ཆ་མ་འཚལ། །
དེ་ལྟ་ནའང་མདང་གསུམ་རྨི་ལམ་དེ། །
ཡོལ་བའི་ངོས་ཀྱི་གློག་གི་གཟུགས་བརྙན་བཞིན། །
ཡང་ཡང་ཡིད་ལ་འཁོར་ཞིང་བྲག་ཅ་ལྟར། །
དར་ལུང་རྣ་བའི་ལམ་དུ་འགེངས་བར་བྱེད། །
དེའི་ཚེ་མདུན་ཕྱོགས་མི་རིང་ལམ་དཀྱིལ་ནས། །
ལྟ་བས་མི་ངོམས་མཛེས་མ་སྒེག་ཉམས་ཅན། །
ལིང་ལིང་གོམ་སྟབས་སྒྱུར་ཅིང་སྒྱུར་ཅིང་འོངས། །
ལེ་ལོ་ཅན་གྱིས་མཛེས་མ་དེ་མཐོང་འཕྲལ། །
ལུས་ལ་ཆགས་པའི་སྤུ་ལོང་རབ་གཡོ་ཞིང་། །
ཡིད་ལ་འདོད་པའི་རླུང་གིས་མྱོས་པའི་མོད། །
གདོང་ལ་འཛུམ་དང་བཅས་ཏེ་གཏམ་དག་དྲིས། །
བཙུན་མོ་རིན་ཆེན་གཏམ་བརྗོད་འདི་ནས་བྱུང་། །
ཀྭ་ཡེ་གསོན་དང་གཞོན་ནུ་ལེ་ལོ་ཅན། །
ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །
ང་ནི་ཡོན་ཏན་བཙུན་མོ་རིན་པོ་ཆེ། །
བཟོ་རིག་ཅོད་པན་སྤྱི་བོའི་ཏོག་ཏུ་མཛེས། །
གསོ་རིག་དོ་ཤལ་མགུལ་བའི་རྒྱན་དུ་འཆིང་། །
སྒྲ་རིག་ལན་བུ་ཐུར་དུ་དཔྱངས་པ་ལ། །
ནང་རིག་གཡུ་བྱུར་རིན་ཆེན་རྒྱན་གྱིས་སྤུད། །
ཚད་མ་ཨ་འཇམ་ཚ་རུའི་ཡང་ཐོག་ཏུ། །
སྙན་ངག་གོས་ལིང་ལྗང་ཁུའི་སྐ་རགས་བཅིངས། །
མངོན་བརྗོད་ཆུ་སྲམ་པགས་པའི་གཟར་བུ་ལ། །
སྡེབ་སྦྱོར་དབུས་ཕྲུག་སྣ་ལྔས་མཐའ་ཆགས་བྱས། །
ཟློས་གར་ཐིག་ལེ་གཟིག་གི་གོང་བ་ལ། །
སྐར་རྩིས་དངུལ་དཀར་སྒྲོག་གུ་ཆ་ལྡན་བཏགས། །
བལྟ་ན་བཙུན་མོ་ང་ཡིས་ལུས་ལ་ལྟོས། །
བརྗོད་ན་བཙུན་མོ་ང་ཡི་སྙན་གྲགས་བརྗོད། །
ངོམས་ན་བཙུན་མོ་ང་ཡི་རྒྱན་ཆ་ངོམས། །
སློབ་ན་བཙུན་མོ་ང་ཡི་རྣམ་ཐར་སློབ། །
གཞོན་ནུ་བརྩོན་འགྲུས་ཅན་ཚོ་མ་གཏོགས་པའི། །
ལེ་ལོ་ཅན་གྱི་ཁྱིམ་ཐབ་ངས་མི་འདོད། །
དེ་སྐད་གསུངས་པས་གཞོན་ནུ་ལེ་ལོ་ཅན། །
མཛེས་མའི་ཡོན་ཏན་མང་བར་མ་མགུ་ཡང་། །
འདོད་ཆགས་རླུང་གིས་མྱོས་པའི་རྒྱུ་མཚན་གྱིས། །
ཁ་ཙམ་ཚིག་གིས་འགྱོད་བཤགས་བྱེད་དགོས་བྱུང་། །
འོ་ན་གསོན་དང་བཙུན་མོ་རིན་པོ་ཆེ། །
ཁྱོད་ཀྱིས་ཅི་གསུངས་ཐམ་ཅད་བདེན་དུ་གྲུབ། །
ང་ནི་སྔར་བྱས་ལས་ལ་ཤིན་ཏུ་འགྱོད། །
འགྱོད་པའི་སེམས་ནི་རྒྱ་མཚོའི་རླབས་ལྟར་གཡོ། །
ལྷ་མོ་ཁྱོད་ལ་མཇལ་བ་སྐལ་བ་བཟང་། །
བཙུན་མོ་ཁྱོད་ཞལ་མཐོང་བ་སྔོན་ལས་བཟང་། །
གསུང་སྙན་རྣ་ཡིས་ཐོས་པ་བསོད་ནམས་བཟང་། །
དེ་རིང་འུ་ཅག་འཕྲད་པ་རྟེན་འབྲེལ་བཟང་། །
གལ་སྲིད་ཁྱིམ་ཐབ་ཁྱེད་འདྲ་ལོན་་པ་ན། །
རང་གཞན་ཀུན་ལ་ཕན་པའི་རྒྱུར་འགྱུར་བས། །
ད་ལྟ་ཉི་མ་དེ་རིང་ནས་བཟུང་སྟེ། །
ངས་ཀྱང་ལེ་ལོའི་བསམ་པ་རྣམ་སྤངས་ནས། །
ཤེས་བྱའི་གནས་ལ་སྦྱོང་བའི་དམ་བཅའ་འབུལ། །
བརྩེ་བས་གཟིགས་ཤིག་ལྷ་མོ་ཐུགས་རྗེ་ཅན། །
མཛའ་བ་མ་གཏོང་བཙུན་མོ་ངོ་མཚར་ཅན། །
དེ་ལྟར་ཞུས་པས་བཙུན་མོས་ལན་གསུངས་པ། །
དེས་ན་ཤིན་ཏུ་ལེགས་སོ་གཞོན་ནུ་བློ་གྲོས་ཅན། །
ལེ་ལོའི་བསམ་པ་འཕྲལ་མ་ཉིད་སྤངས་ནས། །
བརྩོན་འགྲུས་བློ་སྟོབས་ཆེར་ཆེར་བསྐྱེད་ནུས་ན། །
ལྔ་རིག་རྒྱན་གྱིས་མཛེས་པའི་བཙུན་མོ་ང་། །
རིང་མིན་ཁྱེད་ཀྱི་གྲོགས་སུ་འགྱུར་བར་ངེས། །
འོན་ཀྱང་ཁ་ཞེ་མི་མཐུན་རྫུན་པའི་ཚིག །
རང་གཞན་རྨོངས་པའི་ཕྱིར་དུ་སྨྲས་པ་ན། །
དུས་ཀྱི་ལག་ལེན་བདེན་གྱི་རལ་གྲི་ཡིས། །
རྫུན་ཚིག་མགོ་བོ་མྱུར་དུ་འབྲེག་པར་འགྱུར། །
དེ་རྣམས་མ་བརྗེད་གཞོན་ནུའི་ཐུགས་ལ་ཟུངས། །
རྗེས་སོར་མཇལ་བའི་སྨོན་ལམ་ཡང་ཡང་འདེབས། །
བཙུན་མོ་རིན་ཆེན་ཁབ་ཏུ་མ་ལོན་པས། །
ཕན་པའི་བསླབ་བྱ་རྣ་རྒྱབ་ལྷགས་པ་བཞིན། །
བོར་ལ་དཔའ་བའི་གཞོན་ནུ་ལེ་ལོ་ཅན། །
སྔར་བཞིན་རྣམ་གཡེང་བྱ་བས་ཉིན་མཚན་འདས། །
དེ་ལྟར་གཞོན་་པའི་ལང་ཚོ་རིམ་གྱིས་ཡལ། །
རྒས་པའི་ཕོ་ཉའི་འབོད་པ་མྱུར་དུ་སླེབས། །
དྲང་པོར་སྐྱེས་པའི་ལུས་པོ་ཐུར་དུ་སྒུར། །
ནག་པོར་སྐྱེས་པའི་སྐྲ་ལོ་དུང་ལྟར་དཀར། །
གཟུགས་རྣམས་འཛིན་བྱེད་མིག་གི་དྭངས་མ་ཉམས། །
སྒྲ་རྣམས་ཉན་བྱེད་རྣ་ཡི་དབང་པོ་འོན། །
ཚིག་རྣམས་སྨྲ་བའི་བདེ་མོ་ལྕེ་ཡང་ལྐུགས། །
མི་ཚེ་སྟོང་བར་ཟད་པའི་ལེ་ལོ་ཅན། །
འགྱོད་པ་དང་བཅས་དུར་གྱི་ཁུང་བུར་ཡིབ། །
ལེའུ་བདུན་པ། རྟ་མཆོག་རིན་པོ་ཆེ།
དེའི་ཚེ་ཤར་ཕྱོགས་ལྷུན་པོའི་རྩེ་མོ་ཡི། །
མཚམས་སྤྲིན་གསར་བའི་གདེངས་ཀ་མཐོན་པོ་ལས། །
གསེར་མདོག་འབར་བའི་རྟ་བདུན་གཞོན་ནུ་དེ། །
མ་རིག་མུན་པ་འཇོམས་པའི་གཉེན་པོར་འཁྲུངས། །
དགེ་མཚན་བྱེ་བས་སྣང་བྱས་ཐང་ཆེན་དུ། །
ལྔ་རིག་གནས་ལ་འཇུག་པའི་གཞོན་ནུ་རྣམས། །
བརྩོན་འགྲུས་རྟ་ལ་ལྕག་གིས་སྐུལ་བཞིན་པར། །
སྦྱངས་འབྲས་བང་རྩལ་འགྲན་པའི་དགའ་སྟོན་བྱེད། །
རྟ་མཆོག་རིན་ཆེན་གཏམ་བརྗོད་འདི་ནས་སྤྲོས། །
ཀྭ་ཡེ་གསོན་དང་གཞོན་ནུ་བརྩོན་འགྲུས་ཅན། །
ང་དང་ང་ངོ་ཁྱེད་ཚོས་ཤེས་མ་ཤེས། །
ང་དང་ང་ངོ་ཁྱེད་ཚོས་མ་ཤེས་ན། །
ང་ནི་བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ། །
ང་རྒྱལ་དབུ་འཕང་མཐོ་བའི་རྟིང་གནོན་ལ། །
ཁེངས་སྐྱངས་དངུལ་སྲབ་བྱི་རུའི་ཕྲ་ཅན་ཡོད། །
ཕྲག་དོག་དྲུག་ཞེང་རྒྱས་པའི་རྟིང་གནོན་ལ། །
གཟིག་རྨེད་ཐིག་ལེ་ཅན་གྱི་རི་མོ་ཡོད། །
ཉོན་མོངས་སྒལ་ཚིགས་འབུར་བའི་རྒྱབ་གནོན་་ལ། །
ཤེས་རབ་གསེར་སྒ་ཉི་ཟླ་ཁ་སྤྲོད་ཡོད། །
ཞེ་སྡང་གསུམ་ཤ་འདར་བའི་འཆིང་བྱེད་ལ། །
བཟོད་པ་རྒྱུན་བུའི་གློ་ཐག་ཕྲ་མོ་ཡོད། །
ལེ་ལོའི་སྒྲོག་ཏུ་ཚུད་པའི་ཉེན་བརྡ་ལ། །
དྲན་བསྐུལ་བློ་གྲོས་ལྕག་ཚན་མཉེན་མོ་ཡོད། །
ཡོན་ཏན་རྨིག་བཞི་རྒྱས་པའི་བང་ཁ་ལ། །
ཤེས་བྱ་རླུང་གི་སྤུ་གྲི་རྣོན་པོ་ཡོད། །
ང་འདྲའི་རྟ་མཆོག་འཛམ་བུ་གླིང་ལ་དཀོན། །
ཕུགས་བསམ་བརྩོན་འགྲུས་ལྡན་པའི་གཞོན་ནུ། །
རྟ་མཆོག་ང་ལ་ཁ་ལོ་སྒྱུར་བཞིན་པར། །
ཡོན་ཏན་ཐང་ཆེན་འཕྲེད་ཀྱིས་ཆོད་པར་ཤོག །
ཡུལ་འདིར་རིག་དར་འབྱོར་བ་ལྡན་པར་ཤོག །
མི་རྣམས་ཚེ་རིང་བདེ་སྐྱིད་འཛོམས་པར་ཤོག །
ཅེས་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཞེས་བྱ་བ་རེ་ཞིག་རྫོགས་པར་གྱུར་ཏོ། །